༄༅། །བཀའ་ཐང་སྡེ་ལྔ།
༨ ཁ་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས་འཕྲུལ་སྣང་གི་ལེའུ།
ལེའུ་སྔོན་མ།
ལེའུ་རྗེས་མ།

(༨ ཁ་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས་འཕྲུལ་སྣང་གི་ལེའུ།)

སྒོའི་ནང་ཁང་གནོད་སྦྱིན་ཀུ་བེ་ར་དང་སྲིན་པོའི་གཟུགས་ཀྱི་མདུན་ནས་རྐང་འདོམ་གང་ཚུར་ལ་བཅལ་བའི་ས་ན༔ མདའ་གང་གྲུས་པའི་སར་གཡམ་ལེབ་མདའ་གང་སྒོར་མོ་ཞིག་ཡོད༔ དེ་བཀོག་པའི་འོག་ན་རྡོ་སྒྲོམ་སོལ་བས་བཀང་བ་ཡོད༔ དེའི་དཀྱིལ་དུ་འཁར་བའི་བུམ་པ་སྦྲུལ་མགོ་ཅན་གྱི་ནང་ན༔ གསེར་དངུལ་མཚལ་གསུམ་འདྲེས་པ་བྲེ་ལ་བཅལ་བའི་ཁལ་གཅིག་ཡོད༔ འདོན་དུས་ནི་དབྱར་སྟོད་དམ་རྩི་ཐོག་རྒྱས་པའི་དུས་སུ༔ སྲུང་མ་གནོད་སྦྱིན་དང་སྲིན་པོ་ཀླུ་གསུམ་མཆོད་ལ་བཏོན་ཏེ་ལོ་གསུམ་དུ་གསངས་ལ་སྤྱད་དོ༔ གཞན་ཡང་གཙང་ཁང་བྱང་ངོས་མའི༔

2-81a

༄༅༔      ༔ཐུགས་རྗེ་ཆེན་པོ་དང་༔ རྟ་མགྲིན་དང་༔ སྒྲོལ་མ་དང་༔ ཁྲོ་གཉེར་ཅན་མ་བཞིའི་ཞབས་འོག་ན༔ ཀླུ་རྒྱལ་དང་༔ མདུན་གྱི་མཎྜལ་འོག་དང་གསུམ་ན༔ ནོར་དང་ལྷ་སའི་ལོ་རྒྱུས་ཀྱི་ཡིག་རིས་དང་༔ རྒྱལ་པོའི་ཞལ་གདམས་ཀྱི་སྐོར་མང་དུ་ཡོད་པ་འདིར་མ་སྨྲོས་པས་ཤོག་དྲིལ་གཞན་དུ་ཤེས༔ གཞན་ཡང་བར་གགས་དང་ཀེའུ་ཚང་ཆེ་ཆུང་གཉིས་ན༔ ཆོས་དང་ནོར་དང་ལྷ་མོ་གཟུགས་ཀྱི་སྙེ་མའི་སྒྲུང་ལ་སོགས་པ་ཐོག་མའི་སྒྲུང་འབུམ་དང་ལེའུ་དང་༔ ཆོས་སྐྱོང་རྒྱལ་པོའི་ཞལ་གདམས་ལ་སོགས་པ་ཡོད་དེ་ཤོག་དྲིལ་གཞན་དུ་ཤེས་སོ༔ གཏེར་བྱང་འདི་དག་ཐུ་མིས་ཡི་གེར་བཏབ་ནས་རྒྱལ་པོའི་ཕྱག་ཏུ་གཏད༔ རྒྱལ་པོས་མང་སྲོང་མང་བཙན་ལ༔ དེས་གུང་སྲོང་གུང་བཙན་ལ༔ དེས་རླུང་འཕྲུལ་གྱི་རྒྱལ་པོ་ལ༔ དེས་ཁྲི་ལྡེ་གཙུག་བཙན་ལ༔ དེས་ཁྲི་སྲོང་ལྡེའུ་བཙན་ལ༔ དེས་མཇིང་ཡོན་ལེགས་

2-81b

པའི་བློ་གྲོས་ལ་གཏད་དོ༔ དེའི་དུས་སུ་སློབ་དཔོན་པདྨ་འབྱུང་གནས་ཀྱི་ཞལ་ནས༔ རྗེ་ཉིད་ལ་སྲས་བདུད་ཀྱི་སྤྲུལ་པ་ཅིག་ད་སྟེ་ལོ་དགུ་བཅུ་ན་འཁྲུང་བར་གདའ༔ དེའི་རིང་ལ་ཁྲིམས་བཤིག་ནས་ཆོས་ནུབ་འགྲོ་བས༔ རྗེ་ཉིད་ཀྱི་ཆས་རྣམས་དང་ཡབ་མེས་ཀྱི་དཀོར་ནོར་གྱི་ཁ་བྱང་རྣམས༔ ཕྱི་རབས་ཀྱི་དོན་དུ་མི་བརླག་པའི་རྫས་ཀྱིས་བསྡམས་ལ༔ མི་ཤིགས་པའི་རྒྱས་བཏབ་སྟེ་སྦས་ནས་བཞག་ན༔ ཕྱི་མའི་དུས་སུ་ལས་འཕྲོ་ཅན་ཞིག་གིས་ཐོན་ནས་དར་ཞིང་རྒྱས་པར་འགྱུར་གསུངས་ཏེ༔ གཏེར་དུ་སྦ་བར་དགོངས་གོང་འོག་བསྡེབས་ནས་ཡི་གེར་བཏབ༔ སྲས་དང་རྒྱལ་བརྒྱུད་ལ་མ་གཏད་དོ༔ ཁ་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས༔ འཕྲུལ་སྣང་གི་ལེའུ་སྟེ་བརྒྱད་པའོ༔       ཐྲཐ྅རྦྱ།རྦྱ།༔