(༡༧ ཁ་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས་དཀོར་མཛོད་དང་སྐོར་འབངས་ཀྱི་ལེའུ།)
དེ་ནས་ཡང་དག་བཤད་བྱ་བ༔ དཔེ་དཀར་གླིང་གི་དཀོར་མཛོད་རྣམས་ཀྱི་ནང་༔ དཔའ་གཏུམ་སྟག་རྗེས་དམག་གིས་བཏུལ་བ་ཡི༔ མཐའ་ནས་ཕྲོགས་བླངས་ནོར་དང་རྫས་ཀྱི་རིགས༔ རིན་ཅེན་ནོར་དང་ཟབ་ཆེན་རྣམས་ཀྱིས་
བཀང་༔ སྦྲང་དང་བུ་རམ་མངར་བའི་དོས་རྣམས་དང་༔ སྟག་གཟིག་ལྤགས་པ་ཞ་ཉེའི་ཕ་བོང་དང་༔ ཟངས་ཀྱི་ཕ་བོང་ལྕགས་ཀྱི་ཞུན་ལིང་དང་༔ རིན་ཅེན་འཆིང་བུ་སྐོང་དང་མཚེའུ་མ༔ དབྱིག་གི་ལྟང་ཙེ་དོང་ཙེའི་རྒུན་འབྲུམ་དང་༔ ཟངས་ཆེན་མར་བཀང་ལྕགས་ཀྱི་སྣོད་རྣམས་དང་༔ གོས་དང་བལ་འཇམ་ཕྱུག་དང་ནས་ཀྱིས་མཛེས༔ ཤ་མར་ཐུམ་བག་སྣ་ཚོགས་ཟས་ཀྱིས་མཛེས༔ སྔ་གོས་འབྲི་བལ་ཤ་བའི་བལ་ལྤགས་དང་༔ ལུག་ཚིལ་ར་ཚིལ་རྟ་མར་གཡག་ཚིལ་མཛེས༔ གཡག་རྒོད་རྟ་ལུག་ཤ་གསུམ་གསར་རྙིང་མཛེས༔ འབྲས་ཆང་ནས་ཆང་གོ་ལ་ཞོ་དཀར་མཛེས༔ གང་ལ་གང་དགོས་ལོངས་སྤྱོད་བསམ་ཡས་སྤྱོད༔ གང་ལ་སྤྱི་དགོས་བསམ་ཡས་ཀུན་ལ་སྤྱོད༔ ལོངས་སྤྱོད་བསམ་ཡས་སྟོང་སྡེ་སྤྱི་ཡི་ནོར༔ རྒྱལ་བློན་བོད་མི་སྤྱི་མཐུན་ཡོངས་ཀྱི་ནོར༔ བཀའ་ཡི་བློན་འབངས་ཕྱག་ཚང་ནང་བློན་དང་༔ སྐུ་ཡི་གསོལ་ཀ་རྒྱལ་པོའི་གཉེར་གཏད་དང་༔
༄༅༔ ༔ཇོ་མོ་སྐུ་གཉེར་འབངས་ཀྱི་སོ་ཚིས་ལ༔ བཀའ་ཡི་ཕོ་བློན་འཁོར་ཕོ་འཁོར་མོ་དང་༔ རྟ་གཉེར་ཕྱུགས་སྡུད་ཆབ་བཞུགས་མེ་འདོན་དང་༔ དུར་སྲུངས་ལ་སོགས་ཡོངས་ཀྱིས་སྤྱོད་པའི་ནོར༔ བོད་ཁམས་སྟོང་སྡེ་སྤྱི་ཡི་དཀོར་མཛོད་ཡིན༔ རྒྱལ་པོའི་འཕྲིན་ལས་སྐུ་འཁོར་སྟོང་སྡེ་གསུམ༔ སྟོང་སྡེ་གཉིས་ལ་གཡོན་རུའི་བཀའ་བཏགས་དང་༔ ཆབ་འོག་བཀའ་བཏགས་དབུ་རུའི་སྟོང་སྡེ་ལྔ༔ གཡས་རུ་གཡོན་རུ་བཀའ་བཏགས་སྟོང་སྡེ་བདུན༔ སྟོང་སྡེ་བཅོ་བརྒྱད་བོད་ཁམས་གཞི་མའི་ས༔ དེ་ཡི་ཕྱི་རིམ་སྟོང་སྡེའི་སྡེ་ཚན་ལ༔ མོན་བོད་མཚམས་ཀྱི་སྟོང་སྡེ་བཞི་རྣམས་ནི༔ མདོ་ཁམས་སྨད་ཀྱི་སྟོང་སྡེ་རུ་པ་རྣམས༔ བཀའ་ལ་བཏགས་ནས་ལ་སྟོད་ལུང་པར་བཞག༔ རྒྱ་བོད་མཚམས་ཀྱི་སྟོང་སྡེའི་སོ་སྲུངས་རྣམས༔ སུམ་པའི་མི་སྡེ་བཀའ་ལ་བཏགས་ནས་ནི༔ མི་ཉག་ཡུལ་དུ་སོ་མཚམས་གཉེར་ལ་བསྐོས༔
སྟོང་སྡེ་དང་པོ་བོད་ཁམས་རུ་བཞི་བཏུལ༔ བོད་ཁམས་རུ་བཞི་ཕྱོགས་བཞི་མཚམས་བཞི་བཏུལ༔ རྒྱལ་པོའི་རིང་དུ་ཆབ་སྲིད་མངའ་རུ་བསྡུས༔ བོད་ཁམས་རྒྱལ་པོ་སྟོང་སྡེའི་ས་ཁུལ་ནི༔ ཡུལ་གྱི་མི་ལ་མི་སྡེའི་གྲངས་བཏབ་པ༔ སྟོད་ཀྱི་ཞང་ཞུང་སྟོང་སྡེ་བཅུ་གསུམ་ཡོད༔ ཕྱོགས་སུ་དམག་གིས་རྒྱ་ཡི་མཐའ་ལ་ཕུལ༔ བོད་ཁམས་རུ་བཞི་ཡུལ་གྱི་གྲངས་བཏབ་པ༔ དབུ་རུ་གཡས་རུ་གཡོན་རུ་རུ་ལག་བཞི༔ གཡས་རུའི་ཀླུངས་ལ་ཡུལ་སྡེ་བཅུ་དྲུག་ཡོད༔ བྱང་ཕུགས་ཏྲ་ཤད་ཟང་ཟང་སྟག་སྡེ་དང་༔ སྟག་རིས་མུས་ལྡོག་འཇད་དང་སྟ་ནག་དང་༔ ཞན་ཐག་ཤངས་དང་མོན་མཁར་གོ་ར་དང་༔ ལང་འགྲོ་སྤ་གོར་ཚུར་ཞོ་སྙེ་མོར་བཅས༔ དེ་རྣམས་གཡས་རུའི་ཡུལ་སྡེ་བཅུ་དྲུག་ཡིན༔ ནང་བློན་རྣམས་ཀྱིས་གྲངས་སུ་བཏབ་པའི་དུས༔ གཡོན་རུ་རུ་ལག་ཡུལ་གྲུ་བཅུ་དྲུག་ལ༔ དཔལ་མ་ཆད་ལུང་དིང་རི་སྲི་ཡུལ་དང་༔ མངའ་རིས་ཁྲི་དྲུག་འབྲི་མཚམས་
༄༅༔ ༔སྲས་ཀྱི་ཡུལ༔ ཀྲམ་ལུང་ཤབ་ལུང་ཉང་རོ་ཉང་སྟོད་དང་༔ གཙང་བཞི་རི་བོ་ཡུལ་གུ་བཅུ་དྲུག་ཡིན༔ དབུ་རུའི་ཡུལ་གྲུ་བཅུ་དྲུག་འདི་ལྟ་སྟེ༔ སྟོད་ཀླུང་ཕར་ཀྱང་ཀླུང་ཤོད་མལ་གྲོ་འདམ་དང་བ་ལམ་དང་༔ ངན་ལམ་རག་ནས་འབྲེང་དང་གཡུ་ཁུང་དབུས་སྐོར༔ གཞོལ་སྐུངས་འཕན་ཡུལ་རོང་ཤོད་ཕྲ་རྣམས་བཅུ་དྲུག་ཡིན༔ གཡོན་རུའི་ཡུལ་གྲུ་བཅུ་དྲུག་འདི་ལྟར་རོ༔ དྭགས་པོ་པ་རབ་གུང་པོ་ཡར་ཀླུངས་དང་༔ འགྲངས་ཏེ་གཉལ་ལོ་རོ་དང་འཁག་པ་དང་༔ རྟམ་ཤུལ་གྲ་ལུང་དོལ་གཞུང་དང་༔ ཡར་འབྲོག་ལ་སོགས་བཅུ་དྲུག་མིང་དུ་བཏགས༔ བོད་ཁམས་སྟོང་སྡེ་རྒྱལ་པོའི་བཀའ་ཁྲིམས་པ༔ རྗེ་ཡི་བཀའ་བློན་ཆབ་སྲིད་གཉའ་གནོན་ཡིན༔ ཁ་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས་དཀོར་མཛོད་གླིང་དང་དཀོར་འབངས་ཀྱི་ལེའུ་སྟེ་བཅུ་བདུན་པའོ༔ ཐྲཐ྅རྦྱ།རྦྱ།༔ ༔