༄༅། །བཀའ་ཐང་སྡེ་ལྔ།
༢༢ ཁ་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས་བྲག་དམར་ཟངས་ཡག་ནམ་མཁའི་རྫོང་གི་ལེའུ།
ལེའུ་སྔོན་མ།
ལེའུ་རྗེས་མ།

(༢༢ ཁ་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས་བྲག་དམར་ཟངས་ཡག་ནམ་མཁའི་རྫོང་གི་ལེའུ།)

དེ་ནས་ཡང་དག་བཤད་བྱ་བ༔ བདག་འདྲ་མུ་ཏིག་བཙན་པོ་ཡིས༔ སྤྱི་གཙུག་འབྲལ་བ་མེད་པ་རུ༔ དུས་གསུམ་རྒྱུན་དུ་མཆོད་པའི་གནས༔ རིན་ཅེན་ལྔ་ལས་བཞེངས་པ་ནི༔ སློབ་དཔོན་སྒྲུབ་གནས་བྲག་དམར་གྱི༔ ཟངས་གཡག་ནམ་མཁའི་རྫོང་ལ་སྦས༔ ཞེས་གསུངས་པས༔ སློབ་དཔོན་གྱི་སྐུ་ཚབ་མཐའ་མི་མགོན་བརྩོན་གྱིས་བཟོ་བྱས་པ་ནི༔ སློབ་དཔོན་ཨོ་རྒྱན་དུ་བཞུད་པར་དགོངས་པའི་དུས་སུ༔ རིན་པོ་ཆེ་སྣ་ལྔ་ལ་བཞེངས་པ༔ སློབ་དཔོན་གྱི་སྤྱན་སྔར་སྐུ་ཞལ་ལ་དཔེ་བླངས་པ༔ ཞལ་དངོས་དང་ཐ་མི་དད་པ༔ སློབ་དཔོན་གྱི་ཕྱག་གི་མཐེ་བོང་ཙམ་དུ་བཞེངས༔ རྒྱལ་པོའི་སྤྱན་སྔ་ནས་རིང་དུ་མི་བཞུགས་པ༔ སློབ་དཔོན་ཉིད་ཀྱིས་རབ་གནས་མཛད་པའི་དུས་སུ༔ ས་སྟེང་ཐམས་ཅད་འོད་ཟེར་རྣམ་པ་ལྔས་ཁྱབ་སྟེ༔ ས་གཡོས་ཤིང་ལྷ་སྲིན་རྣམས་ཀྱིས་མེ་

2-120a

༄༅༔      ༔ཏོག་གི་ཆར་ཕབ་པ་༔ སློབ་དཔོན་གྱི་སྐུ་དངོས་སུ་མངོན་པ་ཅིག་དང་༔ སྡེ་སྣོད་ཐམས་ཅད་ཀྱི་བཅུད་ཕྱུངས་པའི་མན་ངག༔ རྫོགས་པ་ཆེན་པོ་སྙིང་ཏིག་ཡང་གསང་བླ་ན་མེད་པའི་སྐོར༔ རྟགས་ཡིག་དང་ཚང་ཡིག་ཏུ་བྱས་པ༔ སེང་ལྡེང་གི་སྒྲོམ་བུའི་ནང་དུ་རྒྱས་བཏབ༔ ཚས་རིམ་པ་བདུན་གྱིས་གྲིལ་ནས་བཞུགས་སོ༔ སློབ་དཔོན་གྱི་སྒྲུབ་གནས༔ བོད་ཀྱི་རི་བོ་རྩེ་ལྔའི་རྫོང་རྩེ༔ ཙན་དན་ནགས་ཀྱི་ལྷོ་ནུབ་མཚམས༔ ལྷ་སྲིན་དངོས་སུ་འབྱུང་བའི་ས༔ མཁའ་འགྲོ་མ་རྣམས་ཀྱིས་སྔགས་ཀྱི་རང་སྒྲ་སྒྲོག་པའི་གནས༔ བྲག་དམར་ཟེ་མཐོན་མདུང་རྩེ་གནམ་དུ་བསླངས་པ་འདྲ་བའི་ཡང་ཐོག་ན༔ ཕ་བོང་བྱ་ཁྱུང་རི་རབ་ཀྱི་རྩེ་ལ་གཤོག་པ་བཅུམ་པ་འདྲ་བ་ཡོད༔ དེའི་མདུན་འདོམ་དོའི་ས་ན༔ བྲག་གླང་པོ་ཆེའམ་ཕག་པ་ཉལ་བ་འདྲ་བ་ཞིག་ཡོད༔ དེ་ནས་ལྷོ་ནུབ་ཏུ་འདོམ་གང་གི་སར་ཕ་བོང་ཁྱི་ཙམ་ཐག་ཐུག་རོང་དེ་བའི་གསེབ་ན༔

2-120b

སློབ་དཔོན་གྱི་བཞུགས་ཁྲི་རྫ་གཡམ་ལས་བྱས་པ་ཅིག་ཡོད༔ དེའི་མདུན་ན་རྡོ་རྒྱབ་ཚད་ཅིག་ལ༔ སློབ་དཔོན་ཐོག་མར་གནས་ཆེན་པོ་དེ་ཉིད་དུ་ཕྱགས་ཕེབས་པའི་ཞབས་རྗེས་ཡོད༔ གདན་ཁྲི་དེའི་རྒྱབ་ཡོལ་གྱི་ཚུལ་དུ་རྩིག་པ་གྲུ་བཞི་པ་ཅིག་ཡོད༔ དེའི་འོག་ན་རྡོ་ཟུར་ཅན་དཔལ་བཤོས་འདྲ་བ་ཞིག་ཡོད༔ དེའི་འོག་ཏུ་རྡོ་སྒྲོམ་སོལ་བས་བཀང་བའི་དཀྱིལ་དུ༔ རྡོ་སོལ་གྱི་རྫ་མ་ནས་ཚིགས་ཀྱིས་གང་བའི་ནང་ན༔ སེང་ལྡེང་གི་སྒྲོམ་བུ་ཚ་བསེས་གཏུམས་པ༔ དེའི་སྟེང་དུ་ཚ་ལས་གྲིལ༔ དེའི་སྟེང་དུ་ཆུ་དར་གྱིས་གྲིལ༔ དེའི་སྟེང་དུ་སྤྲ་ཚིལ་གྱིས་གྲིལ༔ དེའི་སྟེང་དུ་སྦྲུལ་ལྤགས་ཀྱིས་གཏུམས་པ༔ དེའི་ནང་ན་སློབ་དཔོན་གྱི་སྐུ་དང་༔ མན་ངག་སའི་སྟེང་ན་དཀོན་པ་མང་པོ་ཡོད་དོ༔ ཁ་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས་བྲག་དམར་ཟངས་གཡག་ནམ་མཁའི་རྫོང་གི་ལེའུ་སྟེ་ཉེར་གཉིས་པའོ༔       ཐྲཐ྅རྦྱ།རྦྱ།༔       ༔