༄༅། །བཀའ་ཐང་སྡེ་ལྔ།
ལེའུ་དང་པོ། ཞུ་བ་པོ་གསུམ་གྱི་ཞུ་དོན་ཉི་ཤུ་པ་བསྟན་པ།
ལེའུ་སྔོན་མ།
ལེའུ་རྗེས་མ།
4-1a

ༀ་       ༄༅༔       ༔ལོ་པཎ་བཀའི་ཐང་ཡིག་བཞུགས་སོ༔       ༔

4-1b

(ལེའུ་དང་པོ། ཞུ་བ་པོ་གསུམ་གྱི་ཞུ་དོན་ཉི་ཤུ་པ་བསྟན་པ།)

༄༅༅༔       ༔རཊཉཊྱརྒླཥཤུ༔ ཨོ་རྒྱན་གྱི་སྐད་དུ༔ མདུཉྱ།ཧ།ཅ།ཊྭཆ།ཉ༔བལ་པོའི་སྐད་དུ༔ ཊ།ཊཎཌཧ།ཉཟ།ཎ༔ རྒྱ་གར་སྐད་དུ༔ ཤ་མ་ན་ནི་ཀུན་ནི་རཾ་སུ་ཁཾ་ནཱ་མ༔ བོད་སྐད་དུ༔ དྱ།རྒཐཋ།རྦདྱཤནུ༔ ལོ་པཎ་བཀའི་ཐང་ཡིག་ཅེས་བྱ་བ༔ སྟོན་པ་གནས་དང་དུས་དང་འཁོར་དང་ཆོས༔ ཕུན་སུམ་ཚོགས་པ་ལྔ་ལ་ཕྱག་འཚལ་ལོ༔ རྟ་ལོ་སྟག་གི་ཟླ་བའི་བཅོ་ལྔའི་ཉིན༔ ཨོ་

4-2a

༄༅༔       ༔རྒྱན་ཆེན་པོ་པདྨ་འབྱུང་གནས་ཉིད༔ བསམ་ཡས་གཡོ་འབོག་ལྕང་མའི་ཁྲི་ལ་བཞུགས༔ གཡས་གྲལ་རྒྱ་གར་པཎ་ཆེན་བརྒྱ་རྩ་བརྒྱད༔ གཡོན་གྲལ་བོད་ཀྱི་ལོ་ཙཱ་བརྒྱ་རྩ་བརྒྱད༔ མདུན་གྲལ་རྒྱལ་བློན་བཙུན་མོ་འཁོར་བཅས་བཞུགས༔ རྒྱ་གར་རྒྱལ་པོ་སྣ་ཚོགས་བྷ་ར་ཧེ༔ བཟའ་བཏུང་་་་་་་མང་པོ་གཡོས་པ་ཆེར་བཤམས་ནས༔ ཕྱི་དང་ནང་དང་གསང་བའི་འདོད་ཡོན་ལྔ༔ སོ་སོ་རང་

4-2b

རང་ཆོས་ལུགས་མཐུན་པར་དྲངས༔ ས་སྟེང་དཀོན་པའི་ནོར་སྣ་ཁྱད་འཕགས་ཕུལ༔ རཏྣ་བརྒྱ་འབུལ་སྟོང་འབུལ་མང་པོ་བྱས༔ ཞུ་བ་པོ་ནི་བོད་ཀྱི་ལོ་ཙཱས་ཞུས༔ གུས་པའི་ཕྱག་འཚལ་གཟུགས་ནེམ་དམའ་སར་འདུག༔ སྙན་ངག་སྐུ་ཡི་ཆེ་བརྗོད་འདི་སྐད་གསོལ༔ འདྲེན་པའི་སྐྱེས་བུ་ཀོ་ཤའི་མཚོ་ལས་འཁྲུངས༔ དྲི་མེད་མདངས་ལྡན་དཔག་ཚད་འབུམ་ཕྲག་གཅིག༔ ཟླུམ་ལ་འཁྱིལ་བ་སྔོ་ལ་དངས་པའི་མཚོ༔ ཆུ་བོ་ཡོན་ཏན་བརྒྱད་དང་ལྡན་པ་ལ༔ མེ་ཏོག་ཨུ་དུམ་ཝཱ་ར་རིགས་ལྔ་སྐྱེས༔ ཉི་མའི་འོད་ཀྱིས་རྒྱ་མཚོའི་གཏིང་དུ་འགྲོ༔ རྒྱ་མཚོ་ཆེན་པོ་བྱིན་དང་ལྡན་པར་བྱེད༔ མཚན་མོ་རྒྱ་མཚོའི་གཏིང་ནས་ཁ་རུ་ཐོན༔ རི་ཀླུང་མེད་པ་འོད་ཀྱིས་གང་བར་བྱེད༔ པདྨའི་སྡོང་པོ་པང་གིས་མི་འཁྱུད་པ༔ ལོ་སྐོར་རེ་ན་གསར་རྙིང་བརྗེས་ནས་སྐྱེས༔ མེ་ཏོག་ཚད་ནི་ཤིང་རྟའི་འཕང་ལོ་ཙམ༔ དཔག་ཚད་གཅིག་དང་ཁོར་ཡུག་ཁྱབ་པ་ཡི༔ མེ་ཏོག་དམར་པོ་བྲམ་ཟེའི་རིགས་ལས་འཁྲུངས༔

4-3a

༄༅༔       ༔རང་བཞིན་གཙང་བས་ཆོ་གའི་རིག་བྱེད་མེད༔ རྣམ་དག་དཔལ་ལྡན་སངས་རྒྱས་པདྨར་སྐྱེས༔ བླ་མ་ཆེན་པོ་གསང་སྔགས་ཆེ་བའི་མཆོག༔ ཐུན་མོང་མངོན་པར་ཤེས་པ་ལྔ་རྣམས་གསུངས༔ སྐྱེ་འཆི་གཉིས་སྤངས་རྡོ་རྗེ་ལྟ་བུའི་སྐུ༔ ཁྱད་པར་མངོན་པར་ཤེས་པ་ལྔ་རྣམས་གསུངས༔ གཞོན་ནུ་བཙས་འདྲ་སྐུ་ལ་བགྲེས་རྒུད་མེད༔ བླ་མེད་མངོན་པར་ཤེས་པར་ཤེས་པ་ལྔ་རྣམས་གསུངས༔ ཚངས་པའི་གསུང་ནི་ཆོས་ཀྱི་སྒྲ་རུ་སྒྲོག༔ ཟག་བཅས་མངོན་པར་ཤེས་པ་ལྔ་རྣམས་གསུངས༔ ཡང་དག་དོན་གྱི་དགོངས་པའི་གདམས་པ་སྟོན༔ ཟག་མེད་མངོན་པར་ཤེས་པ་ལྔ་རྣམས་གསུངས༔ སྦྱོར་བརྒྱད་གནས་སུ་སྟོབས་པས་མཁའ་འགྲོའི་དཔོན༔ རྫུ་འཕྲུལ་མངོན་པར་ཤེས་པ་ལྔ་རྣམས་གསུངས༔ སྒྲོལ་བཅུ་ཆད་དུ་ཕྱིན་པས་ལྷ་འདྲེ་འཁོལ༔ འདས་པའི་མངོན་པར་ཤེས་པ་ལྔ་རྣམས་གསུངས༔ འཕགས་པའི་ནོར་བདུན་ཕྱུག་པས་དབུལ་ཕོངས་སྐྱོངས༔ མ་འོངས་མངོན་པར་

4-3b

ཤེས་པ་ལྔ་རྣམས་གསུངས༔ མི་བརྗེད་གཟུངས་ཐོབ་སངས་རྒྱས་གསུང་གླེང་སྒྲོག༔ ད་ལྟའི་མངོན་པར་ཤེས་པ་ལྔ་རྣམས་གསུངས༔ མཐོ་རིས་ཡོན་ཏན་བདུན་ལྡན་འགྲོ་ཀུན་འདུལ༔ མ་ངེས་མངོན་པར་ཤེས་པ་ལྔ་རྣམས་གསུངས༔ རིག་པའི་གནས་ལྔ་མ་རྨོངས་ཐམས་ཅད་མཁྱེན༔ བདེན་གཉིས་མངོན་པར་ཤེས་པ་ལྔ་རྣམས་གསུངས༔ ཐེག་པ་ཕྱོགས་མེད་ལྟ་སྤྱོད་ཟུང་དུ་འཇུག༔ མ་ཡེངས་མངོན་པར་ཤེས་པ་ལྔ་རྣམས་གསུངས༔ མངོན་པར་ཤེས་པ་དྲུག་ཅུ་གསུངས་པ་ཉིད༔ ལོ་པཎ་བཀའི་ཐང་ཡིག་གསུང་བར་ཞུ༔ ཞེས་ཞུས་སོ༔ རྒྱ་གར་རྒྱལ་པོ་སྣ་ཚོགས་བྷ་ར་ཧས༔ ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ལ༔ གུས་པས་ཕྱག་འཚལ་གཟུགས་ནེམ་དམའ་སར་འདུག༔ བོད་ཀྱི་རྒྱལ་པོའི་ཆེ་བརྗོད་འདི་སྐད་ལོ༔ ཨེ་མ་ཧོཿ ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན༔ ཐུགས་བསྐྱེད་དག་པའི་མངའ་བདག་བཀའ་དྲིན་ལ༔ སངས་རྒྱས་བསྟན་པ་བོད་དུ་དར་བར་མཛད༔ མཁན་

4-4a

༄༅༔       ༔ཆེན་སྡེ་ལྔ་སྤྱན་དྲངས་མི་དགེ་བསྡམས༔ སོ་སོ་ཐར་པ་བདུན་བརྒྱད་ལམ་ལ་བཀོད༔ སད་མི་མི་བདུན་བོད་ཀྱི་ཆེ་བ་བསྐྱེད༔ ལྟ་བ་དབུ་མ་སྤྱོད་པ་ཡོད་སྨྲའི་སྡེ༔ ནག་ཆོས་བཞི་སྤངས་བསྡུ་བ་རྣམ་བཞི་བསྡུས༔ བསྟན་པའི་གཞི་བཞག་དགེ་འདུན་སྡེ་མང་བཙུགས༔ སེམས་ཅན་བདེ་བྱེད་གསང་སྔགས་བླ་མེད་ཡིན༔ དུས་གསུམ་མཁྱེན་པའི་སློབ་དཔོན་པདྨ་འབྱུང་༔ སུམ་སྟོང་ལོན་ནས་བོད་ཡུལ་དབུས་སུ་བྱོན༔ བརྒྱ་དང་བཅུ་གཅིག་བོད་ཡུལ་དབུས་སུ་བཞུགས༔ ལྷ་འདྲེ་བཏུལ་ནས་སྐུ་རྟེན་བསམ་ཡས་བཞེངས༔ ལོ་པཎ་ཆེན་པོ་བརྒྱ་དང་རྩ་བརྒྱད་ཀྱིས༔ མདོ་སྔགས་བསྟན་བཅོས་མང་པོ་བོད་དུ་བསྒྱུར༔ ཐུགས་རྟེན་འཆད་གྲྭ་སྒྲུབ་བརྒྱུད་བསྟན་པ་བཙུགས༔ ཡོན་ཏན་ཅན་གྱིས་ས་ཡི་སྟེང་རྣམས་བཀང་༔ འཕྲིན་ལས་སངས་རྒྱས་བསྟན་ཞབས་གཏེར་གྱིས་སྐྱོང་༔ རྒྱལ་པོའི་དགོངས་བརྒྱུད་མ་ཆད་པ༔ རིག་འཛིན་བརྡ་བརྒྱུད་མ་

4-4b

ཆད་པ༔ མཁའ་འགྲོ་གཏད་བརྒྱུད་མ་ཆད་པ༔ ལུང་བསྟན་སྨོན་བརྒྱུད་མ་ཆད་པ༔ གྲུབ་ཐོབ་སྙན་བརྒྱུད་མ་ཆད་པ༔ གང་ཟག་ཆིག་བརྒྱུད་མ་ཆད་པ༔ ལོ་པཎ་བཀའི་ཐང་ཡིག་ཞུ༔ ཞེས་ཞུས་སོ༔ ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས༔ སངས་རྒྱས་གཉིས་པ་པདྨ་འབྱུང་གནས་ལ༔ གུས་པའི་ཕྱག་བཙལ་གསེར་བྱེ་ཕྱག་ཏུ་ཕུལ༔ ཨེ་མ་ཧོཿ སྣོད་བཅུད་སྐུ་གསུམ་ཞིང་ཁམས་གསུང་བར་ཞུ༔ དུས་གསུམ་སངས་རྒྱས་བྱོན་ཚུལ་གསུང་བར་ཞུ༔ ཐེག་པ་རིམ་པ་ཇི་ལྟར་གསུང་བར་ཞུ༔ ཐེག་པའི་ཤན་འབྱེད་གསུངས་ཚུལ་གསུང་བར་ཞུ༔ བཀོལ་མདོ་དྲུག་གི་རང་རང་ཉམས་སུ་ལེན༔ བཀའ་དང་བསྟན་བཅོས་དབྱེ་བ་བསྟན་པ་དང་༔ མདོ་དང་རྒྱུད་ཀྱི་དབྱེ་བ་བསྟན་པ་དང་༔ རྒྱུད་སྡེ་ཐ་དད་ངོས་འཛིན་བསྟན་པ་དང་༔ རྒྱུད་སྡེ་ཕྱི་ནང་ཁྱད་པར་གསུང་བར་ཞུ༔ སངས་རྒྱས་བསྟན་པའི་དར་ནུབ་བསྟན་པ་དང་༔ མདོར་བསྡུས་གཞི་ལམ་འབྲས་བུ་གསུང་བར་ཞུ༔ སེམས་ཀྱི་ངོ་བོ་ངེས་ཚིག་དབྱེ་བ་དང་༔ མཚན་ཉིད་གཞི་ལམ་ལྟ་སྒོམ་སྤྱོད་འབྲས་གང་༔ འཁོར་

4-5a

༄༅༔       ༔འདས་རྩ་བ་གང་ལགས་མདོ་གར་སྡུད༔ འགག་ནི་གར་སྡོམ་གནད་ནི་གང་དུ་བསྲེ༔ ཕུ་ཐག་གར་གཅོད་འགྲོ་ས་གང་དུ་གཏོང་༔ མཐའ་ནི་གར་ཐུག་ཐོབ་བྱ་གང་ཡིན་ལགས༔ སེམས་དང་ཡེ་ཤེས་ཁྱད་པར་གང་གིས་དབྱེ༔ སངས་རྒྱས་ཐུགས་རྗེ་འབྱུང་ཚུལ་ཇི་ལྟར་ལགས༔ ཚིག་ཉུང་གོ་བདེ་དོན་འདྲིལ་གསལ་བ་ཞིག༔ སྤྲུལ་སྐུ་པད་འབྱུང་ཁྱོད་ཀྱིས་གསུང་བར་ཞུ༔ ཞེས་གུས་ཕྱག་དགུ་སྤྲུགས་སུ་བཙལ་ནས་ཞུས་སོ༔ ལོ་པན་བཀའི་ཐང་ཡིག་ལས་ཞུ་བ་པོ་གསུམ་གྱིས་ཞུས་པ་ཞུ་དོན་ཉི་ཤུ་པའི་ལེའུ་སྟེ་དང་པོའོ༔       ཐྲཐཉྲརྦྱ།རྦྱ།༔       ༔