༄༅། །བཀའ་ཐང་སྡེ་ལྔ།
ལེའུ་གསུམ་པ། གཟུགས་མེད་རྣམ་བཞི་བཤད་པའི་ལེའུ།
ལེའུ་སྔོན་མ།
ལེའུ་རྗེས་མ།

(ལེའུ་གསུམ་པ། གཟུགས་མེད་རྣམ་བཞི་བཤད་པའི་ལེའུ།)

ཁམས་གསུམ་སེམས་ཅན་སྒྲུབ་ཚུལ་ནི༔ རྒྱུ་ནི་སེམས་ཉིད་ཐོག་མེད་ལ༔ རྒྱ་ཆད་ཕྱོགས་ལྷུང་མ་མཆིས་ཀྱང་༔ དེ་ཉིད་མ་འགས་རོལ་པ་ལས༔ ངོ་བོ་སྟོང་པའི་རང་བཞིན་གསལ༔ རྣམ་པ་འགག་མེད་ཅིར་ཡང་འཆར༔ དེ་ཉིད་རང་གིས་རང་མ་རིག༔ ཀུན་གྱི་སྲོག་རླུང་དང་བཅས་པས༔ ཁམས་གསུམ་སྐྱེ་བ་སྦྱོར་བར་བྱེད༔ དང་པོ་གཟུགས་མེད་རྒྱུ་རྐྱེན་དང་༔ ངོ་བོ་ངེས་ཚིག་དབྱེ་རྒྱས་ཚེ༔ རྒྱུ་ནི་དུག་གསུམ་མངོན་གྱུར་སྤངས༔ ཕྲ་བ་བག་ལ་ཉལ་དུ་ཡོད༔ རྐྱེན་ནི་འདུ་བྱེད་རྣམ་ཤེས་ཀྱིས༔ ནམ་མཁའ་མཐའ་ཡས་ལ་སོགས་བཞི༔ ཡུལ་དུ་བྱས་ན་དེར་སྐྱེ་བ༔ གཟུགས་མེད་ཅེས་བྱ་ཡིད་ལུས་སོ༔ ངོ་བོ་རྣམ་ཤེས་འདི་ཉིད་དུ༔ ཉེས་དམིགས་ཞི་བའི་ང་རྒྱལ་ཙམ༔

4-10a

༄༅༔       ༔ངེས་ཚིག་ཁམས་གསུམ་དངོས་མ་གྲུབ༔ གཟུགས་མེད་པས་ན་གཟུགས་མེད་ཁམས༔ དབྱེ་ན་སྐྱེ་མཆེད་མུ་བཞིའོ༔ བསམ་གཏན་བཞི་པ་ལ་བརྟེན་ནས༔ གཟུགས་ནི་རགས་བཅས་མི་ཞི་བར༔ མཐོང་བས་གཟུགས་ཀྱི་འདུ་ཤེས་ཏེ༔ དགའ་ཕྱིར་མཁའ་ལྟར་དམིགས་པ་གང་༔ ནམ་མཁའ་མཐའ་ཡས་ཞེས་བྱ་སྟེ༔ རྣམ་པར་ཤེས་དང་འདུ་བྱེད་ཀྱི༔ ཁྱད་པར་ལ་བརྟེན་དེ་ཐོབ་བོ༔ དང་པོ་གཟུགས་སྒྲ་རེག་བྱ་ཆོས༔ ཉེར་བསྡོགས་ཡིན་ཏེ་གཞན་མ་གསུམ༔ ཆོས་ལ་དམིགས་པ་ཁོ་ནར་སྐྱེ༔ རྣམ་ཤེས་མཐའ་ཡས་ཉིད་སྒོམ་པ༔ གོང་མ་ལས་ཀྱང་ཞི་བར་འདོད༔ རྣམ་ཤེས་ཉིད་ཀྱང་རེག་མཐོང་ནས༔ རྟོག་དེ་བཤིག་པས་ཅི་ཡང་མེད༔ ཡུལ་ལ་མཚན་མར་འཛིན་པ་ཡི༔ ཅི་ཡང་མི་རྟོག་ཡིད་མཐོང་ནས༔ རེ་ཞིག་ཡོད་མིན་མེད་མིན་ཏེ༔ བརྟན་པའི་རྣམ་པར་ཤེས་པ་དང་༔ ཉོན་མོངས་ཅན་ཡིད་གནས་པ་ཉིད༔ གང་དང་གོམས་པ་ལ་བརྟེན་ནས༔ གང་དུ་ཤི་བ་དེར་དེ་ཐོབ༔ དེར་ནི་

4-10b

བསྐལ་པ་ཉི་ཁྲི་དང་༔ བཞི་ཁྲི་དྲུག་ཁྲི་བརྒྱད་ཁྲི་རྣམས༔ ཚེ་ཡི་ཚད་དོ་འདི་དག་རྣམས༔ འདོད་གཟུགས་འདས་པ་བཞི་ཡིན་ཀྱང་༔ ཤེས་རབ་བྲལ་ན་ལོག་ཏུ་ལྟུང་༔ དེ་བས་མཁས་པ་བསམ་གཏན་པ༔ ཁམས་གསུམ་ལ་སྲེད་སུ་ཞིག་བྱེད༔ ཐེག་མཆོག་ཐོབ་པའི་སྙིང་རྗེ་ཅན༔ འདི་དག་ཏིང་འཛིན་ཐོབ་ནས་ཀྱང་༔ རོ་མྱང་མ་ཡིན་དེར་མི་སྐྱེ༔ འདོད་དང་གཟུགས་ཀྱི་ཆགས་བྲལ་ཡང་༔ བསམས་བཞིན་གཞན་ལ་ཕན་པར་བྱེད༔ གང་གི་སེམས་ཀྱི་དྲི་མ་དང་༔ འདུ་བྱེད་ལས་དང་ཉོན་མོངས་རྣམས༔ མ་རྟོགས་དགེ་དང་མི་དགེ་བར༔ ཐོག་མེད་དུས་ནས་རྗེས་ཞུགས་པས༔ ཟོ་ཆུན་བཞིན་དུ་ཁམས་གསུམ་འཁོར༔ དེ་མཐོང་ཁམས་གསུམ་སྲིད་བདེ་ལ༔ མ་ཞན་ཞན་པར་གྱུར་རྣམས་ལ༔ ཚད་མེད་རྣམ་བཞི་བསྐྱེད་པར་བྱ༔ ལོ་པཎ་བཀའི་ཐང་ཡིག་ལས༔ གཟུགས་མེད་རྣམ་བཞི་བཤད་པའི་ལེའུ་སྟེ་གསུམ་པའོ༔       ཐྲཐཉྲརྦྱ།རྦྱ།༔       ༔