༄༅། །བཀའ་ཐང་སྡེ་ལྔ།
ལེའུ་དྲུག་པ། ལྷ་མིན་གྱི་རྒྱུ་འབྲས་བཤད་པ།
ལེའུ་སྔོན་མ།
ལེའུ་རྗེས་མ།

(ལེའུ་དྲུག་པ། ལྷ་མིན་གྱི་རྒྱུ་འབྲས་བཤད་པ།)

ལྷ་མིན་སྐྱེ་བའི་རྒྱུ་རྐྱེན་ངོ་བོ་དང་༔ ངེས་ཚིག་དབྱེ་རྒྱས་གཟུགས་ཚེའི་ཚད༔ རྒྱུ་རྐྱེན་སྨོན་ལམ་མ་དག་པས༔ ངོ་བོ་ཕྲག་དོག་སེམས་མ་ཞི༔ ངེས་ཚིག་ལྷ་མིན་ལྷ་ལ་འགྲན༔ དབྱེ་ན་རིགས་གཉིས་ཡི་དྭགས་ཀྱི༔ ཁོངས་གཏོགས་བདུད་རིགས་རྫུ་འཕྲུལ་ཅན༔ དུད་འགྲོའི་འགྲོ་བར་གཏོགས་པ་ཡིན༔ རྒྱས་པར་བཤད་ན་རྣམ་བཞི་སྟེ༔ རྒྱ་མཚོར་ནུབ་པའི་རི་རབ་ནི༔ བརྒྱད་ཁྲི་བཞི་སྟོང་ལ་གནས་པ༔ སྣང་ལྡན་ཟླ་འཕྲེང་གནས་བཟང་པོ༔ མི་གཡོ་ཞེས་དང་རྣམ་པ་བཞི༔ ཀུན་ཀྱང་ཁྲི་ཕྲག་གཉིས་དང་སྟོང་༔ རིམ་བཞིན་གནས་ཏེ་དང་པོའོ༔ སྒྲ་གཅན་གནས་པའི་གྲོང་ཁྱེར་ནི༔ དཔག་ཚད་བརྒྱད་སྟོང་

4-20a

༄༅༔       ༔རང་བཞིན་གྲུབ༔ རང་བཞིན་ལོངས་སྤྱོད་སྣ་ཚོགས་ལྡན༔ ཕྱོགས་བཞིར་རྩེད་མོ་ཅན་ཚལ་དང་༔ རྒྱགས་པ་ངང་པ་ཁུ་བྱུག་ཅན༔ ཐམས་ཅད་དཔག་ཚད་བརྒྱད་པའོ༔ སྣ་ཚོགས་ལྗོན་པ་ལྟེང་ཀ་དང་༔ མེ་ཏོག་སྣ་ཚོགས་འབབ་ཆུས་བརྒྱན༔ བྱ་དང་བུང་བ་དུ་མས་གང་༔ དེ་ན་སྒྲ་གཅན་ཆུང་མར་བཅས༔ ཁྲག་ཁྲིག་བཅུ་གཉིས་བཅས་པ་ཡོད༔ དེ་ནི་སྔོན་ཚེ་བྲམ་ཟེར་གྱུར༔ སྦྱིན་ལ་བརྩོན་ཞིང་རིག་བྱེད་མཁས༔ རྒྱལ་བའི་མཆོད་རྟེན་མེ་ཤོར་བ༔ མཐོང་ནས་ཤིང་རྟ་སྟོང་ཕྲག་བཞིས༔ ཆུ་བསྐྱས་མཆོད་རྟེན་མ་ཚིག་བྱས༔ དད་པ་མེད་ཀྱང་འདི་སྐད་སྨྲས༔ འདི་ལ་བསོད་ནམས་ཡོད་དྲང་ན༔ འདོད་ཁམས་བདག་པོ་མཆོག་ཏུ་ཤོག༔ དེ་བརྗོད་ལྷ་མིན་དབང་པོར་གྱུར༔ དེ་འཁོར་སྐྱེ་བའི་ལྷ་མིན་རྣམས༔ གྲགས་པ་འདོད་ན་རྒྱལ་པོའི་བཀའ༔ རང་རིགས་བསྲུང་ཕྱིར་རི་དྭགས་ཉ༔ དེ་སོགས་སེམས་ཅན་སྲུང་བྱེད་ཅིང་༔ སྦྱིན་བྱས་མི་དགེ་གཞན་སྤྱོད་པ༔ ལས་དེས་དེར་སྐྱེས་སྣ་ཚོགས་ལུས༔

4-20b

འདྲེས་མའི་བདེ་མྱོང་ང་རྒྱལ་ཅན༔ མི་ལོ་ལྔ་བརྒྱ་ཞག་གཅིག་སྟེ༔ དེ་བགྲངས་རང་ལོ་ལྔ་སྟོང་ཡིན༔ བར་མ་དོར་ནི་འཆི་བ་ཡོད༔ དེ་ལྟར་ལྷ་མིན་དབང་པོ་སྟེ༔ ལྷ་གནས་ལྷ་དང་ཟླ་བ་དང་༔ རེ་འདོད་གཡུལ་འགྱེད་དེ་ཡི་ཚེ༔ རྫུ་འཕྲུལ་ལུས་ཀྱིས་ཟླ་བ་སྒྲིབ༔ དེ་དགྲ་རྣམ་གྲུབ་ཅེས་ཀྱང་གྲགས༔ གཉིས་པར་ལྷ་མིན་མགུལ་འཕྲེང་གི༔ སྔ་མ་ལས་ལྷག་གྲོང་ཁྱེར་ནི༔ ཉེ་ཚེ་དཔག་ཚད་བརྒྱ་སྟོང་ཡོད༔ ཕྱོགས་བཞིར་དགའ་བྱེད་མདངས་འཚེར་དང་༔ མི་སྣང་ཡིད་འོང་གསེར་རི་བཞི༔ སྐྱེད་ཚལ་བདུན་དང་བཅས་པ་ཡི༔ སྣ་ཚོགས་ལྗོན་པ་འབབ་ཆུར་ལྡན༔ གྲོང་ཁྱེར་དབུས་ན་ཀུན་མཐོང་མཚོ༔ ལས་མཐུན་མཐོང་སྟེ་མེ་ལོང་བཞིན༔ དེ་ལ་རྒྱལ་པོ་བསྟན་པ་ནི༔ ལྷ་མིན་ཁུ་མེ་དུ་མ་དང་༔ ལས་མཐུན་དེ་ལ་རྩོད་པར་བྱེད༔ སྔོན་ཚེ་ཕྱི་རོལ་ཆགས་བྲལ་ལ༔ སྦྱིན་པ་བཏང་བའི་འབྲས་བུས་སྐྱེས༔ སྡིག་བཅས་མཆོད་སྦྱིན་གང་བྱེད་པ༔ འཇིག་རྟེན་འབྲས་འདོད་དེར་འགྱུར་རོ༔ ཚེ་ནི་མི་ལོ་དྲུག་བརྒྱ་ལ༔ ཞག་གཅིག་

4-21a

༄༅༔       ༔ཡིན་ཏེ་རང་ལོ་ནི༔ དྲུག་སྟོང་བར་དུ་འཚོ་བ་ཡིན༔ དེ་ནས་གསུམ་པ་རྩེར་གནས་པའི༔ གྲོང་ཁྱེར་ཟབ་པ་བརྒྱད་སྟོང་ལ༔ གཡེར་ཁའི་འཕྲེང་དང་གསེར་འཕྲེང་ཚལ༔ མེ་འཕྲེང་འདྲེས་ཚལ་བཞི་ཡིས་བརྒྱན༔ གོང་མ་གཉིས་ལས་མཛེས་པ་ཡིན༔ དེ་ན་རྒྱལ་པོ་མེ་ཏོག་འཕྲེང་༔ ཁང་བཟང་སྐྱེད་ཚལ་དུ་མ་ན༔ ལྷ་མིན་བུ་མོ་རྣམས་ཀྱིས་མཆོད༔ སྟོབས་དང་ལོངས་སྤྱོད་དུ་མ་དག༔ སྔོན་ཚེ་ཚུལ་གཙང་མཆོད་པའི་མཐུས༔ ཐོབ་བོ་ཞེས་ནི་ཐུབ་པས་གསུངས༔ གཞན་ཡང་དེར་ནི་སྐྱེ་བའི་མཐུ༔ དུས་སྟོན་གྱད་དང་སིལ་ཁྲོལ་དང་༔ དགའ་མགྲོན་དེ་བཞིན་ཕུལ་བ་ཡིས༔ སྦྱིན་ལྡན་གནས་དེར་སྐྱེས་པ་ཡིན༔ མི་ལོ་བདུན་བརྒྱ་ཞག་གཅིག་སྟེ༔ བགྲངས་པས་མི་ལོ་བདུན་སྟོང་ཡིན༔ དེ་ལས་བཞི་པ་རབ་སྤྲོའི་གནས༔ གྲོང་ཁྱེར་མཛེས་པ་ཞེས་བྱ་བ༔ གསེར་གྱི་ས་གཞིའི་སྟེང་ན་གནས༔ དཔག་ཚད་བརྒྱད་སྟོང་རིན་ཅེན་བརྒྱད༔ རང་བཞིན་བཀྲ་ཞིང་རབ་མཛེས་པ༔ ལྗོན་པ་སྐྱེད་ཚལ་དུ་མ་དང་༔

4-21b

བྱ་དང་བུང་བ་མྱོས་པས་གང་༔ གྲོང་རྡལ་ལྟེང་ཀ་འབབ་ཆུར་བཅས༔ ལྷ་མིན་བུ་མོ་རབ་མཛེས་རྣམས༔ རིན་ཅེན་རྒྱན་གྱིས་རྣམ་པར་ཀླུབས༔ དེ་དག་བདག་པོ་ཐག་བཟང་རིས༔ རྩོལ་བ་ཆེ་ཞིང་སྟོབས་དང་ལྡན༔ རྫུ་འཕྲུལ་དང་ལྡན་འཇིགས་པ་མེད༔ བདེ་ལྡན་གཞན་ཡང་རབ་དགོད་ཅེས༔ བྱ་བ་སྟོབས་སྙོམས་ལྷག་པ་དང་༔ ང་རྒྱལ་ལྡན་བ་དེ་ཡང་གནས༔ ལྷ་མོ་གཞན་ལས་ལྷག་པ་ཡིན༔ དེ་འཁོར་ཀུན་སྤྲོ་དེ་རྣམས་ཀྱང་༔ སྟོབས་ཆེན་ལོངས་སྤྱོད་ལྡན་དཔག་མེད༔ རང་གི་ལས་ཀྱི་འབྲས་བུར་སྤྱོད༔ རྒྱལ་པོ་དེ་ཡི་ལས་སྤྱད་པས༔ ཡང་དག་ལྟ་བ་མི་ལྡན་ཀྱང་༔ ཚུལ་ལྡན་བསོད་སྙོམས་བྱིན་པ་དང་༔ འཇིག་རྟེན་དགེ་སྤྱོད་ལྡན་པས་གྲུབ༔ གཞན་དག་སྲེད་པ་ཚལ་དུ་ནི༔ སེམས་ཅན་གནོད་མེད་སྡུད་པ་དང་༔ རྩེ་གཅིག་སྦྱིན་པ་སྨན་པས་གྲུབ༔ དེ་ཕྱིར་བདེ་བའི་འབྲས་བུ་ཐོབ༔ ཚེ་ནི་མི་ལོ་བརྒྱད་བརྒྱ་ལ༔ ཞག་ཡིན་རང་ལོ་སྟོང་ཕྲག་བརྒྱད༔ དེ་ལྟར་དུད་འགྲོ་རྣམས་ལས་ནི༔ འཕོས་ཏེ་ལྷ་དང་མིར་སྐྱེས་ཀྱང་༔

4-22a

༄༅༔       ༔རང་རང་རྒྱུ་མཐུན་འབྲས་བུ་འབྱུང་༔ དེ་ཕྱིར་རྟག་ཏུ་མི་དགེ་སྤོང་༔ བག་ཡོད་དགེ་བ་བསྟན་པར་བགྱི༔ ལོ་པཎ་བཀའི་ཐང་ཡིག་ལས་ལྷ་མིན་རྒྱུ་འབྲས་བཤད་པའི་ལེའུ་སྟེ་དྲུག་པའོ༔       ཐྲཐཉྲརྦྱ།རྦྱ།༔       ༔