(ལེའུ་བདུན་པ། མི་རྣམས་ཀྱི་རྒྱུ་འབྲས་བཤད་པ།)
མིར་སྐྱེའི་རྒྱུ་རྐྱེན་ངོ་བོ་དང་༔ ངེས་ཚིག་དབྱེ་རྒྱས་གཟུགས་ཚེ་བརྟན༔ རྒྱུ་ནི་དགེ་བའི་ལས་ལས་འབྱུང་༔ རྐྱེན་ནི་ཁམས་དྲུག་རགས་སུ་སོང་༔ ངོ་བོ་སྨྲ་ཤེས་གོ་དོན་རིག༔ ངེས་ཚིག་བསོད་ནམས་བསགས་པའི་མི༔ དབྱེ་བ་མི་ལུས་ཙམ་པོ་དང་༔ གཙང་མ་དང་ནི་རིན་པོ་ཆེ༔ གླིང་བཞི་གླིང་ཕྲན་བརྒྱད་ཀྱི་མ༔ དེ་ཡང་རྒྱས་པར་བཤད་པ་ན༔ དང་པོ་བསྐལ་པ་འཇིག་པའི་ཚེ༔ མས་ཞབས་རིམ་གྱིས་འཇིག་པས་ཏེ༔ བཅུད་རྣམས་དམྱལ་ནས་རིམ་པ་བཞིན༔ གོང་དུ་འཕོ་དང་འཇིག་རྟེན་གཞན༔ འཕོ་བྱེད་མི་དང་ལྷ་རྣམས་ནི༔ བསམ་གཏན་རང་ཚད་ཉིད་བསྟེན་ནས༔ སེམས་ཅན་མས་ནས་ཅུང་ཟད་དེ༔ དེ་ནས་ཉི་མ་རབ་ཚ་བས༔ རྩི་ཤིང་འབབ་ཆུ་ཆུ་བོ་བཞི༔ མ་དྲོས་རྒྱ་མཚོ་བ་ཚྭ་ཅན༔
ལྷུན་པོ་རི་རབ་བདུན་པོ་ཡིས༔ འབར་བྱས་ཚངས་གནས་བར་དུ་སྲེག༔ བསམ་གཏན་དང་པོ་གཉིས་པ་གསུམ༔ རྟོག་བྱེད་དགའ་བདེ་རླུང་རྒྱུ་བའི༔ སྐྱོན་གྱིས་མེ་ཆུ་རླུང་གིས་འཇིག༔ མེ་ཡིས་བདུན་ལ་ཆུ་ཡིས་འཇིག༔ དེ་ལྟར་ཆུ་བདུན་ཐལ་ནས་ནི༔ མཇུག་ཏུ་རླུང་གིས་འཇིག་པར་འགྱུར༔ དེ་ལྟར་བར་བསྐལ་ཉི་ཤུར་འཇིག༔ བར་བསྐལ་ཉི་ཤུར་སྟོངས་པར་བྱེད༔ ཆགས་ཚེ་ཡས་རིམ་ཆགས་པས་ཏེ༔ བསམ་གཏན་གསུམ་པ་གཉིས་པ་དང་༔ དེ་ནས་འདོད་ལྷ་རིགས་དྲུག་དང་༔ རི་རབ་གླིང་དང་བཅས་པས་བཏེག༔ ཐ་མར་འཛམ་བུ་གླིང་ཆགས་སོ༔ ཕྱི་སྣོད་ཆགས་པར་བར་བསྐལ་གཅིག༔ ནང་བཅུད་ཆགས་པར་བཅུ་དགུ་འགོར༔ འདི་གོང་བསྐལ་པ་མེ་ཡིས་བསྲེགས༔ དེ་ནས་རིམ་པར་ཆགས་པ་སྟེ༔ བསམ་གཏན་དང་པོ་མན་ཆད་ནི༔ འོད་གསལ་ལྷ་ལས་རིམ་པར་ཆད༔ ཁྱད་པར་འཛམ་གླིང་དང་པོའི་མི༔ སྐྱེ་བ་བཞི་ལས་རྫུས་ཏེ་སྐྱེས༔ ལུས་ཀྱང་དཔག་ཚད་ཙམ་པ་ལ༔ རང་གི་འོད་དང་ལྡན་
༄༅༔ ༔པ་ལ༔ འགྲོ་ཚེ་རྫུ་འཕྲུལ་མཁའ་ལ་འགྲོ༔ ཟས་སུ་དགའ་བ་ཟ་བཞིན་དུ༔ ཚེ་ཡང་དཔག་ཏུ་མེད་པ་ཐུབ༔ དགྲ་གཉེན་རྩོད་འཐབ་ལ་སོགས་མེད༔ བདེ་སྐྱིད་དགའ་ལྡན་ལྷ་དང་མཉམ༔ དེ་ལྟར་ཡུན་རིང་གནས་པ་ལ༔ སྟོང་ཕྲག་རེ་ནས་ལོ་རེ་བྲི༔ ཚེ་ཡང་བྱེ་བ་ཙམ་དུ་སོང་༔ འདི་དུས་སྐྱེ་བཞི་སྒོང་སྐྱེས་བྱུང་༔ ཟས་སུ་འབྱུང་བའི་དངས་མ་ཟ༔ ས་ཡི་དངས་མ་ས་ཞག་དང་༔ ཆུ་ཡི་དངས་མ་པདྨའི་འབྲུ༔ མེ་ཡི་དངས་མ་ཤིང་འབྲུ་དང་༔ རླུང་གི་དངས་མ་ག་བུར་དང་༔ གོས་སུ་ཤིང་བལ་འདབ་མ་གྱོན༔ ཉོན་མོངས་བག་གིས་སྐྱེས་པ་ཡིས༔ ལུས་ཀྱི་འོད་ཀྱང་རིམ་གྱིས་ནུབ༔ ཟོས་པ་ཆེ་རྣམས་ཁ་དོག་ངན༔ བཟང་གིས་ངན་ལ་ཁྱད་གསོད་ཅིང་༔ ང་རྒྱལ་མི་དགེས་དངས་མ་ནུབ༔ བསོད་ནམས་རིམ་གྱིས་ཆུང་དུ་སོང་༔ བརྒྱད་བརྒྱ་ལོན་ཅིང་ལོ་རེ་བྲི༔ མི་ཡི་ཚེ་ཡང་འབུམ་ལ་ཐུག༔ མྱུ་གུའི་ཚལ་དང་ལྗོན་ཤིང་ཟ༔ མི་རེ་སྐྱེས་ཚེ་ཤིང་རེ་སྐྱེས༔ འབྲས་བུ་ཟ་ཞིང་པགས་པ་གྱོན༔
མི་རེ་ཤི་ཚེ་ཤིང་ཡང་བསྐམས༔ འདི་དུས་འགྲོ་རྣམས་རླུང་གིས་བཏེག༔ འདོམ་གང་ས་ལ་མ་རེག་འགྲོ༔ ཟོས་པ་ཆེ་ཆུང་མགྱོགས་བུལ་བྱུང་༔ ཁྱད་གསོད་ཞེ་སྡང་དེ་ཡང་ནུབ༔ འོད་ནི་ཆག་གང་མི་བདུན་མཐོང་༔ དྲུག་བརྒྱ་རེ་ནས་ལོ་རེ་བྲི༔ ཚེ་ཡང་བརྒྱད་ཁྲི་པ་ལ་ཐུག༔ ལུས་ཀྱི་འོད་ཡལ་མུན་པ་བྱུང་༔ སྤྱི་མཐུན་བསོད་ནམས་སངས་རྒྱས་མཐུས༔ མུན་པ་སེལ་བྱེད་ཉི་ཟླ་བྱུང་༔ འདི་དུས་སཱ་ལུའི་ལྗང་བ་ཟ༔ འདོད་ཆགས་རྒྱུ་ལངས་གནས་འདོད་ཆགས༔ བལྟས་ཚིམས་འདོད་ཆགས་ལོ་བརྒྱ་བྱུང་༔ དགོད་ཚིམ་འདོད་ཆགས་དྲུག་ཅུའི་བར༔ བཅངས་ཚིམ་འདོད་ཆགས་ལྔ་བཅུའི་བར༔ འཁྱུད་ཚིམ་འདོད་ཆགས་བཞི་བཅུའི་བར༔ དེ་ནས་ཕོ་མོའི་དབང་པོ་དོད༔ གཅིག་ལ་གཅིག་གིས་ཆགས་སེམས་སྐྱེས༔ སྤྱད་པས་ཀུན་གྱིས་དེ་ལ་བལྟས༔ ཕར་སྐྱོར་ཚུར་སྐྱོར་འཇག་མ་བཀབ༔ ཁྱིམ་ལ་སྔ་བ་འཇག་སྤྱིལ་བྱུང་༔ དེ་དུས་སྐྱེ་བ་མངལ་ནས་བྱུང་༔ གོས་སུ་རལ་བལ་ཤིང་བལ་གྱོན༔ ཟས་སུ་ནམ་ཟ་
༄༅༔ ༔ལེན་པ་ལ༔ རྒྱུད་ངན་ཞག་རེས་དུས་རེར་བླངས༔ དེ་ལྟར་ཀུན་གྱིས་ཟླ་ལོར་བླངས༔ དེ་ལྟར་གསོག་འཇོག་བྱས་པ་ཡིས༔ ཕུག་མ་ཐུན་ཆུང་མི་སྐྱེའོ༔ ང་བདག་བཟུང་ཞིང་མ་འཆམ་པར༔ ང་དང་ཁྱོད་ཀྱི་མུ་རྡེ་སྦྲེལ༔ ལས་ངན་སེམས་ཅན་མ་བྱིན་བླངས༔ སེམས་ཅན་ལྟ་སྡུག་བསོད་ནམས་ཅན༔ གོང་མི་བཅོས་ནས་བདག་པོ་བསྐོས༔ མང་པོས་བཀུར་བའི་རྒྱལ་པོར་གྲགས༔ ཚུལ་ཁྲིམས་ཤེས་རབ་ཉམས་ལེན་ཅིང་༔ སྐྱེ་རྒུ་མགུ་བྱེད་ཉམས་པ་སྐྱོང་༔ འདི་དུས་སེམས་ཅན་ཅེས་སུ་འབོད༔ མང་བཀུར་ཡར་དེད་ལྷ་དགུ་ལ༔ མང་ཡབ་ལྷ་ཆེན་རྒྱལ་བ་ཡིན༔ དེ་ཡབ་ལྷ་ཆེན་དབང་པོ་ཡིན༔ དེ་ཡབ་ལྷ་ཆེན་གཟི་ལྡན་ཡིན༔ དེ་ཡབ་ལྷ་ཆེན་དུང་སྐྱོང་ཡིན༔ དེ་ཡབ་ལྷ་ཆེན་དྲི་མེད་ཡིན༔ དེ་ཡབ་གཤེད་རྗེ་ཆེ་ཆུང་ཡིན༔ དེ་ཡབ་ལྷ་ཆེན་བཟང་པོའོ༔ མང་པོས་བཀུར་བུ་འོད་མཛེས་དུས༔ སེམས་ཅན་མིང་ནི་ཚུར་ཤོག་ལགས༔ དེ་སྲས་དགེ་བ་སྨེ་བ་ཅན༔ དེ་སྲས་དགེ་མཆོག་སྤྲིན་ཆེན་
པོ༔ གསོ་སྦྱོང་འཕགས་དུས་ཏཱ་ལའི་རྐང་༔ དེ་ཡི་སྤྱི་བོའི་ཤ་ལྦ་ལས༔ རྒྱལ་པོ་སྤྱི་བོ་སྐྱེས་འཁྲུངས་ཏེ༔ སུམ་ཅུ་རྩ་གསུམ་མན་ལ་དབང་༔ སེམས་ཅན་མིང་ནི་ཡིད་ལས་སྐྱེས༔ དེ་ཡི་བརླ་གཡས་ཤ་ལྦ་ལས༔ མཛེས་པ་གསེར་འཁོར་གླིང་བཞི་བདག༔ དེ་ཡི་བརླ་གཡོན་ཤ་ལྦ་ལས༔ ཉེ་མཛེས་དངུལ་འཁོར་གླིང་གསུམ་དབང་༔ དེ་ཡི་རྐང་གཡས་མཛེས་ལྡན་དེ༔ ཟངས་ཀྱི་འཁོར་ལོ་གླིང་གཉིས་དབང་༔ དེ་ཡི་རྐང་གཡོན་ཉེ་མཛེས་ལྡན༔ ལྕགས་ཀྱི་འཁོར་ལོ་གླིང་གཅིག་དབང་༔ འཁོར་ལོ་ནོར་བུ་བཙུན་མོ་དང་༔ བློན་པོ་དམག་དཔོན་གླིང་པོ་རྟ༔ རྒྱལ་སྲིད་བདུན་ཏེ་ཉེ་བ་ཡང་༔ རལ་གྲི་པགས་པ་ཁྱིམ་དང་ནི༔ ཚལ་དང་གོས་ལྷམ་མལ་ཆ་བདུན༔ འདི་རྣམས་འཁོར་ལོས་སྒྱུར་ལ་བྱུང་༔ དེ་ནས་ཉི་ཤུ་རྩ་དགུའི་མཐའ༔ རྒྱལ་པོ་ལག་བརྐྱངས་བརྒྱད་ཁྲིའི་དུས༔ སངས་རྒྱས་འཁོར་བ་འཇིག་བྱོན་ཏེ༔ དེ་བརྒྱུད་འབུམ་དང་བདུན་ཁྲི་དང་༔ བཞི་སྟོང་ཐ་མ་ཚངས་སྦྱིན་ཏེ༔ བཞི་ཁྲིའི་དུས་སུ་གསེར་
༄༅༔ ༔ཐུབ་བྱོན༔ དེ་ཡི་བརྒྱུད་པ་བདུན་འབུམ་དང་༔ དགུ་ཁྲི་བརྒྱ་དང་ཞེ་བརྒྱད་ན༔ རྒྱལ་པོ་ཀྲྀ་ཀི་ཉི་ཁྲིའི་དུས༔ བདེ་བར་གཤེགས་པ་འོད་སྲུངས་བྱོན༔ དེ་བརྒྱུད་བརྒྱ་ནི་གྲུ་འཛིན་བྱོན༔ ཐ་མ་རྒྱལ་པོ་རྣ་བ་ཅན༔ སྲས་གཉིས་བྷ་ར་དྷྭ་ཛས་བཀྲོངས༔ གཽ་ཏམ་ཁུ་བ་སྒོ་ངར་གྱུར༔ བུ་རམ་ཤིང་གསེབ་ཉི་མས་སྨས༔ བུ་རམ་ཤིང་གྲགས་བརྒྱ་ཐམ་པ༔ གྲུ་འཛིན་འབྱུང་བ་འཕགས་སྐྱེས་བུ༔ སྐར་མདའ་གདོང་དང་ལག་ན་དང་༔ གླིང་པོ་ཆེ་འདུལ་རྐང་གདུབ་ཅན༔ རྒྱལ་སྲིད་མ་ཐོབ་མཐའ་ལ་སྦྱགས༔ མིང་སྲིང་འདུས་པས་ཤཱཀྱ་ཞེས༔ མཇུག་ཏུ་གཞན་གྲོངས་རྒྱལ་ས་བཟུང་༔ རྐང་གདུབ་བརྒྱུད་པ་ལྔ་ཁྲི་དང་༔ ལྔ་སྟོང་བཅུ་གཅིག་གསེར་སྐྱར་བྱུང་༔ ཐ་མ་གཞུ་བརྟེན་དེ་ཉིད་སྲས༔ སེང་གེ་འགྲམ་དང་སེང་གེ་སྒྲ༔ སེངྒེ་འགྲམ་ལ་བུ་བཞི་སྟེ༔ ཟས་གཙང་ཟས་དཀར་བྲེའོ་ཟས༔ བདུད་རྩི་ཟས་སོ་ཟས་གཙང་སྲས༔ བཅོམ་ལྡན་འདས་དང་གཅུང་དགའ་བོ༔ ཟས་དཀར་ལ་ཡང་བུ་གཉིས་
ཏེ༔ ཚེ་དང་ལྡན་པ་རྒྱལ་བ་དང་༔ ཤཱཀྱ་རྒྱལ་པོ་བཟང་ལྡན་ནོ༔ བྲེ་ཟས་བུ་གཉིས་མིང་ཅན་དང་༔ ཚེ་དང་ལྡན་པ་མ་འགགས་པའོ༔ བདུད་རྩི་ཟས་ལ་བུ་གཉིས་ཏེ༔ ཀུན་དགའ་བོ་དང་ལྷས་བྱིན་ནོ༔ སྒྲ་གཅན་འཛིན་ནི་བཅོམ་ལྡན་སྲས༔ གྲགས་འཛིན་མ་ལ་འཁྲུངས་པའོ༔ ཤཱཀྱ་དྲིལ་སྒྲའི་བུ་མོ་ཡིན༔ སྲིད་པའི་བགྲང་བརྒྱུད་དེ་རུ་ཆད༔ གླིང་གསུམ་ལོངས་སྤྱོད་ལྡན་པས་ཏེ༔ འཛམ་གླིང་ལས་ཀྱི་ས་པར་གྲགས༔ ཁྲུ་བརྒྱད་བཅུ་དྲུག་སུམ་ཅུ་གཉིས༔ ནུབ་བྱང་ཤར་གྱི་ལུས་ཆད་ཡིན༔ ཆེ་ན་བརྒྱ་ཕྲག་ཕྱེད་དང་གསུམ༔ ཤར་ཡིན་ནུབ་བྱང་ཕྱེད་འཕགས་སོ༔ འདི་ནི་དཔག་མེད་ཚེ་ལོ་བཅུ༔ ལུས་ཀྱང་དེ་བཞིན་མཚུངས་གྱུར་ཏེ༔ ཕྱེད་དང་བཞི་དང་ཁྲུ་བཞིར་གྲགས༔ སྒོང་སྐྱེས་རྫུས་སྐྱེས་དྲོད་གཤེར་མངལ༔ ཤར་བྱང་ནུབ་དང་ལྷོ་རིམ་བཞིན༔ སྦྱིན་དང་ཚུལ་ཁྲིམས་མཐུ་ལས་གྲུབ༔ བདེ་སྡུག་དགེ་དང་མི་དགེ་བའི༔ རྣམ་སྨིན་ལས་ཀྱི་སྐྱེ་དབང་འབྲས༔ ཡུལ་སྣང་ཐུན་མོང་ཐུན་མོང་མིན༔ གང་གི་སྟོབས་
༄༅༔ ༔ཀྱིས་སྐྱེ་ནུས་བྱས༔ དེ་བཞིན་སོ་སོར་ཉམས་སུ་མྱོང་༔ སྐྱེ་རྒ་ན་དང་འཆི་བ་ཡིས༔ རྟག་ཏུ་སྡུག་བསྔལ་གནོད་པར་བྱེད༔ དྲག་པོ་འོད་དཀར་ཁྲུང་ཁྲུང་དང་༔ ཟླ་བ་ལྷ་མིན་མིའམ་ཅི༔ གསུངས་པ་གླིང་རྣམས་དུ་མ་རྣམས༔ སྣ་ཚོགས་ལས་ཀྱིས་བསྐྱེད་པའོ༔ ཐམས་ཅད་སེམས་ཀྱིས་བཟོས་པ་ཡིན༔ བར་སྲིད་ངོ་བོ་མ་རིག་པ༔ ངེས་ཚིག་རང་གིས་རང་མ་རིག༔ དབྱེ་བ་བར་དོ་བཞིའམ་བདུན༔ སྐྱེ་འཆི་རྨི་ལམ་ཏིང་འཛིན་སྲིད༔ ཆོས་ཉིད་འོད་གསལ་ཀུན་གཞིའོ༔ མ་གཏོགས་འཁོར་བར་དམ་དུ་འཁོར༔ སོ་སོར་མཐོང་ཞིང་ངོ་མ་ཤེས༔ དེ་ཉིད་གཞན་ནས་འཚོལ་བྱེད་པ༔ སྦྲང་མ་ཆང་འཚོལ་ལྟ་བུར་འཁྲུལ༔ རྩོལ་བ་བྱ་བྱེད་ཀྱིས་བཅིངས་པ༔ གླང་པོ་འདམ་ལ་བྱིང་བ་བཞིན༔ ལྡབ་པ་རེ་ལྟོས་ཀྱིས་བསླུས་པ༔ ནད་ལ་སྨན་ལོག་སོང་བ་བཞིན༔ དེ་མ་ཡིན་ལ་དེར་སྣང་བ༔ སྨིག་སྒྱུ་ཆུ་རུ་མཐོང་བ་བཞིན༔ མེད་པར་ཡོད་པའི་བློ་སྐྱེས་པ༔ གྲོགས་པོ་ཐག་རིང་
ཤི་བ་བཞིན༔ མིན་པ་ཡིན་པར་ཐག་བཅད་པ༔ ཚོང་ཕྲུག་ནོར་ངོ་མ་ཤེས་བཞིན༔ ནུས་པ་མར་འགྲོའི་ལས་སོང་བ༔ གཤེད་མས་ཁྲིམས་མུན་ཁྲིད་པ་བཞིན༔ ཅི་བསམ་ལོག་པར་སོང་བ་ནི༔ བུ་ཆུང་སྤུ་གྲི་ངར་རྩེ་བཞིན༔ འོད་ལ་གཞལ་ཡས་ཁང་མཐོང་བ༔ ཕྱེ་མ་ལེབ་དང་མེ་མར་བཞིན༔ དངོས་གྲུབ་རེ་ལྟོས་ཀྱིས་བསླུས་པ༔ སྤྲེའུ་ཁྲོན་ནང་ཕྱིན་པ་བཞིན༔ རྟོགས་ན་སེམས་ཉིད་ཆོས་ཀྱི་སྐུ༔ སྣང་བ་མེད་ལ་འདུག་ན་ནི༔ ཐེག་པ་གསུམ་གཞག་ག་ལ་ཡོད༔ སེམས་ཙམ་དང་ནི་སྣང་མེད་དང་༔ སངས་རྒྱས་ས་དང་གནས་རྣམས་ནི༔ དེ་དག་སངས་རྒྱས་རྣམས་ཀྱིས་བཤད༔ ས་བདུན་དག་ནི་སེམས་ཡིན་ཏེ༔ སྣང་བ་མེད་ན་བརྒྱད་པའོ༔ སེམས་ནི་ཀུན་གཞིའི་རྣམ་ཤེས་ཏེ༔ རང་སེམས་ཉིད་ནི་ཡིད་བཞིན་ནོ༔ གང་གི་ཡུལ་རྣམས་འཛིན་པ་ནི༔ དེ་ནི་རྣམ་པར་ཤེས་ཞེས་བྱ༔ སེམས་ནི་རྟག་ཏུ་ལུང་མ་བསྟན༔ དེ་ཡི་ཐབས་ལ་འབད་པར་བྱ༔ ལོ་པཎ་བཀའི་ཐང་ཡིག་ལས༔ མི་རྣམས་ཀྱི་རྒྱུ་འབྲས་བཤད་
༄༅༔ ༔པའི་ལེའུ་སྟེ་བདུན་པའོ༔ ཐྲཐཉྲརྦྱ།རྦྱ།༔ ༔