༄༅། །བཀའ་ཐང་སྡེ་ལྔ།
ལེའུ་དགུ་པ། ཡི་དྭགས་ཀྱི་རྒྱུ་འབྲས་བཤད་པ།
ལེའུ་སྔོན་མ།
ལེའུ་རྗེས་མ།

(ལེའུ་དགུ་པ། ཡི་དྭགས་ཀྱི་རྒྱུ་འབྲས་བཤད་པ།)

ཡི་དྭགས་ངོ་བོ་ངེས་ཚིག་དང་༔ དབྱེ་བ་གནས་དང་རྒྱུ་འབྲས་བཤད༔ ངོ་བོ་བཀྲེས་འཕོངས་སྡུག་བསྔལ་བ༔ ངེས་ཚིག་ཟས་སྐོམ་ཡིད་ལ་བཏགས༔ དབྱེ་ན་རིགས་ནི་དཔག་མེད་ཀྱང་༔ བསྡུ་ན་སུམ་ཅུ་རྩ་དྲུག་གོ༔ གནས་ན་གནས་དང་ཁ་འཐོར་གཉིས༔ གནས་ནི་འདི་ནས་ས་འོག་ཏུ༔ དཔག་ཚད་ལྔ་བརྒྱ་འདས་ནས་ཡོད༔ དེ་ན་གཤིན་རྗེའི་རྒྱལ་པོ་ནི༔ དྲག་པོའི་ལས་ནི་འདྲེས་མ་ལས༔ བྱུང་ཞིང་ལས་ནི་སྒྲོག་པར་བྱེད༔ གཞན་རྣམས་རྒྱུ་འབྲས་བཅས་ཏེ་བཤད༔ སྲོག་གཅོད་ནོར་ནི་འཕྲོགས་པ་གང་༔ ལྟོ་སྒུག་ཅེས་བྱར་སྐྱེ་འགྱུར་ཏེ༔ རི་གཉིས་བར་བཙིར་མེ་མདག་ཟ༔ ཚ་ཤིང་བསྲེགས་པ་ལྟ་བུར་འགྱུར༔ ནོར་ཕྱིར་གཤེད་མ་བྱེད་པ་དང་༔ སེར་སྣས་མི་སྦྱིན་ཁ་ཁབ་འདྲ༔ ཞེས་བྱར་སྐྱེས་ནས་མགྲིན་ཕྲ་ལ༔

4-29a

༄༅༔       ༔ལྟོ་འཕྱེ་མེ་མདག་ཟ་བར་འགྱུར༔ བཟ་བ་ལ་ཆགས་ཁྱིམ་ཐབ་ལ༔ མི་སྟེར་དེ་ནི་སྐྱུགས་པ་ཟ༔ ཡི་དྭགས་སུ་སྐྱེས་ཉོན་མོངས་ཤིང་༔ བཀྲེས་སྐོམ་གདུངས་ཤིང་ཆོ་ངེས་འབྱིན༔ སྦྱིན་ལ་སྲེད་པས་ཕུད་ཟ་བ༔ བཤང་བ་ཞེས་བྱར་སྐྱེ་འགྱུར་ཏེ༔ སུ་ཞིག་མི་གཙང་ཅུང་ཟད་ཙམ༔ ཟ་ཞིང་སྐྱེ་བ་ཉོན་མོངས་འགྱུར༔ ཟས་སྤྱོད་སྲོག་ལ་གནོད་བྱས་པས༔ བསམ་མཚོ་ཞེས་བྱའི་ཡི་དྭགས་འགྱུར༔ དེ་ནི་ཟས་མེད་མེ་འབར་བས༔ གདུང་སེམས་རྒྱ་མཚོ་སྐེམ་པར་བྱེད༔ ཟས་སྲེད་བདག་ཟ་གཞན་དག་ལ༔ དྲི་སྣོམ་བྱེད་པ་དྲི་ཟའི་གྲོང་༔ ཡི་དྭགས་ཉིད་ནི་བཀྲེས་གྱུར་ཀྱང་༔ ཟས་སྤོས་དྲི་ཙམ་གྱིས་འཚོ་བ༔ འཇིག་རྟེན་རྒྱལ་བའི་བསྟན་བཅོས་སོགས༔ འདོད་པའི་བསྟན་བཅོས་ཟ་བ་ཡི༔ ཡི་དྭགས་སྐྱེས་ནས་ལུས་བསྐམས་ཤིང་༔ མཆོད་སྦྱིན་རྙེད་པས་འཚོ་བར་བྱེད༔ འདོད་པས་ཆུ་ཆང་བསྲེས་འཚེང་བ༔ ཆུ་འཐུང་དུ་སྐྱེས་བཀྲེས་ཤིང་ཉན༔ རྒལ་ཆུ་ཐིགས་ཆུ་ཆུ་སྦྱིན་

4-29b

ལས༔ མི་མྱོང་གཞན་གྱིས་བསྲུང་བར་མཐོང་༔ ཆགས་པས་ཁྱེར་བྱེད་སྦྱིན་བྲལ་བས༔ ཀུན་ལྟོ་ཞེས་བྱར་ཉམ་ཐག་ནས༔ སྒྲ་འབྱིན་རིད་ཅིང་ཀུན་ཏུ་འཁྱམ༔ མྱ་ངན་བྱ་བའི་གནས་སུ་འགྱུར༔ སྲེད་པ་དགེ་འདུན་ལ་སྦྱིན་པ༔ ལྷག་མར་བྱས་ཤིང་མ་བྱིན་ཞེས༔ སྨྲ་བ་སྡུག་བསྔལ་རབ་གདུངས་པ༔ ཕྱི་ས་ཟ་བའི་ཡི་དྭགས་སྐྱེས༔ འཕྲེང་བ་སེར་སྣས་ལེན་པ་ནི༔ གནོད་སྦྱིན་དུ་འགྱུར་འཕྲེང་བས་དགའ༔ གཙུག་ལག་ཁང་སྲུང་ལས་བྱེད་པ༔ ཡི་དྭགས་འཕྲེང་བ་ཟ་ཞེས་བྱ༔ ཤ་ཁྲག་ལ་སྲེད་སེར་སྣ་ཅན༔ ཁྲག་ཟར་བསྐྱེད་པ་གནོད་བྱེད་ཅིང་༔ ཡི་དྭགས་རྫུ་འཕྲུལ་ཆེ་བ་ཞེས༔ ལས་ཀྱིས་སོ་སོར་འབྲེལ་བར་འགྱུར༔ ཤ་འཚེང་ཁེ་བྱེད་ཅུང་ཟད་དེ༔ ཤ་ཟ་ཞེས་བྱའི་ཡི་དྭགས་འགྱུར༔ ངོ་བསྲུང་ཕྱིར་ནི་སྤོས་ཕུལ་བ༔ སེར་སྣ་ལྡན་ཏེ་བདུག་པ་ཟ༔ དགེ་སྦྱོང་ལྟར་འཆོས་སྔགས་སྒྲུབ་ཅིང་༔ ནོར་འདོད་དྲག་ཤུལ་སྤྱོད་པར་སྐྱེད༔ དེ་ནི་མཐུ་

4-30a

༄༅༔       ༔ལྡན་གཞན་ལ་འཚེ༔ སྲེད་པས་བསླུས་པས་ལས་རྗེས་འབྲང་༔ ཆགས་པས་ནོར་ལ་གླགས་ལྟ་བ༔ གླགས་ལྟར་སྐྱེས་ནས་སྡུག་བསྔལ་ཞིང་༔ ལུས་འབར་མི་གཙང་གིས་འཚོ་ལ༔ ལྷ་དང་བྲལ་རྣམས་འཚེ་བར་བྱེད༔ བརྩོན་རྣམས་ས་འོག་འཇུག་བྱེད་ཅིང་༔ བཀྲེས་བྱེད་ས་འོག་ཡི་དྭགས་སྐྱེ༔ མུན་ནག་སྤྲུལ་རླུང་དྲག་པོ་ལྡང་༔ ནོར་འཕྲོག་འཇིག་རྟེན་སྦྱིན་པར་བྱེད༔ ཡི་དྭགས་དུག་སྦྲུལ་ཆེན་པོར་འགྱུར༔ བདག་ཉིད་གཅིག་པུ་བདེ་བ་དང་༔ ཉམ་ངའི་ཡི་དྭགས་ཁྲོད་དུ་གནས༔ གཉན་འཐབ་གྲོང་ཁྱེར་འཇིགས་བྱེད་ཅིང་༔ རྒྱལ་པོ་ལ་བརྟེན་མཚན་མོ་ན༔ ལུས་འབར་ཡི་དྭགས་གནས་སྐྱེས་ནས༔ འབར་བས་བརྡུངས་ནས་ངུ་སྒྲ་འབྱིན༔ ཁྲོ་བས་བྱིས་པ་བདེ་སེམས་པ༔ བྱིས་པ་གླགས་པའི་ཡི་དྭགས་སུ༔ གང་ཞིག་འདོད་བསྟེན་ནོར་འདོད་ཅིང་༔ སྦྱིན་བྱེད་ཡི་དྭགས་གདོད་གཟུགས་ཅན༔ གྱུར་ནས་སྣ་ཚོགས་ཚུལ་གྱིས་ནི༔

4-30b

སྒྱུར་ཞིང་ལས་ཀྱི་ཚུལ་དུ་འགྲོ༔ ནད་པ་ཀླུ་དང་ཕྲག་དོག་དང་༔ སེར་སྣ་ཅན་དེ་གླིང་བར་གྱི༔ ཡི་དྭགས་གྱུར་ནས་ཉི་ཟླས་ཀྱང་༔ བརྒྱ་འགྱུར་གདུངས་ཤིང་ཟིལ་བས་འཆོ༔ རྒྱལ་པོ་ལ་བརྟེན་དྲག་ཤུལ་སྤྱོད༔ མི་དེ་གཤིན་རྗེའི་མཆེད་པོར་སྐྱེ༔ རླུང་ཟ་གཤེད་མ་དུ་མས་འཚོ༔ ལོག་པའི་མཆོད་སྦྱིན་ལས་ཀྱི་མཐུས༔ བྱིས་པ་ཟ་བའི་ཡི་དྭགས་འགྱུར༔ བཀྲེས་ཤིང་སྡུག་བསྔལ་རྣམས་ཀྱིས་གནོད༔ ངོ་གཉིས་བྱེད་ཅིང་སྐལ་བ་ཅན༔ དེ་ནི་མདངས་ཟར་སྐྱེས་ནས་ཀྱང་༔ མཚོན་ཆས་ལུས་གཤགས་བཀྲེས་སྐོམ་ལྡན༔ མཆོད་སྦྱིན་ངན་བྱེད་ཁེ་སྤོགས་དང་༔ སེར་སྣ་ལྡན་པས་ཚངས་པ་ཡི༔ སྲིན་བུར་སྐྱེས་ནས་གཞན་གནོད་བྱེད༔ གླགས་ལྟ་དེ་ནི་སྡུག་བསྔལ་ལྡན༔ སློབ་དཔོན་ལྟར་བྱེད་དགེ་འདུན་དཀོར༔ སྤྱོད་པ་མེ་ཟའི་ཡི་དྭགས་འགྱུར༔ སྡུག་བསྔལ་སྒྲ་འབྱིན་མྱ་ངན་བྱེད༔ སེར་སྣ་ལ་ཆུམས་ངན་བྱེད་པ༔ མི་གཙང་ཟ་བའི་ཡི་དྭགས་འགྱུར༔ དེ་ཡང་བདེ་བ་ཐོབ་པ་མིན༔

4-31a

༄༅༔       ༔རྫུན་གྱིས་ཟས་རྟོག་བརྗོད་པ་གང་༔ རླུང་ཟར་འགྱུར་ཏེ་ཟས་མཐོང་ནས༔ ཕྱོགས་ཀུན་རྒྱུགས་ཀྱང་མྱོང་བ་མེད༔ སླར་ཞིང་སྡུག་བསྔལ་རྣམས་ཀྱིས་འཚེ༔ ཁྲིམས་གཅོད་གཞན་དག་བཀྲེས་སྐོམ་གྱིས༔ འཚོ་བྱེད་མེ་མདག་ཟ་བ་ཡི༔ ཡི་དྭགས་འགྱུར་ཞིང་མེ་དེ་ལ་༔ ཟོས་ན་ཅུང་ཟད་བདེ་བར་སེམས༔ ནོར་ཕྱིར་དུག་ནི་སྟེར་བ་གང་༔ ཡི་དྭགས་དུག་ཟར་སྐྱེས་ནས་ཀྱང་༔ ཆར་རྣམས་མེད་གྱུར་དུག་ཟ་ཞིང་༔ བྱ་གཅན་རྣམས་ཀྱིས་ཟ་བར་བྱེད༔ འབྲོག་དགོན་སེར་སྣས་གཞན་ལ་འཚེ༔ དགོན་པར་གནས་པའི་ཡི་དྭགས་འགྱུར༔ བཀྲེས་སྐོམ་གྱིས་ཉམ་འོ་དོད་འབོད༔ འགྱེལ་ཞིང་བྱ་དང་སྲིན་བུས་འཚེ༔ རྒྱལ་པོ་མེ་ཏོག་འཕྲེང་བ་ནི༔ ལོངས་སྤྱོད་ཕྱིར་བརྐུས་དུར་ཁྲོད་ཀྱི༔ ཡི་དྭགས་གྱུར་ནས་དེའི་མགོ་ལ༔ ལྕགས་འབར་གྱིས་བཅིངས་སྲིན་བུས་གནོད༔ སྐྱེད་ཚལ་ཤིང་ལ་བརྐམ་པས་བརྐུས༔ ཤིང་ལ་གནས་པའི་ཡི་དྭགས་སྐྱེས༔

4-31b

བཀྲེས་ཤིང་སྲིན་བུས་རབ་ཏུ་ཟ༔ སྟེགས་པ་ཙམ་གྱིས་སྲོག་འཚོ་བྱེད༔ རྐུན་པོས་ཟས་ནོར་མནོག་བྱེད་པ༔ བཞི་མདོར་གནས་པའི་ཡི་དྭགས་སྐྱེ༔ སོག་ལེས་བཏུབ་པའི་སྡུག་བསྔལ་མྱོང་༔ དེ་ཡང་གཏོར་མས་སྲོག་འཚོའོ༔ གང་ཞིག་བལྟས་ན་གཞན་གནོད་པ༔ བདུད་རིགས་ཡི་དྭགས་རྣམས་སུ་སྐྱེ༔ བསམ་གཏན་པ་ལ་འཚེ་བྱེད་ཅིང་༔ ཐོ་ལུམ་འབར་ཟ་ངན་འགྲོར་འཁོར༔ དེ་སོགས་འབུམ་ཕྲག་དུ་མ་ཡིས༔ ཡི་དྭགས་དཔག་མེད་སྡུག་བསྔལ་ཞིང་༔ རྫུས་སྐྱེས་ཕལ་ཆེར་སྐྱེ་གནས་བཞི༔ ཕལ་ཆེར་ཡི་དྭགས་མོ་རྣམས་སུ༔ སྐྱེས་ནས་ལས་དང་རྗེས་མཐུན་འགྱུར༔ དེ་ལས་ཐར་ཀྱང་དུད་འགྲོར་སྐྱེ༔ གལ་ཏེ་མི་ཡི་རིགས་སྐྱེས་ཀྱང་༔ བཀྲེས་སྐོམ་ཉོན་མོངས་རིགས་ཉམས་དང་༔ དབང་པོ་ལྷག་ཆད་རྣམས་སུ་འགྱུར༔ དེ་བས་ཡུལ་གྱི་སྲེད་པ་རྣམས༔ སྤོང་བྱེད་སྐྱེས་བུ་རྒྱལ་བ་ལགས༔ ལོ་པཎ་བཀའི་ཐང་ཡིག་ལས་ཡི་དྭགས་ཀྱི་རྒྱུ་འབྲས་བཤད་པའི་ལེའུ་

 

4-32a

༄༅༔       ༔དགུ་པའོ༔       ཐྲཐཉྲརྦྱ།རྦྱ།༔       ༔