(ལེའུ་བཅུ་གཉིས་པ། དུས་གསུམ་སངས་རྒྱས་བྱོན་ཚུལ་བསྟན་པ།)
དུས་གསུམ་སངས་རྒྱས་ཇི་ལྟར་བྱོན་ཚུལ་ནི༔ བསྐལ་པ་བཟང་པོ་འདི་ཡི་སྔོན་ཉིད་དུ༔ ཆོས་མེད་མཐའ་འཁོབ་བསྐལ་པ་བརྒྱ་བྱུང་ངོ་༔ དེ་སྔོན་བསྐལ་པ་བཟང་རྒྱན་སངས་རྒྱས་ནི༔ བྱེ་བ་ཕྲག་ནི་བརྒྱད་ཅུ་རྩ་བཞི་བྱོན༔ དེ་གོང་མུན་པའི་བསྐལ་པ་ལྔ་བརྒྱ་བྱུང་༔ དེ་སྔོན་བསྐལ་པ་མཐོང་དགའ་བྱ་བ་ལ༔ རྫོགས་པའི་སངས་རྒྱས་སྟོང་ཕྲག་དྲུག་ཅུ་བྱོན༔ དེ་གོང་མུན་པའི་བསྐལ་པ་བདུན་བརྒྱ་བྱུང་༔ དེ་སྔོན་བསྐལ་པ་དགའ་བ་བྱ་བ་ལ༔ རྫོགས་པའི་སངས་རྒྱས་སྟོང་ཕྲག་དྲུག་ཅུ་བྱོན༔ དེ་ལྟར་འདྲེས་པ་དཔག་ཏུ་མེད་པ་བྱོན༔ བསྐལ་པ་བཟང་པོ་དེ་ཡི་འོག་ཉིད་དུ༔ མཐའ་འཁོབ་བསྐལ་པ་རིགས་ངན་དྲུག་བཅུ་བྱུང་༔
༄༅༔ ༔དེ་འོག་བསྐལ་པ་གྲངས་ལྡན་བྱ་བ་ལ༔ རྫོགས་པའི་སངས་རྒྱས་སྟོང་ཕྲག་བརྒྱད་ཅུ་བྱོན༔ དེ་འོག་མུན་པའི་བསྐལ་པ་སུམ་བརྒྱ་བྱུང་༔ དེ་འོག་བསྐལ་པ་མཛེས་རྒྱན་བྱ་བ་ལ༔ སངས་རྒྱས་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་བྱོན༔ དེ་ལྟར་འདྲེས་པ་བསམ་གྱིས་མི་ཁྱབ་བྱུང་༔ ད་ལྟའི་བསྐལ་པ་བཟང་པོ་འདི་ཉིད་ལ༔ སངས་རྒྱས་སྟོང་དང་སེམས་དཔའ་གཉིས་བྱོན་བཤད༔ དེ་གོང་བསྐལ་པ་དབྱངས་སྙན་དེ་གོང་ལ༔ ཆོས་ཀྱི་མེ་ལོང་མཛོད་དང་དེ་གོང་གི༔ མཛེས་པར་སྣང་བ་ཞེས་བྱའི་བསྐལ་པ་ལ༔ འཇིག་རྟེན་ཁམས་ནི་རྣམ་པར་རྒྱལ་བ་རུ༔ སངས་རྒྱས་རིན་ཅེན་མཐའ་ཡས་རིན་ཅེན་བཀོད༔ དེ་དུས་རྒྱལ་པོ་ཡུལ་འཁོར་སྐྱོང་ཞེས་བྱ༔ དེ་ལ་བཙུན་མོ་སྟོང་དང་སྲས་སྟོང་ཡོད༔ རྒྱལ་པོ་དེས་ཀྱང་སངས་རྒྱས་འཁོར་བཅས་མཆོད༔ ཡབ་སྲས་ཐམས་ཅད་མངོན་པར་ཤེས་དང་ལྡན༔ འགྲོ་བའི་དོན་ཕྱིར་རྫུ་འཕྲུལ་མཁའ་ལ་འགྲོ༔ བཙུན་མོ་དམ་པ་མ་སྨད་དཔེ་མེད་གཉིས༔ ཁྲུས་བྱས་སེང་གེའི་
ཁྲི་ལ་འདུག་པའི་པང་༔ རྫུས་སྐྱེས་སྤྲུལ་སྐུ་ཁྱེའུ་རེ་རེ་བྱོན༔ བར་སྣང་ལྷ་ཡིས་ཁྱེའུར་མཚན་བཏགས་པ༔ མ་སྨད་བུ་ལ་ཆོས་ཀྱི་སེམས་དཔའ་དང་༔ དཔེ་མེད་བུ་ནི་ཆོས་ཀྱི་བློ་གྲོས་སོ༔ དེ་ནས་རྒྱལ་པོ་དེ་ཡི་དགོངས་པ་ལ༔ བསྐལ་བཟང་སངས་རྒྱས་སྟོང་དང་སེམས་སེམས་དཔའ་གཉིས༔ སྲས་རྣམས་ཡིན་ནམ་སྙམ་ནས་སངས་རྒྱས་གསོལ༔ ཡིན་པར་གསུངས་པས་སྔོན་ལ་གང་འབྱོན་ཞུས༔ རིན་ཅེན་བུམ་པར་རྒྱལ་བུའི་མིང་བཅུག་ནས༔ ཞག་བདུན་གསོལ་བཏབ་དེ་ནས་དབང་བསྐུར་བས༔ ཕོ་བྲང་བུམ་པར་བཅས་པ་མཁའ་ལ་འཕགས༔ རྡོ་རྗེ་ཕ་ལམ་སྐྱ་བས་ལན་བདུན་དཀྲུགས༔ རྣམ་དག་བློ་གྲོས་མིང་བྱང་སྔོན་ལ་བྱུང་༔ བསྐལ་པ་བཟང་པོ་ཚེ་ལོ་བརྒྱད་ཁྲིའི་དུས༔ སངས་རྒྱས་འཁོར་བ་འཇིག་ཏུ་ལུང་བསྟན་ཏོ༔ དེ་ནས་རྣམ་པར་རྒྱལ་བའི་སྡེ་བྱུང་ངོ་༔ བཞི་ཁྲིའི་དུས་སུ་གསེར་ཐུབ་འབྱོན་པར་གསུངས༔ དེ་ནས་གཞོན་ནུ་དབང་པོ་ཉི་ཁྲིའི་དུས༔ སངས་རྒྱས་འོད་སྲུངས་ཞེས་བྱར་ལུང་བསྟན་ཏོ༔
༄༅༔ ༔དེ་ནས་དོན་གྲུབ་ཚེ་ལོ་བརྒྱ་པའི་དུས༔ སངས་རྒྱས་ཤཱཀྱ་ཐུབ་པར་ལུང་བསྟན་ཏོ༔ དེ་ནས་གཞོན་ནུ་སྐ་རགས་བྱམས་པར་བསྟན༔ དེ་ལྟར་རིམ་པར་འབྱུང་རྣམས་ལུང་བསྟན་མཛད༔ མཐའ་མར་རྒྱལ་བུ་བློ་གྲོས་མཐའ་ཡས་འབྱོན༔ སངས་རྒྱས་མོས་པར་ལུང་བསྟན་འདི་ཉིད་ལ༔ སྟོང་གི་སྐུ་ཚེ་འཁོར་དང་ལོངས་སྤྱོད་འབྱུང་༔ ཆོས་ཀྱི་སེམས་དཔའ་གསང་བདག་ཕྱག་རྡོར་དེ༔ སངས་རྒྱས་སྟོང་གི་བསྟན་སྲུང་སྡུད་པ་པོ༔ ཆོས་ཀྱི་བློ་གྲོས་ཚངས་པའི་དབང་པོ་དེ༔ སངས་རྒྱས་སྟོང་ལ་ཆོས་འཁོར་བསྐུལ་བ་ཡིན༔ དེ་ལྟར་ལུང་བསྟན་མཛད་རྣམས་རིམ་པ་རུ༔ བྱོན་དང་འབྱོན་འགྱུར་བསྐལ་པ་བཟང་པོ་ལ༔ དུས་ནི་བཞི་ལས་བསྐལ་པ་རྫོགས་ལྡན་བཤམས༔ སྐྱེ་རྒུའི་ཚེ་ལོ་བརྒྱད་ཁྲི་ཐུབ་པའི་དུས༔ རྒྱལ་པོ་ལག་བརྐྱང་གྲོང་ཁྱེར་བཟང་པོ་རུ༔ བ་ར་ཎཱ་སི་ཀེམ་པའི་གྲོང་ཁྱེར་དུ༔ སངས་རྒྱས་འཁོར་བ་འཇིག་པ་བྲམ་ཟེའི་རིགས༔ ཡབ་ནི་མཆོད་སྦྱིན་ཡུམ་ནི་ཚངས་རྒྱལ་མ༔
སྲས་ནི་བླ་མ་སྐུ་ཚེ་བརྒྱད་ཁྲི་ཐུབ༔ འདོད་ཆགས་བྲལ་བའི་ཆོས་འཆད་རྒྱུད་ལ་གནས༔ ལུང་གི་ཆོས་ནི་བཅུ་གཉིས་རྒྱུད་ལ་གནས༔ དམ་པའི་ཆོས་ནི་བརྒྱད་ཁྲིའི་བར་དུ་གནས༔ དུས་ནི་གསུམ་ལྡན་ཚེ་ལོ་བཞི་ཁྲིའི་དུས༔ རྒྱལ་པོ་རྟ་ལྡན་གྲོང་ཁྱེར་ལྔ་བ་རུ༔ ཡུལ་ནི་ཞིང་ཁམས་གསེར་གྱི་མཆོད་སྤྲས་སུ༔ གསེར་ཐུབ་བྱོན་ཏེ་རིགས་ནི་འཕྲེང་བརྒྱུད་དོ༔ ཡབ་ནི་མེ་བྱིན་ཡུམ་ནི་བླ་མའོ༔ སྲས་ནི་རྣམ་པར་རྒྱལ་བ་སུམ་ཁྲིའི་ཚེ༔ གསང་སྔགས་མ་གཏོགས་སྡེ་སྣོད་གསུམ་པོ་འཆད༔ གསང་སྔགས་ཆོས་ནི་རྒྱུད་ལ་གནས་པའོ༔ དམ་པའི་ཆོས་ནི་སྟོང་གི་བར་དུ་གནས༔ དུས་ནི་གཉིས་ལྡན་ཚེ་ལོ་ཉི་ཁྲིའི་དུས༔ རྒྱལ་པོ་ཀྲྀ་ཀིའི་ཡུལ་ནི་ཙནྡྷ་ནས༔ སངས་རྒྱས་འོད་སྲུངས་རིགས་ནི་བྲམ་ཟེའོ༔ ཡབ་ནི་ཚངས་སྦྱིན་ཡུམ་ནི་ནོར་བདག་མོ༔ སྲས་ནི་དེད་དཔོན་སྐུ་ཚེ་ཉི་ཁྲི་ཐུབ༔ དམ་པའི་ཆོས་ནི་འདུལ་བ་མངོན་པ་འཆད༔ རྟོགས་ཆོས་འདོད་ཆགས་བྲལ་བ་རྒྱུད་ལ་ཡོད༔ བསྟན་པ་ལོ་ནི་
༄༅༔ ༔བདུན་ཁྲིའི་བར་དུ་གནས༔ དུས་ནི་རྩོད་ལྡན་ཚེ་ལོ་བརྒྱ་པའི་དུས༔ རྒྱལ་པོ་ཟས་གཙང་གྲོང་ཁྱེར་སེར་སྐྱ་རུ༔ སངས་རྒྱས་ཤཱཀ་ཐུབ་རིགས་ནི་རྒྱལ་རིགས་ཏེ༔ ཡབ་ནི་ཟས་གཙང་ཡུམ་ནི་ལྷ་མཛེས་མ༔ སྲས་ནི་སྒྲ་གཅན་རིམ་གྲོ་ཀུན་དགའ་བོ༔ འོད་ནི་འདོམ་གང་སྐུ་ཚེ་གྱ་གཉིས་སོ༔ ཆོས་ནི་སྡེ་སྣོད་གསུམ་དང་གསང་སྔགས་འཆད༔ བསྟན་པ་ལོ་ནི་ལྔ་སྟོང་ལྔ་བརྒྱ་གནས༔ སྐྱེ་རྒུའི་བདག་མོ་རབ་བྱུང་ལྔ་བརྒྱ་ནུབ༔ དུས་གསུམ་སངས་རྒྱས་བྱོན་པའི་ལོ་རྒྱུས་ཏེ༔ ཁྱད་པར་ཤཱཀ་ཐུབ་ཇི་ལྟར་བྱོན་པ་ནི༔ དམྱལ་བ་བྷ་ཤི་ཏ་ནས་ཚེ་འཕོས་ཏེ༔ ཟླའོ་ཀ་མ་རུ་པ་དམྱལ་དཔོན་བརྡུངས་པ་ལ༔ སྙིང་རྗེ་སྐྱེས་པའི་སྟོབས་ཀྱིས་རྫ་མཁན་སྣང་བྱེད་སྐྱེས༔ སངས་རྒྱས་ཤཱཀྱ་ཐུབ་པ་ཆེན་པོ་ལ༔ རྩ་སྒྲོན་ཕུལ་ཏེ་བྱང་ཆུབ་སེམས་བསྐྱེད་ནས༔ བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་ཏེ༔ གྲངས་མེད་དང་པོ་ཤཱཀ་ཐུབ་ཆེན་པོ་ནས༔ རྒྱལ་བ་ཡུལ་འཁོར་སྐྱོང་གི་བར་དུ་ནི༔
བསྐལ་པ་བདུན་ཁྲི་ལྔ་སྟོང་ཚོགས་གཉིས་བསགས༔ ཚོགས་སྦྱོར་གཉིས་བགྲོད་མཐོང་ལམ་རབ་དགའི་ས༔ མར་མེ་མཛད་ནས་དབང་པོ་རྒྱལ་མཚན་བར༔ བསྐལ་པ་བདུན་ཁྲི་དྲུག་སྟོང་ཚོགས་གཉིས་བསགས༔ ས་ནི་བདུན་པ་མན་ཆད་མངོན་དུ་གྱུར༔ སངས་རྒྱས་བདེན་ནས་འོད་སྲུངས་བར༔ བསྐལ་པ་བདུན་ཁྲི་བདུན་སྟོང་ཚོགས་གཉིས་བསགས༔ ས་བཅུ་ཆོས་ཀྱི་སྤྲིན་ནི་མངོན་དུ་གྱུར༔ དེ་ནས་ས་བཅུའི་བྱང་ཆུབ་སེམས་དཔའ་དེས༔ དགའ་ལྡན་གནས་སུ་དམ་པ་ཏོག་དཀར་འཁྲུངས༔ ལྷ་ཡི་སྟོན་པ་མཛད་དུས་སངས་རྒྱས་བསྐུལ༔ འཇིག་རྟེན་མགོན་པོ་ཁྱེད་ལ་གསོལ་བ་ནི༔ མི་ཡུལ་བབས་ནས་འགྲོ་བའི་དོན་སླད་དུ༔ མགོན་པོ་ཆོས་ཀྱི་འཁོར་ལོ་རབ་བསྐོར་ལ༔ སེམས་ཅན་དོན་ཀུན་མ་ལུས་འགྲུབ་པར་མཛོད༔ དེ་ནས་མི་ཡུལ་འབྱོན་པར་དགོངས་པ་དང་༔ ལྷ་བུ་གཞོན་པ་རྣམས་ཀྱིས་ཕྱག་ལ་འཇུས༔ སྐྱེས་བུ་དམ་པ་ཁྱེད་ནི་མི་བཞུགས་ན༔ དགའ་ལྡན་གནས་སྟོངས་ངེད་ཀྱི་སྟོན་པ་སུ༔ དེ་ལྟར་
༄༅༔ ༔ཞུས་པས་དམ་པ་ཏོག་དཀར་གྱིས༔ རྒྱལ་ཚབ་གཉེར་དུ་མགོན་པོ་བྱམས་པ་བསྐོས༔ མཛད་པ་བཅུ་གཉིས་ཚུལ་གྱིས་འཛམ་གླིང་བྱོན༔ དང་པོ་འཛམ་བུ་གླིང་དུ་ལྷ་ལས་བབས༔ གཉིས་པ་སེར་སྐྱའི་ཡུལ་དུ་ལྷུམས་སུ་ཞུགས༔ གསུམ་པ་ལུམ་བའི་ཚལ་དུ་གླང་ལོར་བལྟམས༔ བཞི་པ་གྱད་ཀྱི་ཡུལ་དུ་རོལ་རྩེད་མཛད༔ ལྔ་པ་ཤཱཀྱའི་ཡུལ་དུ་རྒྱལ་སྲིད་བཞེས༔ དྲུག་པ་རྣམ་དག་དྲུང་དུ་རབ་ཏུ་བྱུང་༔ བདུན་པ་ནཻ་རཉྫ་ནར་དཀའ་ཐུབ་མཛད༔ བརྒྱད་པ་རྡོ་རྗེ་གདན་དུ་མངོན་སངས་རྒྱས༔ དགུ་པ་རྒྱལ་པོའི་ཁབ་ཏུ་ཆོ་འཕྲུལ་བསྟན༔ བཅུ་པ་བ་ར་ཎཱ་སིར་ཆོས་འཁོར་བསྐོར༔ བཅུ་གཅིག་རྩ་མཆོག་དྲུང་དུ་མྱ་ངན་འདས༔ བཅུ་གཉིས་ས་ལ་ཟུང་དུ་སྐུ་གདུང་བཞག༔ ཁྱད་པར་སངས་རྒྱས་མཛད་པ་ནི༔ འོག་མིན་ལོངས་སྐུར་སངས་རྒྱས་ནས༔ འགྲོ་བའི་དོན་ཕྱིར་འཛམ་གླིང་དུ༔ སྤྲུལ་པའི་སྐུ་རུ་སངས་རྒྱས་ཏེ༔ འོག་མིན་གནས་མཆོག་ཉམས་དགའ་བར༔ ཡང་དག་
སངས་རྒྱས་དེར་སངས་རྒྱས༔ སྤྲུལ་པ་པོ་གཅིག་འདིར་འཚང་རྒྱ༔ སངས་རྒྱས་དུས་ནི་དོན་གྲུབ་ཉིད༔ ནཻ་རཉྫ་ནའི་འགྲམ་ལོགས་སུ༔ དཀའ་ཐུབ་དཀའ་བ་སྤྱད་པའི་ཚེ༔ ཕྱོགས་བཅུའི་སྤྲུལ་པས་ལོངས་སྤྱོད་སྐུ༔ བྱང་ཆུབ་ལྔ་སྟོབས་དབང་བསྐུར་ནས༔ འོག་མིན་ཉིད་དུ་དོན་གྲུབ་ཉིད༔ སྤྲུལ་པའི་དཀའ་ཐུབ་ཁོག་པ་ནས༔ ཡེ་ཤེས་སྣང་མཛད་ཚུལ་དུ་གཤེགས༔ རི་རབ་རྩེ་མོར་ཆོས་འཁོར་བསྐོར༔ དེ་ཡང་རྟོགས་པའི་གཟུགས་སྐུ་ཡིན༔ འཛམ་གླིང་སྤྲུལ་སྐུར་སངས་རྒྱས་ཚུལ༔ དགུང་ལོ་སུམ་ཅུ་སོ་ལྔ་བཞེས་པའི་དུས༔ ཕག་ལོ་དཔྱི་ཟླ་འབྲིང་པོའི་ཚེས་བརྒྱད་ལ༔ རྡོ་རྗེ་གདན་གྱི་བྱང་ཆུབ་ཤིང་དྲུང་དུ༔ སྲོད་ལ་བདུད་བཏུལ་གུང་ལ་མཉམ་པར་གཞག༔ ཐོ་རངས་མངོན་པར་རྫོགས་པར་སངས་རྒྱས་སོ༔ ལོ་པཎ་བཀའི་ཐང་ཡིག་ལས་དུས་གསུམ་སངས་རྒྱས་བྱོན་ཚུལ་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ༔ ཐྲཐཉྲརྦྱ།རྦྱ།༔ ༔