༄༅། །བཀའ་ཐང་སྡེ་ལྔ།
ལེའུ་བཅུ་དགུ་པ། མ་ཧཱ་ཡོ་གའི་ཕུན་ཚོགས་བསྟན་པ།
ལེའུ་སྔོན་མ།
ལེའུ་རྗེས་མ།

(ལེའུ་བཅུ་དགུ་པ། མ་ཧཱ་ཡོ་གའི་ཕུན་ཚོགས་བསྟན་པ།)

མ་ཧཱ་ཡོ་གའི་ཕུན་སུམ་ཚོགས་ལྔ་ནི༔ ཆོས་སྐུའི་ལོངས་སྐུ་རྡོ་རྗེ་སེམས་དཔའ་ཡིས༔ ཐུན་མོང་གནས་ནི་མ་ལ་ཡ་ཡི་རྩེར༔ ཁྱད་པར་གནས་ནི་ཡུམ་གྱི་མཁའ་ཀློང་དུ༔ འཁོར་ནི་བྱང་ཆུབ་སེམས་དཔའ་སེམས་མའི་ཚོགས༔ སྐུ་ནི་ཕྱག་རྒྱའི་དཀྱིལ་འཁོར་རྣམས་ལ་བཤད༔ རྣལ་འབྱོར་ཕོ་རྒྱུད་བྱེ་བ་དྲུག་གསུངས་ལས༔ ཨ་ནུ་ཡོ་ག་དང་ནི་ཐུན་མོང་དུ༔ རྩ་བའི་རྒྱུད་དྲུག་སྒྲུབ་ལུགས་རྒྱུད་དགུ་སྟེ༔ སྐུ་ཡི་སྦྱོར་བ་སངས་རྒྱས་མཉམ་སྦྱོར་དང་༔ གསུང་གི་སྦྱོར་བ་ཟླ་གསང་ཐིག་ལེ་དང་༔ ཐུགས་ཀྱི་སྦྱོར་བ་གསང་བ་འདུས་པ་དང་༔ དགོངས་འགྲེལ་ཀུན་གྱི་རྒྱུ་ནི་རྣམ་སྣང་རྒྱུད༔ ཚོགས་ཀྱི་འཕྲིན་ལས་ལྷ་མོ་

4-56a

༄༅༔       ༔སྒྱུ་འཕྲུལ་དང་༔ རྣལ་འབྱོར་མཆོག་རྒྱུད་རྡོ་རྗེ་གདན་བཞི་དང་༔ བུད་དྷའི་སྒྲུབ་ལུགས་མེ་ལྟར་འབར་བའི་རྒྱུད༔ རྡོ་རྗེའི་སྒྲུབ་ལུགས་པུཎྜ་རི་ཀའི་རྒྱུད༔ རིན་ཅེན་སྒྲུབ་ལུགས་རིན་ཅེན་མ་གོལ་རྒྱུད༔ པདྨའི་སྒྲུབ་ལུགས་རྟ་མཆོག་རོལ་པའི་རྒྱུད༔ ལས་ཕྱི་སྒྲུབ་ལུགས་ལྷ་མོ་མ་གོལ་རྒྱུད༔ རིགས་ལྔའི་སྤྱི་སྒྲུབ་ཧེ་རུ་ཀ་འདུས་རྒྱུད༔ ཁྲོ་བོའི་སྒྲུབ་ལུགས་ཡ་མ་རཱ་ཛ་དང་༔ མ་མོའི་སྒྲུབ་ལུགས་སྲིད་པའི་རྒྱུད་ལུང་དང་༔ བདུད་རྩིའི་སྒྲུབ་ལུགས་བམ་པོ་བརྒྱད་པ་སོགས༔ ཞུ་དང་བསྡུ་བ་པོ་ནི་རྡོ་རྗེ་ཆོས༔ ཤཱཀྱ་ཐུབ་པ་མྱ་ངན་འདས་ནས་སུ༔ ལོ་ནི་ཉི་ཤུ་རྩ་བརྒྱད་སོང་ཚེ་ན༔ གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ཡིས༔ རི་བོ་མ་ལ་ཡ་ཡི་རྩེ་མོ་རུ༔ པདྨ་གར་དབང་རྟ་མགྲིན་རྒྱུད་རྣམས་དང་༔ གསང་འདུས་ལྷ་ཚོགས་སུམ་ཅུ་རྩ་གཉིས་པ༔ ཧེ་བཛྲ་ལྷ་ཚོགས་བཅུ་གསུམ་པ༔ མ་ཧཱ་མ་ཡ་ལྷ་ལྔ་པ༔ འཇིགས་བྱེད་ལྷ་ཚོགས་བཅུ་གསུམ་པ༔ དགྱེས་རྡོར་

4-56b

སྤྲུལ་པའི་ལྷ་དགུ་དང་༔ བདེ་མཆོག་ལྷ་ཚོགས་དྲུག་ཅུ་རྩ་གཉིས་པ༔ བཅུ་གསུམ་པ་དང་ལྷ་ལྔ་པ༔ སཾ་བུ་ཊི་དང་རྡོ་རྗེ་གདན་བཞི་དང་༔ རྡོ་རྗེ་མཁའ་འགྲོ་དུས་ཀྱི་འཁོར་ལོ་རྣམས༔ དམ་པའི་རིགས་ཆེན་ལྔ་ལ་བཤད༔ སྲིན་པོ་བློ་གྲོས་ཐབས་ལྡན་དང་༔ ལྷ་ནི་གྲགས་ལྡན་ཕྱོགས་སྐྱོང་དང་༔ ཀླུ་ནི་འཇོག་པོ་གནོད་སྦྱིན་སྐར་མདའ་གདོང་༔ མི་ནི་ལི་ཙ་བྱི་ཞེས་དྲི་མ་མེད༔ རྒྱུད་ལ་དབྱེ་ན་བཅུ་བཞི་ཡོད༔ གསེར་གྱི་ཆར་པ་ལྟ་བུའི་རྒྱུད༔ དགའ་བྱེད་ཟས་ནུས་ལས་ཀྱི་རྒྱུད༔ སཾ་བྷུ་ཏ་ཧི་ལ་བཀའ་ཡི་རྒྱུད༔ གསང་བ་ཡིད་བདེ་མ་ཧཱ་མ་ཡ༔ སྙིང་པོ་དགྱེས་པ་རྡོ་རྗེའི་རྒྱུད༔ སྙིང་པོ་དུས་རྒྱུད་རྡོ་རྗེ་གུར༔ དགྱེས་རྡོར་ཤློ་འབུམ་ཚོ་ལྔ༔ བརྟག་པ་སུམ་ཅུ་སོ་གཉིས་ཡོད༔ བརྗོད་བྱ་རྒྱ་མཚོ་ལྟ་བུའི་རྒྱུད༔ ལེའུ་སྟོང་ཕྲག་སུམ་ཅུ་ཡོད༔ གུ་རུ་པདྨའི་ཕུར་པའི་དཀར་ཆག་ལ༔ སྤྱིར་ཕུར་པ་ལ་རྒྱུད་སྡེ་མང་དུ་བཞུགས༔ བོད་དུ་བཞི་བཅུ་ཐམ་པ་བསྒྱུར༔ དེ་ལ་ཕྱེ་ན་རྩ་བའི་རྒྱུད་གསུམ༔ སྙིང་པོའི་རྒྱུད་ལྔ༔ ལོ་མའི་རྒྱུད་

4-57a

༄༅༔       ༔གསུམ༔ ཡལ་གའི་རྒྱུད་བཅུ༔ བཤད་པའི་རྒྱུད་དགུ༔ ལྟ་བའི་རྒྱུད་གཅིག༔ སྤྱོད་པའི་རྒྱུད་གཅིག༔ ཡོན་ཏན་གྱི་རྒྱུད་གཅིག༔ འཕྲིན་ལས་ཀྱི་རྒྱུད་གཅིག༔ དགོངས་པའི་རྒྱུད་གཉིས༔ ཀཱི་ལ་ཡའི་རྒྱུད་གཉིས༔ ཕྱི་མའི་རྒྱུད་གཅིག༔ མདོ་རྒྱུད་གཅིག་དང་བཞི་བཅུ༔ དེ་ལ་རྒྱས་པར་དབྱེ་ན༔ རྩ་བའི་རྒྱུད་ལ་གསུམ༔ བྱི་དྻོ་ཏྟ་མ་ལ་འབུམ་སྡེའི་རྒྱུད༔ སྦས་པ་གསང་བའི་རྒྱུད༔ མྱ་ངན་འདས་པའི་རྒྱུད་དོ༔ ལོ་མའི་རྒྱུད་གསུམ་ནི༔ ཤོ་ན་དཀར་ནག་གི་རྒྱུད༔ སྦས་པ་ནག་པོའི་རྒྱུད༔ བསེ་སྒྲོམ་དམར་པོའི་རྒྱུད་དང་གསུམ་མོ༔ སྙིང་པོའི་རྒྱུད་ལྔ་ལ༔ རྡོ་རྗེ་འབར་བའི་རྒྱུད༔ རིན་ཅེན་འབར་བའི་རྒྱུད༔ པདྨ་འབར་བའི་རྒྱུད༔ ཀརྨ་གུ་རུ་འབྱེད་པའི་རྒྱུད་དང་ལྔའོ༔ ཡལ་གའི་རྒྱུད་བཅུ་ནི༔ ཁྲོ་བོ་བཅུ་ལ་རྒྱུད་རེ་རེ་བཞུགས༔ བཤད་པའི་རྒྱུད་དགུ་ནི༔ རྡོ་རྗེ་རྩེ་མོ༔ ཡེ་ཤེས་རྩེ་མོ༔ སངས་རྒྱས་རྩེ་མོ༔ རྡོ་རྗེ་སྙིང་པོའི་རྒྱུད༔ རྡོ་རྗེ་བཀོད་པའི་རྒྱུད༔ རྡོ་རྗེ་འཕྲེང་

4-57b

བའི་རྒྱུད༔ འཇིག་རྟེན་འཕྲེང་བའི་རྒྱུད༔ དྲག་པོ་མདུང་རྩེའི་རྒྱུད༔ གང་བ་འཁོར་ལོའི་རྒྱུད་དང་དགུའོ༔ ལྟ་བའི་རྒྱུད་སངས་རྒྱས་འདུས་པ༔ སྤྱོད་པའི་རྒྱུད་ཐིག་ལེ་མཆོག༔ ཡོན་ཏན་གྱི་རྒྱུད་མངོན་པར་རྟོགས་པ༔ འཕྲིན་ལས་ཀྱི་རྒྱུད་གསང་རྒྱུད༔ ཀཱི་ལ་ཡ་འབྱུང་བའི་རྒྱུད་དང་༔ ཀཱི་ལ་ཡ་འབྱུང་བའི་ཏནྟྲ་ཁུངས་ཀྱི་ཏནྟྲ་ཆུང་བའོ༔ དགོངས་པའི་རྒྱུད་ལ་གཉིས་ཏེ༔ དགོངས་རྒྱུད་ཆེ་ཆུང་གཉིས་སོ༔ རྒྱུད་ཕྱི་མར་གྱུར་པ་ལ་ཐབས་ཀྱི་ཞགས་པ་པདྨ་འཕྲེང་བ༔ དེ་རྣམས་ཀྱི་མདོ་་་རུ་གྱུར་པ་དུར་ཁྲོད་ཁུག་རོལ་པའི་མདོ་ཕྱི་མོར་བཅས་པ་སྟེ་བཞི་བཅུ་ཐམ་པའོ༔ ཕུར་པ་འཕྲིན་ལས་ཀྱི་སྒྲུབ་པར་བཏགས་པ་ཡང་༔ ཕྱི་ནང་གི་ཆོས་ཐམས་ཅད་ཕུར་པའི་ངང་དུ་གནས་ལ༔ ཕུར་པའི་རྒྱུད་བཞིར་འདུས༔ རིག་པ་ཡེ་ཤེས་ཀྱི་ཕུར་པ་དང་༔ ལྷག་པ་བྱང་ཆུབ་སེམས་ཀྱི་ཕུར་པ་དང་༔ ཐུགས་རྗེས་སྤྲུལ་པའི་ཕུར་པ་དང་༔ འདུས་བྱས་རྫས་ཀྱི་ཕུར་པ་དང་བཞིའོ༔ དེ་ལྟར་ཕུར་པ་བཞི་པོ་འདི་གདབ་

4-58a

༄༅༔       ༔པར་བྱ་བ་ལ་ཡང་དམིགས་པར་བྱ་བའི་ཡུལ་བཞི༔ གདབ་པར་བྱ་བའི་ཐབས་བཞི༔ འདེབས་པར་བྱ་བའི་གྲོགས་བཞི༔ ཐེབས་པའི་རྟགས་བཞི༔ བཏབ་པའི་དགོས་བྱེད་བཞི༔ མ་ཐེབས་པའི་སྐྱོན་བཞི༔ ཐེབས་པའི་འབྲས་བུ་བཞི་ལས༔ དེ་ལ་དམིགས་པར་བྱ་བའི་ཡུལ་བཞི་ནི༔ ཆོས་ཀྱི་དབྱིངས་དང་༔ ཡུམ་གྱི་མཁའ་དང་༔ འགྲོ་བ་རིགས་དྲུག་དང་༔ གང་ལ་དམིགས་པ་བཞིའོ༔ གདབ་པར་བྱ་བའི་ཐབས་བཞི་ནི༔ རིག་པ་ཡེ་ཤེས་ཀྱི་ཕུར་པ་ཆོས་ཀྱི་དབྱིངས་སུ་གདབ༔ ལྷག་པ་བྱང་ཆུབ་སེམས་ཀྱི་ཕུར་པ་ཡུམ་གྱི་མཁའ་ལ་གདབ༔ ཐུགས་རྗེས་སྤྲུལ་པའི་ཕུར་པ་འགྲོ་བ་རིགས་དྲུག་ལ་གདབ༔ འདུས་བྱས་རྫས་ཀྱི་ཕུར་པ་གང་ལ་དམིགས་པ་དེ་ལ་གདབ་པ་དང་བཞིའོ༔ འདེབས་པར་བྱ་བའི་གྲོགས་བཞི་ནི༔ ཤེས་རབ་ཏིང་འཛིན་སྙིང་རྗེ་ཚད་མེད་དང་བཞིའོ༔ ཆོ་ག་བསྙེན་སྒྲུབ་ཡན་ལག་བཞིའོ༔ ཐེབས་པའི་རྟགས་བཞི་ནི༔ ཆོས་ཀྱི་དབྱིངས་སུ་

4-58b

ཐེབས་པའི་ཡེ་ཤེས་འཆར༔ ཡུམ་གྱི་མཁའ་ལ་ཐེབས་པས་གཉིས་མེད་སྦྱོར༔ འགྲོ་བ་རིགས་དྲུག་ལ་ཐེབས་པས་ཐུགས་རྗེས་ཟིན༔ གང་ལ་དམིགས་པ་ལ་ཐེབས་པས་བསྟན་པ་ཚུགས་པ་དང་བཞིའོ༔ དགོས་བྱེད་བཞི་ནི༔ རིག་པ་ཡེ་ཤེས་ཀྱི་ཕུར་པ་ཆོས་ཀྱི་དབྱིངས་སུ་ཐེབས་པའི་དགོས་པ་ནི་བྱང་ཆུབ་ཐོབ་པའི་དགོས་པ་ཡོད༔ བྱང་ཆུབ་སེམས་ཀྱི་ཕུར་པ་ཡུམ་གྱི་མཁའ་ལ་ཐེབས་པའི་དགོས་པ་ནི་བདག་སྲས་གཞན་སྲས་སུ་བྱིན་གྱིས་བརླབ་པའི་དགོས་པ་ཡོད༔ ཐུགས་རྗེས་སྤྲུལ་པའི་ཕུར་པ་རིགས་དྲུག་གི་སེམས་ཅན་ལ་ཐེབས་པའི་དགོས་པ་ནི་བྱང་ཆུབ་སེམས་ཀྱི་དཔྱང་ཐག་ཆད་པ་ལ་ཐུགས་རྗེས་འཛིན་པའི་དགོས་པ་ཡོད༔ འདུས་བྱས་རྫས་ཀྱི་ཕུར་པ་གང་ལ་དམིགས་པ་ལ་ཐེབས་པའི་དགོས་པ་ནི་བསྟན་པའི་སྙིང་པོ་ཚུགས་པའི་དགོས་པ་ཡོད་པ་དང་བཞིའོ༔ མ་ཐེབས་པའི་སྐྱོན་བཞི་ནི༔ རིག་པ་ཡེ་ཤེས་ཀྱི་ཕུར་པ་ཆོས་ཀྱི་དབྱིངས་སུ་མ་ཐེབས་ན་འཁོར་བ་ལས་མི་སྒྲོལ༔ བྱང་ཆུབ་སེམས་

4-59a

༄༅༔       ༔ཀྱི་ཕུར་པ་ཡུམ་གྱི་མཁའ་ལ་མ་ཐེབས་ན་དམ་ཚིག་སེམས་དཔའི་དཀྱིལ་འཁོར་རྒྱུན་ཆད༔ ཐུགས་རྗེས་སྤྲུལ་པའི་ཕུར་པ་རིགས་དྲུག་ལ་མ་ཐེབས་ན་འཁོར་བར་གཏན་དུ་འཁྱམ༔ འདུས་བྱས་རྫས་ཀྱི་ཕུར་པ་གང་ལ་དམིགས་པ་ལ་མ་ཐེབས་ན་བསྟན་པའི་སྙིང་པོ་མི་ཚུགས་པ་དང་བཞིའོ༔ ཐེབས་པའི་འབྲས་བུ་བཞི་ནི༔ རིག་པ་ཡེ་ཤེས་ཀྱི་ཕུར་པ་ཆོས་ཀྱི་དབྱིངས་སུ་ཐེབས་པས་འབྲས་བུ་ཆོས་སྐུ་ཐོབ༔ བྱང་ཆུབ་སེམས་ཀྱི་ཕུར་པ་ཡུམ་གྱི་མཁའ་ལ་ཐེབས་པས་འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ༔ ཐུཊ་རྗེ་སྤྲུལ་པའི་ཕུར་པ་འགྲོ་བ་རིགས་དྲུག་ལ་ཐེབས་པས་འབྲས་བུ་སྤྲུལ་པའི་སྐུ་ཐོབ༔ འདུས་བྱས་རྫས་ཀྱི་ཕུར་པ་ལ་གཉིས་ཏེ༔ འདུས་བྱས་བཏགས་པ་མིང་གི་ཕུར་པ་དང་༔ འདུས་བྱས་བྱིན་རླབས་རྟགས་ཀྱི་ཕུར་པ་གཉིསོ༔ འདུས་བྱས་བཏགས་པ་མིང་གི་ཕུར་པ་ནི་དུད་འགྲོའི་ཕུར་པ་ལ་སོགས་པ་ཐམས་ཅད་དོ༔ བྱིན་རླབས་རྟགས་ཀྱི་ཕུར་པ་ལ་བཞི་སྟེ༔ དངུལ་ལམ་དཀར་པོའི་ཤིང་རྣམས་ལ་མགོ་བོ་རྒྱ་མདུད་རྩེ་མོ་ཟླུམ་པོར་བྱས་པ་ནི་ཞི་བའི་ཕུར་པའི་

4-59b

རྒྱུའོ༔ གསེར་རམ་སེར་པོའི་ཤིང་རྣམས་ལ་མགོ་བོ་རྒྱ་མདུད་རྩེ་མོ་གྲུ་བཞིར་བྱས་པ་ནི་རྒྱས་པའི་ཕུར་པའི་རྒྱུའོ༔ ཟངས་སམ་དམར་པོའི་ཤིང་རྣམས་ལ་མགོ་བོ་རྒྱ་མདུད་རྩེ་མོ་ཟླ་གམ་བྱས་པ་ནི་དབང་གི་ཕུར་པའི་རྒྱུའོ༔ ལྕགས་སམ་དྲག་པོའི་ཤིང་རྣམས་ལ་མགོ་མཇུག་མ་ནོར་བར་བཞོགས་ལ་རིང་ཐུང་ཚད་དང་ལྡན་པ་མགོ་བོ་རྒྱ་མདུད་རྩེ་མོ་ཟུར་གསུམ་གཤོག་པ་བྱས་པ་ནི་དྲག་པོའི་ཕུར་པའི་རྒྱུའོ༔ དེ་ལྟར་འཕྲིན་ལས་རྣམ་བཞིའི་ཕུར་པ་ནི་གདབ་པར་བྱ་བ་ལའང་བཞི༔ ཞི་བའི་ཕུར་པ་ཡུལ་འཇིགས་པ་བརྒྱད་ལ་གདབ༔ རྒྱས་པའི་ཕུར་པ་འབྱོར་པ་དྲུག་ལ་གདབ༔ དབང་གི་ཕུར་པ་ཉོན་མོངས་པ་བཞི་ལ་གདབ༔ དྲག་པོའི་ཕུར་པ་དགྲ་བགེགས་གཉིས་ལ་གདབ་བོ༔ ད་ནི་དཀྱིལ་འཁོར་གསུམ་ལ་བཅའ༔ གྲོགས་ནི་བསྙེན་སྒྲུབ་ཡན་ལག་བཞི༔ འབྲས་བུ་སྐུ་ལྔ་ཡེ་ཤེས་ལྔ༔ ཕུར་པ་འཕྲིན་ལས་སྒྲུབ་པའོ༔ ཞེས་བྱུང་བས༔ ཕུར་པ་ལ་ཐེབས་པ་གསུམ་ཡོད༔ འདོད་ཁམས་གཟུགས་ཁམས་གཟུགས་མེད་ཁམས་

4-60a

༄༅༔       ༔ལ་ཐེབས་པ་དང་གསུམ་མོ༔ ཏིང་ངེ་འཛིན་རྣམ་པ་གསུམ་བསྒོམས་པས་ནི་གཟུགས་ཁམས་ལ་ཐེབས༔ དཀྱིལ་འཁོར་གསུམ་བསྒོམས་པས་ནི་འདོད་ཁམས་ལ་ཐེབས༔ དཀྱིལ་འཁོར་རྣམ་པ་གསུམ་སྟོང་ཉིད་དུ་བསྒོམས་པས་ནི་གཟུགས་མེད་ཁམས་ལ་ཐེབས་པའོ༔ ཤ་ལ་ཐེབས་པ་དང་༔ རུས་པ་ལ་ཐེབས་པ་དང༔ ཁྲག་ལ་ཐེབས་པ་དང་༔ དབུགས་ལ་ཐེབས་པ་དང་བཞི་ལས༔ དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་བསྒོམས་པས་ནི༔ དབུགས་ལ་ཐེབས་པའོ༔ ཡེ་ཤེས་སེམས་དཔའ་བསྒོམས་པས་ནི༔ རུས་པ་ལ་ཐེབས་པའོ༔ ཁྲོ་བོ་བཅུ་བསྒོམས་པས་ནི་ཁྲག་ལ་ཐེབས་པའོ༔ དམ་ཚིག་སེམས་དཔའ་བསྒོམས་པས་ནི་ཤ་ལ་ཐེབས་པའོ༔ ལོ་པཎ་བཀའི་ཐང་ཡིག་ལས་མ་ཧཱ་ཡོ་གའི་ཕུན་ཚོགས་བསྟན་པའི་ལེའུ་སྟེ་བཅུ་དགུ་པའོ༔       ཐྲཐཉྲརྦྱ།རྦྱ།༔       ༔