(ལེའུ་ཉེར་གསུམ་པ། ཐེག་པའི་ཤན་འབྱེད་བསྟན་པ།)
ཐེག་པའི་ཤན་འབྱེད་བསྟན་པ་ནི༔ འཇིག་རྟེན་པ་དང་འཇིག་རྟེན་འདས༔ འཇིག་རྟེན་པ་ཡི་ཐེག་པར་གཉིས༔ ལྷ་མིའི་ཐེག་དང་མུ་སྟེགས་ཐེགས༔
ལྷ་མིའི་ཐེག་པ་ལ་ཡང་བཞི༔ ངོ་བོ་ངེས་ཚིག་དབྱེ་བ་ཁྱད༔ ངོ་བོ་ལྷ་མིའི་ལྟ་སྤྱོད་བསྡོངས༔ ངེས་ཚིག་བསོད་ནམས་གསོག་པའོ༔ དབྱེ་བ་ལྷ་དང་མི་གཉིས་སོ༔ ཁྱད་པར་དགེ་བ་བཅུ་དང་ནི༔ མི་ཡི་ཆོས་ལུགས་བཅུ་དྲུག་དང་༔ ཚངས་པའི་གནས་བཞི་བསམ་གཏན་བཞི༔ མུ་སྟེགས་པ་ཡི་ཐེག་པ་ནི༔ བསྟན་པའི་ཚུལ་ཡོངས་རྣམ་གཉིས་ཏེ༔ དམན་པ་མུ་སྟེགས་བསྟན་པ་དང་༔ མཆོག་གྱུར་སངས་རྒྱས་བསྟན་པའོ༔ མུ་སྟེགས་ཐེག་པ་ལ་ཡང་བཞི༔ ངོ་བོ་ངེས་ཚིག་དབྱེ་བ་ཁྱད༔ ངོ་བོ་ལོག་སྤྱོད་སྣ་ཚོགས་པ༔ ངེས་ཚིག་ལྟ་ངན་རྟོགས་བྱས་ནས༔ སྤྱོད་པ་ངན་ལ་མུ་བཙུགས་སོ༔ དབྱེ་ན་སུམ་བརྒྱ་དྲུག་ཅུ་གཉིས༔ ཁྱད་པར་གྲུབ་མཐའི་ལེའུ་ཉི་ཤུ་ཙམ༔ འཇིག་རྟེན་འདས་པའི་ཐེག་པ་ལ་ནི་བཞི༔ ངོ་བོ་ངེས་ཚིག་ཁྱད་པར་དབྱེ་བ་ལ༔ ངོ་བོ་རང་བཞིན་ཤེས་རབ་སྙིང་རྗེ་སྟེ༔ ཆེ་ཆུང་དབང་གིས་ཐེག་པའི་རིམ་པ་བསྟན༔ ངེས་ཚིག་སེམས་བསྐྱེད་ཆེ་ཆུང་སྟེ༔ ཐེག་པ་ཆེ་དང་
༄༅༔ ༔ཆུང་བའོ༔ ཁྱད་པར་བདུན་གྱིས་འཕགས་པ་སྟེ༔ ལྟ་བ་སྐྱབས་གནས་མཆོད་པ་དང་༔ སྤྱོད་པ་འབྲས་བུ་གྲུབ་པའི་མཐའ༔ དམ་ཆོས་སོགས་པ་བདུན་གྱིས་ནི༔ སངས་རྒྱས་ཆོས་རྣམས་ཁྱད་དུ་འཕགས༔ དབྱེ་བ་ཐེག་པ་དགུའམ་བཅུ༔ ཐུན་མོང་ཁྱད་པར་གཉིས་སུ་དབྱེ༔ བྱང་ཆུབ་སེམས་ཀྱི་ཆོས་ཉིད་དེ༔ ཡོད་ནི་གཅིག་ལས་མེད་པ་ལ༔ བྱུང་ནི་སྣང་སྲིད་ཀུན་ཏུ་བྱུང་༔ ཁྱབ་ནི་སྣང་སྲིད་ཀུན་ལ་ཁྱབ༔ བསྟན་ནི་ཐེག་པ་བཅུ་རུ་བསྟན༔ ཉན་ཐོས་རང་རྒྱལ་བྱང་སེམས་གསུམ༔ ཀྲྀ་ཡ་ཨུ་པ་ཡོ་ག་གསུམ༔ མ་ཧཱ་ཨ་ནུ་ཨ་ཏི་གསུམ༔ སྤྱི་ཏི་ཡང་ཏི་མཐའ་ཆེན་གསུམ༔ ཇི་སྲིད་རྣམ་རྟོག་མ་ཟད་པར༔ ཐེག་པའི་མཐའ་ལ་ཐུག་པ་མེད༔ ཉན་ཐོས་ཐེག་པ་ལ་ཡང་བཞི༔ ངོ་བོ་ངེས་ཚིག་དབྱེ་བ་ཁྱད༔ ངོ་བོ་ཉན་ཐོས་ལྟ་སྤྱོད་བསྡོངས༔ ངེས་ཚིག་སྟོན་པས་གསུངས་པའི་ཆོས༔ ཡིད་ཀྱིས་ཉན་པས་རྣ་བར་ཐོས༔ དབྱེ་ན་སྤྲུལ་པའི་
ཉན་ཐོས་དང་༔ བྱང་ཆུབ་སེམས་དཔའི་ཉན་ཐོས་དང་༔ གྲུབ་མཐའ་འཛིན་པའི་ཉན་ཐོས་དང་༔ མངོན་པའི་ང་རྒྱལ་ཅན་དང་ནི༔ ཞི་བ་བགྲོད་དང་ཕྱོགས་གཅིག་པ༔ དེ་ལས་གྱེས་པ་རྣམ་པ་བཞི༔ གནས་བརྟན་པ་དང་ཕལ་ཆེན་པ༔ ཐམས་ཅད་ཡོད་སྨྲ་མང་པོས་བཀུར༔ དེ་ལས་གྱེས་པ་བཅོ་བརྒྱད་དོ༔ ཕལ་ཆེན་མཁན་པོ་འོད་སྲུངས་ཀྱི༔ རིགས་ནི་བྲམ་ཟེ་ལྷ་ཡི་སྐད༔ སྣམ་སྦྱར་དུམ་དགུ་ཉེར་ལྔའི་བར༔ རྟགས་ནི་ཨུཏྤལ་ལས་མཚན་པ༔ དེ་ལས་སྔར་གྱི་ཤར་རིའི་སྡེ༔ ནུབ་རི་གངས་རི་གནས་པའི་སྡེ༔ འཇིག་རྟེན་འདས་སྨྲ་རྟག་པར་སྨྲ༔ ཡོད་སྨྲའི་མཁན་པོ་སྒྲ་གཅན་འཛིན༔ རྒྱལ་རིགས་སང་སྐྲྀ་ཏ་ཡི་སྐད༔ སྣམ་སྦྱར་དུམ་དགུ་ཉེར་ལྔའི་བར༔ ཨུཏྤལ་པདྨ་རིན་ཅེན་མཚན༔ དེ་ལས་གཞི་ཀུན་ཡོད་སྨྲ་དང་༔ འོད་སྲུངས་ས་སྲུངས་ཆོས་སྲུངས་ཏེ༔ མང་ཐོས་གོས་དམར་ཅན་གྱི་སྡེ༔ རྣམ་པར་ཕྱེ་སྟེ་གསལ་སྡེ་བདུན༔ གནས་བརྟན་མཁན་པོ་ཀཱ་ཏྱ་ཡ༔ དམངས་
༄༅༔ ༔རིགས་སྐད་ནི་ཟུར་ཆག་པ༔ སྣམ་སྦྱར་དུམ་དགུ་ཉེར་ལྔའི་བར༔ རྟགས་ནི་གཡུང་དྲུང་གིས་མཚན་པ༔ དེ་ལས་རྒྱལ་བྱེད་ཚལ་གནས་དང་༔ འཇིགས་མེད་རི་གནས་གཙུག་ལག་ཁང་༔ མང་པོས་བཀུར་བའི་མཁན་པོ་ནི༔ ཉེ་བར་འཁོར་ཏེ་འབྲེག་མཁན་རིགས༔ སྐད་ནི་ཐ་མལ་པ་ཡི་སྐད༔ སྣམ་སྦྱར་གནས་བརྟན་པ་དང་མཐུན༔ དེ་ལས་གསུམ་གྱེས་ས་སྒྲོགས་རི༔ ས་སྲུངས་གནས་མལ་བུ་ཡི་སྡེ༔ ཁྱད་པར་འཕགས་ཚུལ་བསྟན་པ་ནི༔ མུ་སྟེགས་ལྟ་བ་རྟག་ཆད་གཉིས༔ སྤྱོད་པ་མི་དགེ་རང་དོན་སྤྱོད༔ ཕྱིན་ཅི་ལོག་བཞིའི་སྒོ་ནས་སྒྲུབ༔ འབྲས་བུ་འཇིག་རྟེན་འདི་ཡི་ལྷ༔ དབང་ཕྱུག་ཚངས་པ་ཁྱབ་འཇུག་སོགས༔ དེ་ལས་ཉན་ཐོས་ཁྱད་འཕགས་ཏེ༔ ལྟ་བ་གང་ཟག་བདག་མེད་དང་༔ སྤྱོད་པ་དགེ་བཅུ་རང་དོན་སྤྱོད༔ སྒོམ་པ་བདེན་བཞིའི་སྒོ་ནས་བསྒྲུབ༔ འབྲས་བུ་དགྲ་བཅོམ་ཐོབ་པའོ༔ ལོ་པཎ་བཀའི་ཐང་ཡིག་ལས་ཐེག་པའི་ཤན་འབྱེད་བསྟན་པའི་ལེའུ་སྟེ་ཉེར་གསུམ་པའོ༔
ཐྲཐཉྲརྦྱ།རྦྱ།༔ ༔