༄༅། །བཀའ་ཐང་སྡེ་ལྔ།
ལེའུ་ཉེར་དགུ་པ། ཨ་ནུ་ཡོ་གའི་ཐེག་པ་བསྟན་པ།
ལེའུ་སྔོན་མ།
ལེའུ་རྗེས་མ།

(ལེའུ་ཉེར་དགུ་པ། ཨ་ནུ་ཡོ་གའི་ཐེག་པ་བསྟན་པ།)

ཨ་ནུ་ཡོ་གའི་ཐེག་པ་ལ་ཡང་གསུམ༔ ངོ་བོ་ངེས་ཚིག་དབྱེ་བའོ༔ ངོ་བོ་ཨ་ནུའི་ལྟ་སྤྱོད་བསྡོངས༔ ངེས་ཚིག་རྣལ་འབྱོར་བླ་ན་མེད༔ གསུམ་པ་ཨ་ནུའི་ཆེ་བ་བཅུ༔ དང་པོ་ཨ་ནུའི་དམ་ཚིག་ནི༔ རང་གི་ལྟ་བ་དམ་ཚིག་སྟེ༔ དེ་ནི་རྣལ་འབྱོར་ཆེན་པོ་ཡི༔ དམ་ཚིག་ཆེན་པོ་ཉིད་ཡིན་ནོ༔ གཉིས་པ་ཨ་ནུའི་སྤྱོད་པ་ནི༔ ཐམས་ཅད་མཉམ་པ་ཉིད་གནས་

4-72a

༄༅༔       ༔ཤིང་༔ ཏིང་ངེ་འཛིན་གྱིས་བྱིན་བརླབས་སོ༔ དངོས་སུ་སྤྱོད་པ་ཐམས་ཅད་བྱ༔ གལ་ཏེ་དེ་ལྟར་མ་ནུས་ན༔ ཉེས་པ་རྡུལ་ཙམ་མེད་པར་བཤད༔ གསུམ་པ་ཨ་ནུའི་ལྟ་བ་ནི༔ ཡུལ་དུ་སྣང་བ་ཡུམ་གྱི་དབྱིངས༔ དེ་བཞིན་གཟུགས་ཀུན་ཡབ་ཀྱི་མཁའ༔ དེ་ལྟར་ཚུད་པའི་སྐྱེས་མཆོག་དེ༔ རྡོ་རྗེ་སེམས་དཔའི་མཚན་རྣམས་རྫོགས༔ བཞི་པ་ཨ་ནུའི་ཡེ་ཤེས་ནི༔ སྲིད་པ་གསུམ་གྱི་སེམས་ཅན་དང་༔ ཉན་ཐོས་རང་རྒྱལ་ཨུ་པ་དང་༔ དེ་བཞིན་ཀྲི་ཡོག་རྣལ་འབྱོར་ཀུན༔ ཐམས་ཅད་ཡེ་ཤེས་ངང་དུ་གསལ༔ ལྔ་པ་ཨ་ནུའི་ཚོགས་མཆོད་ནི༔ དམ་ཚིག་སྤྱོད་དང་ཡེ་ཤེས་དང་༔ གཞན་ཡང་མི་ཡི་རྟོག་པ་ཀུན༔ ཕྱི་དང་ནང་གི་སྤྱོད་ཡུལ་རྣམས༔ རྟོགས་ན་ཡེ་ཤེས་ཚོགས་སུ་གསུངས༔ དྲུག་པ་ཨ་ནུའི་སངས་རྒྱས་ནི༔ སྐུ་ནི་མ་སྐྱེས་སྟོང་པ་ཉིད༔ གསུང་ནི་རང་བཞིན་སྨོན་པ་མེད༔ ཐུགས་ནི་མ་གཡོས་ཆོས་ཉིད་ཐུགས༔ འདི་ལས་གཞན་ན་སངས་རྒྱས་

4-72b

མེད༔ བདུན་པ་ཨ་ནུའི་འཕྲིན་ལས་ནི༔ མཉམ་པ་ཆེན་པོས་དབང་བསྒྱུར་ནས༔ སེམས་ཅན་ཐམས་ཅད་དབྱིངས་ལ་བཀོད༔ མཚན་མར་བཏགས་པ་ཐམས་ཅད་ནི༔ ཡེ་ཤེས་གསལ་བ་དབྱིངས་ལ་བཀོད༔ འདི་ནི་ལས་རྣམས་རྫོགས་པ་ཡིན༔ གཞན་དུ་འཕྲིན་ལས་ཅི་ཡང་མེད༔ བརྒྱད་པ་ཨ་ནུའི་སྒྲིབ་པ་ནི༔ སྡུག་བསྔལ་ཉིད་ནི་བྱང་ཆུབ་ལ༔ འཁོར་བ་ཉིད་ནི་མྱ་ངན་འདས༔ དེ་བཞིན་སྒྲིབ་པ་ཆོས་ཀྱི་དབྱིངས༔ སྒྲིབ་པ་ཉིད་ནི་བྱང་ཆུབ་འཐོབ༔ དགུ་པ་ཨ་ནུའི་རིག་འཛིན་ནི༔ རིག་པ་མེད་པའི་རིག་འཛིན་གྱི༔ ས་དང་ས་ཡི་རིམ་པ་ནི༔ གཅིག་ཏུ་ཆད་པ་མེད་པས་ན༔ འདི་ནི་རིག་འཛིན་ས་ཡིན་ནོ༔ བཅུ་པ་ཨ་ནུའི་ཆད་པ་ནི༔ སྐུ་ནི་མི་གཡོ་དབྱིངས་སུ་འགྱུར༔ གསུང་ནི་ཐམས་ཅད་ཀུན་ལ་སྤྲོ༔ ཐུགས་ནི་རང་བཞིན་ངང་ལ་གནས༔ ཆད་པའི་གནས་ནི་སྐུ་གསུང་ཐུགས༔ ལོ་པཎ་བཀའི་ཐང་ཡིག་ལས་ཨ་ནུ་ཡོ་གའི་ཐེག་པ་བསྟན་པའི་ལེའུ་སྟེ་ཉེར་དགུ་པའོ༔       ཐྲཐཉྲརྦྱ།རྦྱ།༔       ༔