༄༅། །བཀའ་ཐང་སྡེ་ལྔ།
ལེའུ་སུམ་ཅུ་པ། ཨ་ཏིའི་ཐེག་པ་བསྟན་པ།
ལེའུ་སྔོན་མ།
ལེའུ་རྗེས་མ།
4-73a

(ལེའུ་སུམ་ཅུ་པ། ཨ་ཏིའི་ཐེག་པ་བསྟན་པ།)

༄༅༔       ༔ ཨ་ཏིའི་ཐེག་པ་ལ་ཡང་གསུམ༔ ངོ་བོ་ངེས་ཚིག་དབྱེ་བའོ༔ ངོ་བོ་ཨ་ཏིའི་ལྟ་སྤྱོད་བསྡོངས༔ ངེས་ཚིག་ཤིན་ཏུ་རྣལ་འབྱོར་རོ༔ ཨ་ཏིའི་བྱ་བ་ལ་ཡང་བཅུ༔ དང་པོ་ཨ་ཏིའི་དམ་ཚིག་ནི༔ མེད་པ་དང་ནི་འཆལ་པ་ཡིན༔ གཅིག་པུ་དང་ནི་ལྷུན་གྱིས་གྲུབ༔ རིགས་སུ་ཆད་པ་མེད་པས་ན༔ འདི་ནི་དམ་ཚིག་མཆོག་ཏུ་གསུངས༔ གཉིས་པ་ཨ་ཏིའི་སྤྱོད་པ་ནི༔ སྤྱོད་པར་མ་གྲུབ་གང་ཡང་མེད༔ མུ་སྟེགས་ཀྲི་ཡའི་སྤྱོད་པ་དང་༔ སྲིད་གསུམ་སེམས་ཅན་ཐམས་ཅད་དང་༔ འགྲོ་བ་རིགས་དྲུག་ལ་སོགས་པ༔ སྐྱེ་བ་རྣམ་བཞིར་གཏོགས་པ་རྣམས༔ རྫོགས་ཏེ་རང་བཞིན་ལྷུན་གྱིས་གྲུབ༔ གསུམ་པ་ཨ་ཏིའི་ལྟ་བ་ནི༔ མ་སྤངས་བཞིན་དུ་ལྷུན་གྱིས་རྫོགས༔ དབྱེ་བ་མེད་པ་ཆོས་ཀྱི་སྐུ༔ ལྟ་བ་མེད་པ་ལྟ་བའི་མཆོག༔ འདི་ནི་ལྟ་བ་དམ་པའོ༔ བཞི་པ་ཨ་ཏིའི་ཡེ་ཤེས་ནི༔ ས་དང་ཆུ་དང་མེ་དང་རླུང་༔ དེ་བཞིན་སྣོད་བཅུད་འཇིག་རྟེན་ན༔

4-73b

ཀུན་གྱི་རང་བཞིན་ཡེ་ཤེས་དབྱིངས༔ དབྱིངས་ལས་མ་གཡོས་ཡེ་ཤེས་མེད༔ ལྔ་པ་ཨ་ཏིའི་ཚོགས་མཆོད་ནི༔ ཇི་ལྟར་ནོར་བུ་རིན་པོ་ཆེ༔ བསམ་པའི་རེ་བ་རྫོགས་པའི་ཕྱིར༔ རྣལ་འབྱོར་དབང་ཕྱུག་ཆེན་པོ་ཡི༔ སྐུ་ལ་མ་རྫོགས་གཅིག་ཀྱང་མེད༔ འདི་ནི་ཚོགས་ཀྱི་དམ་པ་ཡིན༔ དྲུག་པ་ཨ་ཏིའི་སངས་རྒྱས་ནི༔ ངན་སོང་རྒྱུ་སོང་སངས་རྒྱས་དང་༔ མཐོ་རིས་འཕགས་པ་མན་ཆད་དང་༔ དེ་བཞིན་དམྱལ་བའི་འཇིག་རྟེན་ཡང་༔ སངས་རྒྱས་ས་ཡི་རང་བཞིན་ནོ༔ བདུན་པ་ཨ་ཏིའི་འཕྲིན་ལས་ནི༔ ཐམས་ཅད་སྤྱོད་ཅིང་ཐམས་ཅད་བྱེད༔ གཟུགས་བསྐྱེད་ཐམས་ཅད་ཕྱག་རྒྱ་ཡིན༔ སྨྲ་བརྗོད་ཐམས་ཅད་སྔགས་ཚིག་སྟེ༔ ཐུགས་ཀྱི་རང་བཞིན་གཡོ་བ་མེད༔ བརྒྱད་པ་ཨ་ཏིའི་སྒྲིབ་པ་ནི༔ མ་སྐྱེས་པ་དང་མ་བྱུང་དང་༔ མི་གནས་པ་ལ་སྒྲིབ་པ་མེད༔ འདི་ལྟར་ལྟ་བ་རྟོགས་ཚུད་ན༔ ཀུན་ཏུ་བཟང་པོ་མཆོག་གི་ས༔ དགུ་པ་ཨ་ཏིའི་རིག་འཛིན་ནི༔ དཔེ་བྱད་མཚན་རྣམས་ཡོངས་སུ་

4-74a

༄༅༔       ༔རྫོགས༔ བདག་ཉིད་ཆེན་པོར་ཡོངས་རྫོགས་ནས༔ ཐམས་ཅད་མ་གྲོལ་གཅིག་ཀྱང་མེད༔ དེ་དག་སྔགས་ཀྱི་ཆེ་བ་སྟེ༔ དམ་ཚིག་དང་ནི་སྤྱོད་པ་དང་༔ ལྟ་བ་དང་ནི་ཡེ་ཤེས་དང་༔ ཚོགས་དང་སངས་རྒྱས་རྣམས་དང་ནི༔ འཕྲིན་ལས་ཀུན་གྱི་སྒྲིབ་པ་དང་༔ རིག་འཛིན་ས་དང་ཆད་པ་བཅུ༔ ལོ་པཎ་བཀའི་ཐང་ཡིག་ལས་ཨ་ཏིའི་ཐེག་པ་བསྟན་པའི་ལེའུ་སྟེ་སུམ་ཅུ་པའོ༔       ཐྲཐཉྲརྦྱ།རྦྱ།༔       ༔