༄༅། །བཀའ་ཐང་སྡེ་ལྔ།
ལེའུ་སོ་བཞི་པ། མདོར་བསྡུས་གཞི་ལམ་འབྲས་བུ་བསྟན་པ།
ལེའུ་སྔོན་མ།
ལེའུ་རྗེས་མ།

(ལེའུ་སོ་བཞི་པ། མདོར་བསྡུས་གཞི་ལམ་འབྲས་བུ་བསྟན་པ།)

མདོར་བསྡུས་གཞི་ལམ་འབྲས་བུ་ཡི༔ ངོ་བོ་ངེས་ཚིག་མཚན་ཉིད་དང་༔ དབྱེ་བ་གཞན་སེལ་དང་ནི་ལྔ༔ གཞི་ཡི་ངོ་བོ་གཉིས་སུ་མེད༔ ངེས་ཚིག་ཐམས་ཅད་འབྱུང་ཕྱིར་གཞི༔ མཚན་ཉིད་ཡེ་ཤེས་རྣམ་པ་ལྔ༔ དབྱེ་བ་རྣམ་

4-104b

པ་གསུམ་ཡིན་ཏེ༔ དེ་དག་དོན་གྱི་ཀུན་གཞི་དང་༔ སྣ་ཚོགས་གསོག་པའི་ཀུན་གཞི་དང་༔ འབྱོར་པ་དོན་གྱི་ཀུན་གཞིའོ༔ མ་རིག་ལོག་རྟོག་སེལ་བ་ནི༔ སྟོང་པར་འདུག་པས་དངོས་པོ་སེལ༔ གཉིས་མེད་ཡིན་པས་གཉིས་སྣང་སེལ༔ རང་བྱུང་ཡིན་པས་རྒྱུ་རྐྱེན་སེལ༔ ལྷུན་གྲུབ་ཡིན་པས་རེ་དོགས་སེལ༔ དག་པ་ཡིན་པས་དྲི་མ་སེལ༔ མེད་དང་ཡོད་པའི་རྟག་ཆད་བྲལ༔ གཞལ་ལུགས་བསམ་གྱིས་མི་ཁྱབ་ཀྱང་༔ ཡེ་ཤེས་རྣམ་པ་གསུམ་ཡིན་ནོ༔ འཁྲུལ་གཞི་རྣམ་པ་མང་བཤད་ཀྱང་༔ ལྷུན་གྲུབ་དང་ནི་ཐུགས་རྗེའོ༔ གཞི་ལ་གནས་པའི་ཡེ་ཤེས་ཀྱིས༔ རང་བཞིན་ཤུགས་ཀྱིས་འཆར་གཞི་བྱེད༔ མཚན་ཉིད་འཛིན་པའི་ཡེ་ཤེས་ཀྱིས༔ སྐྱོན་གྱིས་དག་པ་སྨིན་པར་བྱེད༔ ཤེས་དང་ཤེས་བྱའི་ཡེ་ཤེས་ཀྱིས༔ མོས་གུས་ཅན་ལ་དངོས་གྲུབ་སྟེར༔ ཐོག་མའི་ངོ་བོ་རང་བཞིན་དང་༔ ཐེག་པ་རྣམ་པ་གསུམ་དུ་གནས༔ དེ་ཡང་ངོ་བོ་སྐུར་གནས་པས༔ ཆོས་སྐུ་ལོངས་

4-105a

༄༅༔       ༔སྐུ་སྤྲུལ་སྐུར་འཆར༔ རང་བཞིན་འཆར་བྱེད་ལུས་ཀྱི་ཚུལ༔ དཀར་དམར་སེར་དང་ལྗང་མཐིང་ནི༔ མཚན་མའི་རིགས་ཅན་མ་ཡིན་པར༔ རིགས་མེད་ཤེས་བྱའི་རྩལ་ལས་གྲུབ༔ ཐུགས་རྗེས་འཆར་བ་སྣ་ཚོགས་པ༔ འདི་འདྲ་གཅིག་ཏུ་ངེས་མེད་པས༔ སྣ་ཚོགས་སྣང་ཕྱིར་གཞི་ཞེས་བྱ༔ གཞི་ནས་ཡེ་ཤེས་གསུམ་ཡིན་ཏེ༔ ངོ་བོ་ཀ་དག་ཡེ་ཤེས་དང་༔ རང་བཞིན་ལྷུན་གྲུབ་ཡེ་ཤེས་དང་༔ ཐུགས་རྗེས་རང་སྣང་ཡེ་ཤེས་སོ༔ ངོ་བོ་ཀ་དག་ཡེ་ཤེས་ལ༔ མ་རིག་པ་དག་མི་སྲིད་པས༔ གཅིག་དང་གཉིས་ཞེས་བགྲང་མེད་དོ༔ གང་དུ་མ་ཕྱེ་ཆོས་ཉིད་ལ༔ ཡེ་ཤེས་ཙམ་དུ་གྲུབ་པ་མེད༔ རང་བྱུང་ལྷུན་གྲུབ་ཡེ་ཤེས་ཞེས༔ མི་སྐྱེ་མི་འགག་ཅིར་མི་དགོངས༔ ཡུལ་དང་ངེས་པ་མེད་པའི་ཕྱིར༔ རྩལ་དང་ཡོན་ཏན་འགག་མེད་པས༔ རོལ་པ་ཙམ་དུ་སྣང་པ་ལས༔ སྣ་ཚོགས་རྫོགས་པའི་གཞི་མའོ༔ ཐུགས་རྗེས་ཀུན་ཁྱབ་ཡེ་ཤེས་ལས༔ མི་

4-105b

འཛད་སྣ་ཚོགས་འཆར་བའི་སྒོ༔ འཛད་ལྟར་སྣང་བའི་ངོ་བོར་རྫོགས༔ ཆོས་སྐུ་སྟོང་པའི་རང་བཞིན་ལས༔ ཡེ་ཤེས་མཁྱེན་པ་རྫོགས་པའི་ཚེ༔ ཤུགས་ཀྱིས་སེམས་ཅན་རྣམས་ལ་འཆར༔ འདི་མེད་འཁོར་བ་འདས་ཏེ་ཆད༔ མཁྱེན་པས་རིག་ཅིང་གསལ་བའོ༔ ངོ་བོ་ཀ་དག་ཡེ་ཤེས་ནི༔ བདེ་གཤེགས་ཆོས་ཀྱི་ཀློང་ཡངས་གསལ༔ སྤྲོས་བྲལ་ཆོས་ཉིད་ཀ་དག་ནི༔ ངོ་བོ་རྣམ་དག་ཆོས་ཉིད་གཞི༔ དེ་ལ་ཚིག་མེད་ཡི་གེ་བྲལ༔ བརྗོད་པ་གཏན་ལ་དབབ་ཏུ་མེད༔ སྒྲོ་འདོགས་ཐ་སྙད་ཀུན་བྲལ་ཞིང་༔ གཟུང་དང་འཛིན་པའི་རྣམ་རྟོག་མེད༔ སངས་རྒྱས་མེད་ཅིང་སེམས་ཅན་མེད༔ ཆོས་མེད་ཆོས་ཀྱི་འདུ་ཤེས་མེད༔ གང་མེད་ཅི་མེད་ཅི་ཡང་མེད༔ དེ་ལྟར་མེད་པའི་སྙིང་པོ་ལ༔ རེ་ཞིག་ཚིག་གིས་གཏན་ཕབ་ནས༔ ངོ་བོ་ཉིད་ནི་ཀ་དག་ལ༔ རང་བཞིན་ཉིད་དུ་ལྷུན་གྲུབ་བོ༔ དེ་ལྟར་ལྷུན་གྱིས་གྲུབ་ཤེས་ནས༔ ཇི་ལྟར་སྣང་བའི་ཆོས་རྣམས་ཀུན༔ བྱང་ཆུབ་

4-106a

༄༅༔       ༔སེམས་ཀྱི་ཆོས་ཉིད་ཀྱིས༔ མི་སྣང་བ་ལ་དངོས་སུ་འབྱིན་ནུས་པས༔ ཆོས་ཉིད་སྙིང་པོ་ཡིན་པར་ཡིད་ཀྱང་ཆེས༔ རྒྱུ་ལས་མ་བྱུང་རྐྱེན་གྱིས་མི་འཇིགས་པས༔ རང་བྱུང་ཡེ་ཤེས་ཡིན་པར་ཡིད་ཀྱང་ཆེས༔ རང་བཞིན་བཅུ་ཡིས་བཙལ་དུ་མེད་པའི་ཕྱིར༔ བསྟན་པའི་སྒྲོན་མེ་ཡིན་པར་ཡིད་ཀྱང་ཆེས༔ སྡེ་སྣོད་ཀུན་དང་རྒྱུད་སྡེ་ཀུན་རྣམས་ཀྱི༔ འབྱུང་གནས་གཏན་ལ་འབེབས་པའི་ཕྱིར༔ ཀུན་གྱི་སྤྱི་འགྲེལ་ཡིན་པར་ཡིད་ཀྱང་ཆེས༔ རྒྱུ་འབྲས་ཐེག་པ་ཀུན་ལས་ཁྱད་འཕགས་པས༔ ཐེག་པའི་ཡང་རྩེ་ཡིན་བར་ཡིད་ཀྱང་ཆེས༔ དུས་གསུམ་སངས་རྒྱས་ཀུན་གྱི་ལམ་ཡིན་པས༔ རྣམ་དག་ལམ་ཆེན་ཡིན་པར་ཡིད་ཀྱང་ཆེས༔ ཐམས་ཅད་སེམས་སུ་འདུས་པའི་ཕྱིར༔ ཀུན་གྱི་རྩ་བ་ཡིན་པར་ཡིད་ཀྱང་ཆེས༔ ཐམས་ཅད་སེམས་ལ་གནས་པའི་ཕྱིར༔ ཀུན་གྱི་གཞི་མ་ཡིན་པར་ཡིད་ཀྱང་ཆེས༔ ཐམས་ཅད་སེམས་ལས་བྱུང་བའི་ཕྱིར༔

4-106b

ཀུན་གྱི་འབྱུང་གནས་ཡིན་པར་ཡིད་ཀྱང་ཆེས༔ ཐམས་ཅད་སེམས་ཀྱིས་བྱས་པའི་ཕྱིར༔ ཀུན་གྱི་མཁན་པོ་ཡིན་པར་ཡིད་ཀྱང་ཆེས༔ ཐམས་ཅད་སེམས་ལས་མེད་པའི་ཕྱིར༔ ཀུན་གྱི་ངོ་བོ་ཡིན་པར་ཡིད་ཀྱང་ཆེས༔ སྣང་བ་མེད་ལས་ཀུན་ལ་ཁྱབ་པའི་ཕྱིར༔ བརྡལ་བ་ཆེན་པོ་ཡིན་པར་ཡིད་ཀྱང་ཆེས༔ གཅིག་དང་དུ་མར་བགྲང་དུ་མེད་པའི་ཕྱིར་༔ ཐིག་ལེ་ཉག་གཅིག་ཡིན་པར་ཡིད་ཀྱང་ཆེས༔ དུས་གསུམ་འཕོ་འགྱུར་མེད་པར་གནས་པའི་ཕྱིར༔ མི་ནུབ་རྒྱལ་མཚན་ཡིན་པར་ཡིད་ཀྱང་ཆེས༔ ཆོས་ཀྱི་རང་བཞིན་མ་ངེས་པས༔ ལྟ་བ་ངོས་བཟུང་མེད་པར་ཡིད་ཀྱང་ཆེས༔ རང་ལ་ཡོད་ཀྱང་རྟོགས་པར་དཀའ་བའི་ཕྱིར༔ གསང་སྔགས་མན་ངག་ཡིན་པར་ཡིད་ཀྱང་ཆེས༔ དེ་ལྟར་བྱང་ཆུབ་སེམས་ཉིད་དུ༔ སངས་རྒྱས་ཀུན་གྱི་དགོངས་འདུས་ཏེ༔ སྤྱི་འདུས་དགོངས་འདུས་ཐམས་ཅད་འདུས༔ དཔེ་ཡིས་འདུས་ལ་དོན་གྱིས་འདུས༔ རྟགས་དང་གཏན་ཚིགས་མཐུན་

4-107a

༄༅༔       ༔པར་འདུས༔ སྤྱི་ཡི་འདུས་པར་བསྟན་པ་ནི༔ རབས་བདུན་ཤཱཀྱ་ཐུབ་པ་དང་༔ སྟོང་རྩ་གཉིས་ཀྱི་དགོངས་པ་ཡང་༔ ཆོས་ཉིད་བྱང་ཆུབ་སེམས་སུ་འདུས༔ དགོངས་ཀྱི་འདུས་པར་བསྟན་པ་ཡང་༔ ཀུན་ཏུ་བཟང་པོའི་དགོངས་པ་འདུས༔ བཟང་ངན་བླང་དོར་མེད་པར་འདུས༔ རྡོ་རྗེ་སེམས་དཔའི་དགོངས་པ་འདུས༔ སྐྱེ་འགག་འཕོ་འགྱུར་མེད་པར་འདུས༔ རྣམ་པར་སྣང་མཛད་དགོངས་པ་འདུས༔ ཡེ་ཤེས་ཀུན་གྱི་ལུས་ཅན་འདུས༔ རིན་ཅེན་འབྱུང་གནས་དགོངས་པ་འདུས༔ ཟག་མེད་གཏེར་གྱི་དགོངས་པ་འདུས༔ སྣང་བ་མཐའ་ཡས་དགོངས་པ་འདུས༔ ཁྱབ་གདལ་ཆེན་པོའི་དགོངས་པར་འདུས༔ དོན་ཡོད་གྲུབ་པའི་དགོངས་པ་འདུས༔ ཐོགས་མེད་ཡེ་ཤེས་དགོངས་པ་འདུས༔ དཔེ་ནི་ཀུན་དཔེ་ནམ་མཁར་འདུས༔ དོན་ནི་ཀུན་རྫོབ་ཆོས་ཉིད་འདུས༔ རྟགས་ནི་བྱང་ཆུབ་སེམས་སུ་འདུས༔ གཏན་ཚིགས་རང་བྱུང་ཡེ་ཤེས་འདུས༔

4-107b

རང་ཉིད་ལྷ་ཡི་གཟུགས་སྣང་སྟེ༔ རང་བཞིན་ལྷུན་གྲུབ་ཡེ་ཤེས་ནི༔ སེམས་ཅན་ཀུན་གྱི་སེམས་གཅིག་པུ༔ རང་བཞིན་དག་པ་དྲི་མ་མེད༔ ཕུང་པོ་ལྔ་དོན་སངས་རྒྱས་ལྔ༔ འབྱུང་བ་ལྔ་དོན་དབྱིངས་ཕྱུག་ཡུམ༔ ཁམས་དང་སྐྱེ་མཆེད་མང་པོ་ཀུན༔ སེམས་དཔའ་སེམས་མའི་དཀྱིལ་འཁོར་ཡིན༔ བབས་ལས་གྲུབ་པའི་གནས་ལུགས་བདུན༔ གནས་པ་བདུན་གྱི་ཚུལ་དུ་ཡང་༔ སྣ་ཚོགས་ངོས་ནས་ལྷུན་གྲུབ་པ༔ འགྱུས་ཚེ་ཆ་ནས་ངེས་མེད་པ༔ མི་འགྱུར་བ་ལ་ངེས་པ་ཅན༔ སྣང་བའི་ཚད་ནི་ཅིར་ཡང་སྒྱུར༔ ཐམས་ཅད་འབྱུང་ཕྱིར་ཁས་ལེན་བྱས༔ འཁྲུལ་པ་དག་ཕྱིར་ཀ་དག་ལ༔ སྣང་ཚུལ་ཐ་དད་ཁྲ་བོར་འདོད༔ དེ་རྣམས་ཀུན་གྱི་རྩ་བ་ནི༔ འཁྲུལ་ལུགས་ལ་ནི་རྣམ་པ་བདུན༔ འཁྲུལ་གཞི་རྒྱུ་དུས་ངོ་བོ་དང་༔ ཚུལ་དང་འབྲས་བུ་དཔེ་བསྟན་པ༔ དང་པོ་འཁྲུལ་པའི་བཤད་པ་ནི༔ སངས་རྒྱས་ཀུན་གྱི་མེས་ཆེན་པོས༔ མཚོན་རྩི་ངོས་

4-108a

༄༅༔       ༔གཟུང་མེད་པར་གཅིག༔ དུས་གསུམ་འདུས་མ་བྱས་པ་རུ༔ རྒྱུ་དང་རྐྱེན་གྱིས་མ་བསྐྱེད་པར༔ ཆོས་རྣམས་ཀུན་གྱི་སྙིང་པོ་ཅན༔ རང་བཞིན་ལྷུན་གྱིས་གྲུབ་ནས་བཞུགས༔ རྣམ་པ་ཀུན་ལྡན་རྣམ་པ་མེད༔ དག་དང་མ་དག་རྣམ་པ་ཅན༔ ཡོད་ཀྱང་རང་གིས་མ་མཐོང་བས༔ སྐྱེས་བུའི་ལུས་ཕྱེད་འགྲོགས་པ་འདྲ༔ འཁྲུལ་པའི་རྒྱུ་ནི་མ་རིག་པ༔ མ་རིག་པ་ལ་རྣམ་པ་གསུམ༔ བདག་ཉིད་གཅིག་པུས་འཁྲུལ་རྩ་བྱེད༔ ལྷན་ཅིག་སྐྱེས་ཕ་རྟོག་པ་གཉིས༔ ཀུན་ཏུ་བརྟགས་པས་ཡུལ་དུ་གྱུར༔ མེད་ལ་ཡོད་པར་བརྟགས་པའོ༔ འཁྲུལ་པའི་དུས་ནི་སྤྱོད་བྱེད་ཀྱི༔ ཤེས་པ་ཞུགས་པའི་ཚེ་འཁྲུལ་ཏེ༔ ཀུན་གཞི་ཆོས་དབྱིངས་མཉམ་པ་ཉིད༔ ཆོས་ཀྱི་སྐུ་རུ་གནས་པ་ལ༔ རིག་པ་རང་ལས་གཞན་དུ་བཅད༔ ཡུལ་སེམས་གཉིས་སུ་བཟུང་ཚེ་འཁྲུལ༔ རྒྱུ་དང་བྱེད་མེད་རྩ་བས་ཏེ༔ རང་ངོ་ཡིན་པར་མ་ཤེས་པས༔ འདི་ནི་འཁོར་

4-108b

བའི་ཐོག་མའོ༔ སྣང་བ་འཁྲུལ་པའི་ང་བདག་སྟེ༔ ཀུན་གཞི་མཉམ་ཉིད་ཆེན་པོ་ལ༔ ཉོན་མོངས་ཅན་གྱི་ཡིད་ཀྱིས་ནི༔ ཁ་ནི་ནང་བལྟས་བདག་ཏུ་བཟུང་༔ ཡིད་ཀྱི་རྣམ་ཤེས་ཁ་ཕྱིར་བསྟན༔ སྒོ་ལྔའི་རྣམ་ཤེས་རྗེས་འབྲངས་ནས༔ རྟོག་གཞིགས་སྣ་ཚོགས་བསགས་པས་ཏེ༔ དགྲ་གཉེན་ལ་སོགས་བཟུང་བས་འཁྲུལ༔ མདོ་སྡེ་ལང་ཀར་གཤེགས་པ་ལས༔ སེམས་ནི་ཀུན་གཞི་རྣམ་ཤེས་ཏེ༔ རང་སེམས་ཉིད་ནི་ཡིད་བཞིན་ནོ༔ གང་གིས་ཡུལ་རྣམས་འཛིན་པ་ནི༔ དེ་ནི་རྣམ་པར་ཤེས་པར་བྱ༔ སེམས་ནི་རྟག་ཏུ་ལུང་མ་བསྟན༔ ཡིད་ནི་གཉིས་ཀར་གྱུར་བས་ཏེ༔ རྣམ་པར་ཤེས་པ་འབྱུང་བ་ཡང་༔ དེ་ནི་དགེ་དང་མི་དགེའོ༔ འཁྲུལ་ཚུལ་སེམས་ངོ་གང་དུ་ཡང་༔ མ་གྲུབ་མི་རྟག་མེད་པ་ལ༔ ཕྱི་ནང་སྣོད་བཅུད་གཉིས་སུ་བཏགས༔ ཡུལ་འཁོར་བུ་ནོར་དགྲ་གཉེན་འཛིན༔ མི་རྟག་ཆོས་ལ་དགྲར་ཞེན་འཁྲུལ༔ འཁྲུལ་པའི་འབྲས་བུ་རིགས་དྲུག་གི༔ གནས་སུ་

4-109a

༄༅༔       ༔སྡུག་བསྔལ་ཉམས་སུ་མྱོང་༔ དེ་རྣམས་གཞན་གྱིས་བྱས་པ་མིན༔ རང་སེམས་འཁྲུལ་ལས་བྱུང་བའོ༔ སྤྱིར་ན་འཁྲུལ་གཞི་ཞེས་བྱ་སྟེ༔ མ་རིག་ཉིད་དང་སྦགས་པའི་ཕྱིར༔ ཤེས་བྱ་ཉིད་ཀྱང་དྲི་མར་སྣང་༔ སེམས་ལ་དྲན་སེམས་འཆར་བའི་ཕྱིར༔ ངོ་བོ་ཉིད་ནི་རྟོག་པས་སྦགས༔ རིགས་དྲུག་འཛིན་པ་མ་འགགས་ཕྱིར༔ ཆོས་སྐུ་ཉིད་ཀྱང་འཛིན་པས་བཅིངས༔ ཆ་མེད་ཡུལ་དང་བཅས་པའི་ཕྱིར༔ འོད་གསལ་ཉིད་ཀྱང་བག་ལ་ཆགས༔ རྐྱེན་གཞིའི་དམིགས་པ་མ་དག་ཕྱིར༔ སྣང་བ་ཉིད་ཀྱང་དུ་མར་ཤར༔ སྣང་བ་དེ་ཉིད་ཡུལ་སྣང་ཕྱིར༔ དེ་ལས་ཕྱི་དང་ནང་ཉིད་ཆགས༔ མཁའ་ལ་རླུང་བརྟན་དེ་ལ་ཆུ༔ འབུམ་ཕྲག་བཅུ་དྲུག་དག་གིས་ནི༔ ཟླུམ་ལ་འདྲིལ་བ་ཉིད་དུ་ཆགས༔ དེ་སྟེང་ས་ཆེན་བརྟེན་པའི་སྟེང་༔ རི་རབ་རི་ཡི་རྒྱལ་པོ་ནི༔ བང་རིམ་བཞི་དང་ལྕོག་ཆེན་བཞི༔ རོལ་མཚོ་དང་ནི་རི་རྣམ་བདུན༔ གླིང་རྣམས་

4-109b

དང་ནི་ཁོར་ཡུག་ཆགས༔ སྟོང་གསུམ་ལ་སོགས་ཁམས་རྣམས་སོ༔ དེར་བརྟེན་ནང་བཅུད་སེམས་ཅན་ཀྱང་༔ འདོད་དང་གཟུགས་དང་གཟུགས་མེད་ཀྱི༔ ཁམས་གསུམ་པོ་ནི་དེ་ལ་རྟེན༔ ཡོད་མིན་ཅི་ཡང་མེད་པ་དང་༔ རྣམ་ཤེས་ཅུང་ཟད་མེད་པ་དང་༔ གཟུགས་མེད་རྣམས་ནི་དེ་ལས་སྐྱེས༔ གནས་གཙང་ལ་སོགས་ལུས་ཅན་ནི༔ གོང་ནས་གོང་དུ་ཐེག་པའི་ཚུལ༔ འོག་མིན་ལ་སོགས་འདོད་པའོ༔ ལྷ་དང་ལྷ་མིན་མི་རྣམས་ནི༔ མངོན་མཐོ་དེ་ལ་གནས་བྱེད་ཅིང་༔ བྱོལ་སོང་ཡི་དྭགས་དམྱལ་བ་དང་༔ སེམས་ཅན་དེ་དག་སྐྱེ་བ་བཞི༔ དེ་ལྟར་འཇིག་རྟེན་གསུམ་ན་ནི༔ ཕུང་པོ་ལྔ་དང་དབང་པོ་ལྔ༔ ཡན་ལག་ལྔ་དང་དོན་སྙིང་ལྔ༔ ཡུལ་ལྔ་དང་ནི་ཉོན་མོངས་ལྔ༔ སེམས་ལྔ་ཡིད་ལྔ་རྟོག་པ་ལྔ༔ གཟུང་འཛིན་འཁོར་བ་ཉིད་དུ་གྲུབ༔ ཕུང་པོ་ལྔ་དང་སྐྱེ་མཆེད་ལྔ༔ གཟུང་འཛིན་དག་གིས་བཟུང་ནས་ནི༔ འཁོར་བ་ཉིད་ལ་ཡུན་རིང་གནས༔

4-110a

༄༅༔       ༔ཁམས་གསུམ་པོ་ཡི་ཁང་པ་རུ༔ མིང་དང་གཟུགས་ཀྱི་བཙོན་རར་ཚུད༔ མ་རིག་ལ་སོགས་ལྕགས་ཀྱིས་བསྡམས༔ འཁོར་བའི་མུན་ནག་སྟུག་པོས་གཡོགས༔ འདོད་ཆགས་ཆེ་བའི་རོ་ལ་ཆགས༔ གཏི་མུག་ཞགས་པས་སྐེ་ནས་བཅིངས༔ ཞེ་སྡང་མེ་ཡིས་ཚད་པས་གདུངས༔ ང་རྒྱལ་དག་གིས་མགོ་ནས་གཏུམས༔ ཕྲག་དོག་ཉིད་ཀྱི་སྒོ་མོ་འཁྲིགས༔ ཁོང་ཁྲོ་ལ་སོགས་དམག་གིས་བསྐོར༔ གཟུང་འཛིན་ཞགས་པས་སྐེ་ནས་བསྡམས༔ སྔ་ཕྱི་བག་ཆག་འདམ་དུ་བྱིང་༔ རྣམ་སྨིན་ཉིད་དང་ལག་སྦྲེལ་ཏེ༔ ལས་ཀྱིས་མ་བུ་མཚམས་སྦྱར་ནས༔ གཅིག་ནས་གཅིག་ཏུ་ཟོ་ཆུ་བཞིན༔ བཟང་ངན་རིམ་པར་ལུས་བླངས་ཏེ༔ སོ་སོའི་གཟུགས་སུ་སྐྱེ་བར་འགྱུར༔ ངར་འཛིན་འཁོར་བའི་སྡུག་བསྔལ་འཁོར༔ ཁྱད་པར་ལུས་ཀྱི་གྲུབ་ཚུལ་ནི༔ ཡབ་ཡུམ་བར་དོའི་རྣམ་ཤེས་འཛོམ༔ པདྨར་ཆུད་པའི་ས་བོན་ནི༔ འཛིན་པ་ས་

4-110b

ཁམས་རང་བཞིན་ཏེ༔ ཆུས་བསྐྱེད་མེ་ཡིས་སྨིན་པར་བྱེད༔ རླུང་གིས་འཕེལ་བྱེད་ནམ་མཁའ་ཡིས༔ གོ་སྐབས་འབྱེད་པར་བྱེད་པ་ཡིན༔ དེ་ཉིད་སྐྱེ་བར་བྱེད་པ་ཡང་༔ བྷོ་ལ་ཀ་ཀོ་ལ་སྦྱར་བས༔ རག་པ་བདེ་བ་ཆགས་པ་ཉིད༔ ས་ནི་དེ་ལས་སྐྱེ་བར་འགྱུར༔ བྱང་སེམས་ཁུ་བའི་རང་བཞིན་ལས༔ ཆུ་ཡི་ཁམས་ནི་འབྱུང་བས་ཏེ༔ བསྐྱོད་པས་ལས་ནི་དྲོད་བསྐྱེད་དེ༔ གཡོ་བ་རླུང་དུ་རབ་ཏུ་གྲགས༔ བདེ་བ་ནམ་མཁའ་ཉིད་ཀྱི་ཁམས༔ ལྔ་པོས་རྣམ་པར་ཤེས་པ་བསྐོར༔ རྒྱུ་ནི་བར་དོའི་རྣམ་ཤེས་ཏེ༔ བག་ཆགས་ཉོན་མོངས་ཅན་གྱི་ཡིད༔ རླུང་གི་ངོ་བོ་གཟུགས་གཞན་མཐོང་༔ དེ་ནི་ངེས་པར་མི་ཤེས་ཤིང་༔ རླུང་ཙམ་གཅིག་པུར་རྨོངས་འདུ་བྱེད༔ ཀུན་གཞིའི་རྣམ་ཤེས་བཀུག་ནས་ནི༔ མངལ་འཇུག་བག་ཆགས་རྣམ་པར་སྤྱོད༔ བག་ཆགས་ཉིད་ཀྱིས་རྣམ་ཤེས་བཟུང་༔ དེ་ཚེ་ཁུ་ཁྲག་ཞུ་ཐིགས་ལས༔ འདྲེས་པ་རྒྱུ་རུ་གྱུར་པ་དང་༔ ཀུན་གཞིའི་

4-111a

༄༅༔       ༔རྣམ་ཤེས་རྒྱུར་བཅས་པ༔ ཇི་ལྟར་ཆང་རོས་མྱོས་པ་ལྟར༔ ཉོན་མོངས་ཅན་གྱི་སྲོག་རླུང་ཉིད༔ སྐད་ཅིག་གཅིག་ལ་ཡང་དག་འགྲོ༔ ནུར་ནུར་མེར་མེར་ལྟར་ལྟར་པོ༔ གོར་གོར་པོ་སྟེ་བདུན་ཕྲག་བཞི༔ ལས་རླུང་གིས་དཀྲུག་སྡུད་པར་བྱེད༔ ཁྲང་གྱུར་ཞག་ནི་དང་པོ་ནས༔ རང་སོང་ཕྱེད་དང་བཅུ་གསུམ་གྱི༔ ཚད་ལྡན་དབུ་མ་སྲོག་རླུང་བཅས༔ བསྐྱེད་ནས་སྙིང་དང་ལྟེ་བ་ཡི༔ འཁོར་ལོ་དྲུག་ཅུའི་རྟེན་ཆགས་ནས༔ ཉ་ཡི་རྣམ་པ་ལྟ་བུར་འགྱུར༔ ལྟེ་བར་མ་ཡི་རྩ་འབྲེལ་བས༔ རླུང་ཁྲག་རྒྱས་པར་བྱེད་པར་འགྱུར༔ དེ་ནས་ཟླ་བ་གཉིས་པ་ནས༔ ཞག་རེ་རྩ་ནི་ཉིས་བརྒྱ་ཆགས༔ སྲོག་ལས་ཐུར་སེལ་འཕྲོས་ནས་ནི༔ རུས་སྦལ་རྣམ་པ་ལྟ་བུར་བྱེད༔ ཟླ་བ་གསུམ་པར་གྱེན་རྒྱུ་ཡི༔ རླུང་གིས་སྟོད་རྣམས་འགྲུབ་པར་བྱེད༔ བཞི་པ་ཁྱབ་བྱེད་རླུང་རྣམས་ཀྱིས༔ ཡན་ལག་རྩ་རྣམས་སྣང་བར་བྱེད༔ ལྔ་པ་མཉམ་གནས་རླུང་འཕྲོས་

4-111b

ནས༔ ནང་གི་གནས་གཞན་འགྲུབ་པར་བྱེད༔ ཕག་རྒོད་སེང་གེའི་གནས་སྐབས་ཡིན༔ མཉམ་གནས་ཁྱབ་བྱེད་གཉིས་སྟོབས་རྫོགས༔ ལུས་ནི་འདར་དང་འགུལ་བར་བྱེད༔ དེ་དུས་རུས་ཚིགས་དུམ་བུ་ནི༔ ཉིས་བརྒྱ་དྲུག་ཅུ་ཆགས་པར་འགྱུར༔ དེ་ལྟར་ཕུང་པོ་ལྔ་རྫོགས་ནས༔ ཟླ་བ་དྲུག་པར་ཕྱིན་པ་ན༔ རླུང་གིས་རླུང་གི་སྟོབས་བསྐྱེད་ནས༔ ས་ཁམས་ལས་ནི་མིག་གཉིས་བསྐྱེད༔ དེ་ནས་བདུན་པར་རུས་སྦལ་རླུང་༔ སྤྲོས་ནས་ཆུ་ཁམས་སྣ་བུག་དོད༔ བརྒྱད་པ་མེ་ཡིས་རྣ་བ་བྱེར༔ དེ་ཚེ་ཚངས་པའི་རླུང་སྤྲོའོ༔ དགུ་པར་ལྷས་བྱིན་རླུང་བྱུང་ནས༔ རོ་ཅན་ལྕེ་ནི་སྐྱེད་པར་བྱེད༔ བཅུ་པར་ནོར་ལྷ་རྒྱལ་གྱི་རླུང་༔ སྐྱེས་ནས་རླུང་བཅུའི་ནུས་པ་རྫོགས༔ དེ་ལྟར་ཁམས་དང་སྐྱེ་མཆེད་རྫོགས༔ ཟླ་རེ་དྲུག་སྟོང་རྩ་ཆགས་པས༔ མངལ་དུ་སྟོང་ཕྲག་ལྔ་བཅུ་བཞི༔ སྐྱེས་ནས་ཟླ་བ་གཉིས་པ་ནས༔ སྟོང་ཕྲག་བདུན་ཅུ་རྩ་གཉིས་རྫོགས༔ དགུ་པ་ཟས་ནི་མི་

4-112a

༄༅༔       ༔གཙང་ཟ༔ དེ་ནས་སྙིགས་མའི་ཁམས་འབྱུང་ངོ་༔ བཀྲེས་སྐོམ་རླུང་གིས་ཚོར་བའོ༔ སྡུག་བསྔལ་དྲག་པོས་མྱོང་བར་འགྱུར༔ དེ་ཚེ་འབྱིན་པའི་རླུང་གིས་ནི༔ བསྒྱུར་ནས་སྐྱེ་བར་འདོད་པ་ཡིན༔ མི་ཡི་སེང་གེའི་གནས་སྐབས་སོ༔ དེ་ལྟར་ཕུང་ཁམས་སྐྱེ་མཆེད་རྣམས༔ རྩ་རླུང་ཐིག་ལེ་ལས་གྲུབ་པས༔ དྲི་མར་བཅས་པའི་སེམས་ཉིད་ལས༔ བྱུང་སྟེ་དྲི་བཅས་སྤྲུལ་སྐུར་གསུངས༔ ལོ་པཎ་བཀའི་ཐང་ཡིག་ལས་མདོར་བསྡུས་གཞི་ལམ་འབྲས་བུ་བསྟན་པའི་ལེའུ་སྟེ་སོ་བཞི་པའོ༔       ཐྲཐཉྲརྦྱ།རྦྱ།༔       ༔