(ལེའུ་སོ་ལྔ་པ། སེམས་ཀྱི་གནས་ལུགས་བསྟན་པ།)
སེམས་ཀྱི་ངོ་བོ་ངེས་ཚིག་དབྱེ་བ་ནི༔ སེམས་ཀྱི་ངོ་བོ་དངས་མའི་བདག་ཉིད་ལྡན༔ ངེས་ཚིག་ཡིད་ཕྱིར་མི་འབྲང་ཐེ་ཚོམ་བྲལ༔ དབྱེ་ན་སྣང་བ་དཀར་དམར་ཕྱི་ཡི་སེམས༔ རིག་པ་འགྱུ་བྱེད་ནང་གི་སེམས་དང་གཉིས༔ སྒོ་ལྔ་དབང་པོ་བར་གྱི་སེམས་དང་གསུམ༔ གཉིས་འཛིན་རྣམ་རྟོག་
ལུང་མ་བསྟན་དང་བཞིའོ༔ མཚན་ཉིད་གཞི་ལམ་ལྟ་སྒོམ་སྤྱོད་འབྲས་ནི༔ མཚན་ཉིད་རྣམ་ཤེས་ཚོགས་བརྒྱད་ལས༔ སེམས་དང་ཡིད་དང་རྣམ་པར་ཤེས༔ མཚན་ཉིད་དོན་དུ་རབ་ཏུ་བརྟགས༔ བརྒྱད་པོ་མཚན་ཉིད་ཐ་དད་མེད༔ མཚོན་གཞི་མེད་ཅིང་མཚན་ཉིད་མེད༔ ཇི་ལྟར་རྡོ་ཡི་ཕྱེ་མ་ལ༔ ས་ལེ་སྦྲམ་ནི་མི་སྣང་ཡང་༔ ཡོངས་སུ་སྦྱངས་པས་དེ་མཐོང་ལྟར༔ དེ་ལྟར་སེམས་ཅན་དེ་བཞིན་གཤེགས༔ ངོ་བོ་ཐམས་ཅད་སེམས་ཉིད་དེ༔ གསེར་གྱི་དཔེ་བཞིན་གཉིས་སུ་མེད༔ ལམ་ནི་ཐེག་རིམ་ཐ་དད་གསུངས༔ གཞི་ནི་ཉོན་མོངས་ཆོས་ཀྱི་རྒྱུ༔ རྣམ་པར་བྱང་བའི་གཞི་མ་ཡིན༔ རྩ་བའི་རྣམ་པར་ཤེས་པར་བཤད༔ གཞི་ནི་ཀུན་གྱིས་བཅོས་སླད་བྲལ༔ རྒྱུ་རྐྱེན་རྟེན་འབྲེལ་གསུམ་འཛོམ་གཞི༔ སྐྱེ་བ་མེད་པ་ཀུན་གྱི་གཞི༔ འགག་པ་མེད་པ་ཀུན་གྱི་གཞི༔ གནས་པ་མེད་པ་ཀུན་གྱི་གཞི༔ དེ་ལ་གཞི་ནི་འཁོར་འདས་གཞི༔ བདག་
༄༅༔ ༔གཞན་ཀུན་གྱི་གཞི་མ་ཡིན༔ ཡོད་མེད་ཁས་བླངས་ཀུན་གྱི་གཞི༔ སྣང་སྟོང་བདེ་སྡུག་ཀུན་གྱི་གཞི༔ རྟག་ཆད་བེམ་རིག་ཀུན་གྱི་གཞི༔ འདོད་པའི་ཁམས་ན་མ་རིག་པ༔ ལམ་སྒོ་ལྔ་རུ་ཞུགས་ནས་ནི༔ གཞི་དེ་རྟོགས་དང་མ་རྟོགས་ལས༔ སངས་རྒྱས་སེམས་ཅན་གཉིས་སུ་བྱུང་༔ རིག་པས་སེམས་ལ་སོ་ནམ་བྱས༔ སྣང་བ་སེམས་མེད་གཏན་ལ་ཕེབས༔ སེམས་ཀྱི་རྣམ་རྟོག་རྒྱུ་ཟད་པས༔ མཁའ་སྤྱོད་གནས་སུ་འཁྲིད་པའོ༔ མ་ཡེངས་ངང་ནས་ལམ་ལ་འཇུག༔ ཉམས་སུ་ལེན་ལ་བརྩོན་བྱས་ནས༔ ལམ་གྱི་བོགས་འདོན་གནད་དུ་གཟུང་༔ སྣང་སྲིད་གཞི་བཞེངས་ཆེན་པོ་ལ༔ རྫོགས་ཆེན་ལམ་ལ་ལྟོས་ན་འཁྲུལ༔ རྫོགས་ཆེན་གང་ལ་མི་བསྟེན་འདི༔ ལམ་ལ་སྦྱངས་བགྲོད་མེད་པའི་ལམ༔ སྐུ་གསུམ་རང་བཞིན་གཞན་ན་མེད༔ ལམ་གྱི་སྒྲུབ་པ་ཉམས་སུ་བླངས༔ ཀུན་གཞི་རྩ་བྲལ་དོན་རྟོགས་ངེས༔ ངེས་
པའི་དོན་ལ་ཆོས་བྱར་མེད༔ ས་ལམ་འདོད་པས་རྫོགས་ཆེན་འཁྲུལ༔ རྒྱ་མཚོ་ཆེན་པོའི་ཆུ་ལ་འཐུངས༔ ཆུ་སྣ་སྣ་ཚོགས་བྲོ་བ་འོང་༔ གཅིག་གྲོལ་བས་ནི་ཐམས་ཅད་ཞིག༔ ཚིག་གཅིག་གོ་བས་ཐོས་པའི་མཆོག༔ མདུད་རྒྱ་མང་པོའི་སྣ་བཞིན་དུ༔ ཐམས་ཅད་ཁྲལ་མ་ཁྲོལ་མར་འགྲོ༔ ལྟ་བ་བསམ་དང་སྒོམ་རྒྱུ་གཏོང་༔ སྣང་ཚད་རང་བྱུང་ཆོས་ཀྱི་སྐུ༔ ལྟ་བའི་རྒྱལ་པོ་ངོ་ཤེས་པས༔ དཔེར་ན་ཆུ་ལ་ཆུ་བཞག་བཞིན༔ དེ་སྔ་ཕན་ཆད་འཁྲུལ་རྟོག་གཞི༔ ད་ལྟ་བ་ཡང་མེད་པས་སུ༔ སྣང་ཡང་དྲི་མ་སེམས་ལ་མེད༔ ལྟ་བ་མཉམ་པ་རིས་མེད་རྫོགས༔ ཡེ་ནས་སངས་རྒྱས་ཡིན་པ་ལ༔ རྫོགས་ཆེན་མ་རྟོགས་འཚང་མི་རྒྱ༔ སྒོམ་མེད་རྫོགས་ཆེན་ལྟ་བ་ཡིན༔ ཕྱག་ཆེན་པ་ཡིས་རྟོགས་མི་འགྱུར༔ ལྟ་བའི་གོལ་ས་གཅོད་རྒྱུ་མེད༔ སྒོམ་མི་ནུས་བའི་སྤྱོད་ཡུལ་མིན༔ སྒོམ་པ་ཅི་ཡང་མེད་སྒོམ་སྟེ༔ བསམ་མནོ་མང་པོ་བྱེད་པ་མིན༔ རང་སེམས་མིན་པའི་
༄༅༔ ༔ཆོས་ཅི་འདུག༔ ཆོས་ཀྱི་བྲོ་ལག་མ་རྙེད་པས༔ ཆོས་པའི་གྲལ་སར་ཆོས་མུག་བྱུང་༔ ཡིད་ལ་མ་བསྒོམས་དེ་བཞིན་གྲོལ༔ བསྒོམ་དུ་བྱུང་ན་རྒྱུན་ཆད་ཡིན༔ སྐྱོན་ཡོད་འདུག་གམ་མི་འདུག་གཟིགས༔ རང་ཤར་རང་གྲོལ་རྫོགས་པ་ལ༔ ཡིད་སྤྱོད་འཛིན་པས་འཚང་མི་རྒྱ༔ བྱིང་རྨུགས་འདམ་དུ་ཚུད་ཉེན་ཡོད༔ སྒོམ་འཆོས་ཤེས་པ་རྒྱ་བོད་མང་༔ སྒོམ་འཇིག་ཤེས་པ་ང་ལས་མེད༔ འདི་ལྟར་སྣང་བ་ཐམས་ཅད་ནི༔ ཆོས་ཀྱི་སྐུ་ལ་གཡོ་བ་མེད༔ ཡིན་མིན་ཀུན་གྱི་ཐ་སྙད་བྲལ༔ སྣང་བ་འགགས་མེད་རྩལ་དུ་ཤར༔ རྩལ་ཤར་བ་དེ་ངོས་འཛིན་པ༔ དང་པོ་བྱུང་ས་མ་རྙེད་པ༔ བར་དུ་གནས་ས་མ་རྙེད་པ༔ ཐ་མར་འགྲོ་ས་མ་རྙེད་པ༔ སྒོམ་པའི་ཐག་བཅད་རྦད་ཀྱིས་ཆོད༔ མ་ཞེན་མ་ཡེངས་བསྒོམ་པའོ༔ སྤོམ་ཡོར་སྒོམ་གྱིས་དེ་མི་གོ༔ སྒོམ་གྱི་རྩ་བ་འཁྲུལ་བ་ཡིན༔ ལོ་མངས་བསྒོམས་ཀྱང་སྡུག་སྒུར་ཡིན༔ སྙིང་རུས་
སྡུག་བསྲན་བསྐྱེད་ནས་བསྒོམ༔ རང་གིས་བླུན་བཟོའི་སྒོམ་པ་དེ༔ ཕུགས་སུ་མི་ཡི་བོང་བུ་འབྱུང་༔ བསྐལ་པར་བསྒོམས་ཀྱང་འཚང་མི་རྒྱ༔ སྒོམ་ཞེས་བྱ་བ་ཡོད་མ་མྱོང་༔ གང་ཤར་ཐུག་ཕྲད་ལམ་ཁྱེར་ཡིན༔ དབང་པོ་རབ་འབྲིང་ཐ་མ་གསུམ༔ ཕྱོགས་བཞི་མཚམས་བརྒྱད་ཐམས་ཅད་ལ༔ སྣང་བ་སྤྲོས་འཇིག་གློད་པ་ཡིན༔ པད་འབྱུང་སྒོམ་གྱི་མཚང་ཤོར་རོ༔ རབ་ཀྱིས་ཆོས་སྐུར་རྟོགས་ནས་འོང་༔ འབྲིང་གིས་ལོངས་སྐུར་རྟོགས་ནས་འོང་༔ ཐ་མས་སྤྲུལ་སྐུར་རྟོགས་ནས་འོང་༔ སྐུ་གསུམ་གཅིག་སྟེ་དབྱེར་མེད་དེ༔ སྤྱོད་པ་དགག་སྒྲུབ་གང་ཡང་མེད༔ རྐྱེན་ཐུབ་ངང་གྱུར་སྤྱོད་པའི་མཆོག༔ བསྒྲུབ་བྱ་ཆགས་མེད་སྤྱོད་པ་ཡིན༔ སྤྱོད་པ་ཡུལ་དང་ཡུལ་གཞན་མེད༔ ལྟ་སྤྱོད་ཟུང་འབྲེལ་འཛིན་ཆགས་མེད༔ སྤྱོད་ལམ་བཅོས་མ་མེད་ན་བདེ༔ ཤུགས་འབྱུང་རྣམ་པ་ཐེག་པ་ངེས༔ དགའ་མགུ་བོགས་འདོན་ཅི་ཡང་མེད༔ གཞི་ལམ་འབྲས་བུ་གཉིས་སུ་མེད༔
༄༅༔ ༔འབྲས་བུ་མངོན་འབྱུང་རྡོ་རྗེ་སེམས༔ འབྲས་བུ་སྤངས་ཐོབ་མེད་པར་ཆོད༔ ཡིད་ལ་མ་བསྒོམས་དེ་བཞིན་གྲོལ༔ ལྟ་སྒོམ་སྤྱོད་པ་འབྲས་བུ་གསུམ༔ དབྱེར་མེད་འབྲས་བུ་ཟད་སར་སྐྱོལ༔ རེ་དོགས་འབྲས་བུ་ཐེར་ལ་འདོན༔ འཁོར་འདས་རྩ་བ་གང་ལེགས་ནི༔ མདོར་བསྡུས་གཞི་ལམ་འབྲས་བུར་གསལ༔ མདོ་ནི་གར་བསྡུ་ཞེས་པ་ནི༔ དུག་ལྔ་གཏན་སྤྲུགས་སོང་བ་ལ༔ འཁོར་བ་བྱ་བའི་མིང་ཡང་མེད༔ འགག་ནི་སྐུ་ལྔ་ཡེ་ཤེས་ལྔ༔ འཁྲུལ་པ་རང་དག་སྤོང་བ་གདའ༔ མ་རིག་ཆ་ཡིས་འཁྱེར་བར་གདའ༔ གནད་ནི་གང་དུ་བསྲེ་བ་ནི༔ འཁོར་འདས་གཉིས་ཀ་རང་སྣང་ཡིན༔ ཡིན་ལུགས་ཐོག་ཏུ་ཅར་གྱིས་བབས༔ འཁོར་འདས་གཉིས་སུ་མེད་པར་བསྲེ༔ ལས་ལ་བཟང་ངན་མེད་པར་བསྲེ༔ ཕུ་ཐག་གར་གཅོད་འགྲོ་ས་གར་གཏོང་ནི༔ རང་ངོ་རྗེན་པ་ཡིན་ཐག་གཅོད༔ འཕྲད་ཆོག་འབྲལ་མེད་ཕུ་ཐག་ཆོད༔ འགྲོ་ས་མ་བཅོས་མ་བསླད་གཏོང་༔ མཐའ་ནི་
གར་ཐུག་འཐོབ་བྱ་གང་ཡིན་ནི༔ བཤིག་པས་མི་ཤིགས་པ་ལ་ཐུག༔ འཕྲལ་བས་མི་ཕྲེལ་བ་ལ་ཐུག༔ ཐོབ་བྱ་གཤིས་ཀྱི་ཡིན་ལུགས་ཐོབ༔ སེམས་དང་ཡེ་ཤེས་ཁྱད་པར་གང་༔ རྒྱུ་ལས་མ་བྱུང་འབྲས་བུས་ཕྱེ༔ ལུང་ལས་མ་བྱུང་མན་ངག་ཕྱེ༔ སེམས་ལས་མ་བྱུང་སངས་རྒྱས་ཕྱེ༔ སེམས་ནི་མི་དྲན་དགུ་དྲན་ཡིན༔ མི་རིག་དགུ་རིག་སྦོང་མི་བཏུབ༔ མི་གནས་རྒྱུན་མི་ཆད་དུ་འཕྲོ༔ སངས་རྒྱས་མི་གཡོ་གསལ་མདངས་ལྡན༔ དབྱིངས་རིག་བདེ་ཆེན་ཀློང་དུ་བརྡལ༔ མ་བྱས་པ་ཡི་གཞལ་ཡས་ཁང་༔ སེམས་ལས་མ་བྱུང་སངས་རྒྱས་མིན༔ སངས་རྒྱས་ཐུགས་རྗེའི་བྱུང་ཚུལ་ནི༔ ཐུགས་རྗེས་འབྱུང་བ་སྤྲུལ་པའི་སྐུ༔ ཙིཏྟ་རིན་ཆེན་གཞལ་ཡས་ན༔ སྐུ་ནི་ཆ་ཕྲ་ཏིལ་འབྲུ་ཙམ༔ འོད་དང་ཟེར་གྱི་ཁ་མིག་ཅན༔ འོད་ལྔའི་ཀློང་ན་རྫོགས་པར་བཞུགས༔ ཡང་སྤྲུལ་ཟེར་གྱི་ཁ་མིག་ཅན༔ ཞི་བ་རིགས་ལྔ་ཡབ་ཡུམ་བཅུ༔ ཁྲོ་བོ་རིགས་ལྔ་ཡབ་ཡུམ་བཅུ༔ ཁ་དོག་ལྔ་
༄༅༔ ༔ཡིས་མཚོན་ནས་ནི༔ རྒྱལ་པོ་ནང་ན་བཞུགས་པའོ༔ ཚིག་ཉུང་གོ་བདེ་དོན་འདྲིལ་ཉམས་སུ་ལོངས༔ ལོ་པཎ་བཀའི་ཐང་ཡིག་ལས་སེམས་ཀྱི་གནས་ལུགས་བསྟན་པའི་ལེའུ་སྟེ་སུམ་ཅུ་སོ་ལྔ་པ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༔