(ལེའུ་བཅོ་བརྒྱད་པ། བསྟན་པའི་གཞི་བཞག་པའི་སྐབས།)
བསྟན་པའི་གཞི་བཞག་བློན་པོའི་ལག་རིས་དང་༔ ཞེས་པས༔ བསྟན་གཞི་བྱང་ཆུབ་སེམས་དཔའ་མན་ཆད་རྣམས༔ སེམས་ཅན་ཀུན་གྱི་སྤྱོད་པར་གནས་པའོ༔ དང་པོ་བྱོན་དང་བར་དུ་བཞུགས་པ་དང་༔ ཐ་མ་
མྱ་ངན་འདའ་བའི་ཚུལ་སྟོན་ནོ༔ དང་པོ་བསྟན་པའི་མགོ་བཙུགས་དར་ཞིང་རྒྱས༔ བར་དུ་བསྟན་པ་ཡུན་དུ་གནས་པ་དང་༔ ཐ་མར་བསྟན་པ་ཉམས་ཏེ་ནུབ་པའོ༔ འཛམ་གླིང་མི་འགྱུར་ལྔ་ནི་མི་སྲིད་དེ༔ རྒྱལ་པོའི་ཁྲིམས་ནི་མི་འགྱུར་བརྟན་པ་དང་༔ དམ་པའི་ཆོས་ནི་མི་འགྱུར་བརྟན་པ་དང་༔ འགྲོ་བ་སེམས་ཅན་མི་འགྱུར་བརྟན་པ་དང་༔ རྒྱལ་སྲིད་མི་འགྱུར་གདུང་བརྒྱུད་.བརྟན་པ་དང་༔ སྣང་སྲིད་སྣོད་བཅུད་མི་འགྱུར་བརྟན་པ་རྣམས༔ རྟག་པའི་ཆོས་ནི་མི་འདོད་འཇིག་པར་འདོད༔ སངས་རྒྱས་བསྟན་པ་མི་ནུབ་བྱ་བའི་ཕྱིར༔ རྗེས་ངན་མ་སོང་དཀོན་ཅོག་གསུམ་རྟེན་བཙུགས༔ སངས་རྒྱས་དཀོན་ཅོག་རྟེན་དུ་ནི༔ སངས་རྒྱས་བྱོན་པ་རྒྱ་གར་ཡུལ༔ ལྷ་ཁང་བ་ར་ཎཱ་སི་མ་ག་དྷ༔ ན་ལེནྡཱ་དང་རྒྱ་གར་རྡོ་རྗེ་གདན༔ བི་ཀཱ་མ་ཤཱི་ལའི་གནྡྷོ་ལ༔ མཆོད་རྟེན་པདྨ་འཁོར་ལོ་ཅན་དང་ནི༔ དཔལ་དུ་བ་མེད་པའི་མཆོད་རྟེན་དང་༔ དཔལ་ནི་རེག་
༄༅༔ ༔པ་མེད་པའི་མཆོད་རྟེན་དང་༔ རི་བོ་ཏ་ལ་ཨོ་ཏནྟཱཔཱུ་རི༔ ཨོ་རྒྱན་ཧེ་རུ་ཀ་ཡི་གཙུག་ལག་དང་༔ མཆོད་རྟེན་བདེ་བྱེད་བརྩེགས་པ་དགེ་གནས་བརྒྱད༔ མཆོད་རྟེན་རྣམ་དག་ལྷ་ལས་བབས་པ་དང་༔ དེ་དག་ཀུན་ལ་ཚུལ་བསྟན་དཔེ་བླངས་ནས༔ ཁྲ་འབྲུག་ལྷ་ས་བསམ་ཡས་གཙུག་ལག་ཁང་༔ རྒྱུ་བཟང་བཀོད་ལེགས་བྱིན་རླབས་ཆེ་བ་དང་༔ འདུལ་བ་མདོ་སྡེ་གསང་སྔགས་ཀུན་དང་མཐུན༔ དབུ་བརྙེས་སྲོལ་བཏོད་ཆོས་རྒྱལ་རིམ་པར་བྱོན༔ བོད་ཡུལ་ས་གཞི་ཐམས་ཅད་མཆོད་རྟེན་བཀང་༔ གཙུག་ལག་ཁང་མང་བརྒྱ་དང་རྩ་བརྒྱད་བཞེངས༔ དམ་པ་ཆོས་ཀྱི་དཀོན་ཅོག་རྟེན་དུ་ནི༔ པཎ་ཆེན་བརྒྱ་དང་རྩ་བརྒྱད་གདན་དྲངས་ནས༔ ལོ་ཙཱ་བརྒྱ་དང་རྩ་བརྒྱད་ཆོས་སྒྱུར་བཅུག༔ ཐེག་པ་ཕྱོགས་མེད་རྒྱ་གར་མ་ལུས་རྩོམ༔ མདོ་སྔགས་བསྟན་བཅོས་ཆོས་ཀྱི་ཉི་མ་ཤར༔ དགེ་འདུན་དཀོན་ཅོག་རྟེན་དུ་ནི༔ སད་མི་མི་བདུན་ཉམས་སད་བྱས༔
འབངས་ནི་སུམ་བརྒྱ་རབ་ཏུ་བྱུང་༔ འགྱུར་བ་མེད་པ་ཡོད་སྨྲའི་སྡེ༔ སྒྲ་གཅན་འཛིན་པའི་རྗེས་སུ་འབྲངས༔ དཔེར་ན་གསེར་དངུལ་ལུགས་སུ་བླུགས༔ ཐེངས་གཅིག་བླུགས་པས་རྒྱུན་སྡོད་བཞིན༔ དྲི་མེད་ཤེལ་གོང་རྣམ་དག་ཐུབ་པའི་བཀའ༔ མདོ་རྒྱུད་བསྟན་པའི་དཀྱིལ་འཁོར་འདི་རུ་ནི༔ བུ་གཅིག་སློབ་མ་ཚུལ་འདིར་ཞུགས་ན་ལེགས༔ བསྟན་པའི་གཞི་བཞག་སྐབས་ཏེ་བཅོ་བརྒྱད་པའོ༔ ཐྲཐཉྲརྦྱ།རྦྱ།༔ ༔