༄༅། །བཀའ་ཐང་སྡེ་ལྔ།
ལེའུ་ཉེར་དྲུག་པ། དུས་གསུམ་མཁྱེན་པའི་སྔ་མ་ཅི་ཡིན་དེ་ལྟར་ཤེས་པའི་སྐབས།
ལེའུ་སྔོན་མ།
ལེའུ་རྗེས་མ།

(ལེའུ་ཉེར་དྲུག་པ། དུས་གསུམ་མཁྱེན་པའི་སྔ་མ་ཅི་ཡིན་དེ་ལྟར་ཤེས་པའི་སྐབས།)

དུས་གསུམ་མཁྱེན་པས་དུས་གསུམ་གསུངས་ཚུལ་དང་༔ ཞེས་པས༔ ལྷ་འདྲེ་མ་རུངས་གདུག་པ་ཅན་གྱི་ཡུལ༔ ལྷ་ཡི་ཚོགས་ནི་ལུག་ཁྱུ་བཀོངས་པ་འདྲ༔ རྟ་དཀར་མི་དཀར་སྐར་ཚོགས་

5-82b

མེ་རེ་རེ༔ བཙན་གྱི་ཚོགས་ནི་སེ་འབྲུམ་སྒེ་མོ་འདྲ༔ མི་དམར་རྟ་དམར་ཚོགས་རྣམས་དཀྲིགས་སེ་ཀྲིག༔ བདུད་ཀྱི་ཚོགས་ནི་འབྲོང་གཡག་བཀོངས་པ་འདྲ༔ མགར་ནག་མི་རྟ་མང་པོ་རུགས་སེ་རུག༔ གཟའ་ཡི་ཚོགས་ནི་དམག་གཡུལ་བཤམས་པ་འདྲ༔ སྔགས་བོན་མི་འདྲ་དགུ་འདྲ་ཆི་ལི་ལི༔ གནོད་སྦྱིན་ཚོགས་ནི་མཚན་མོའི་སྐར་ཚོགས་འདྲ༔ རྒྱལ་བློན་མང་པོ་སྤུངས་སེ་སྤུང་༔ རྒྱལ་པོའི་ཚོགས་ནི་མཚོ་གླིང་ངང་པ་འདྲ༔ དགེ་བཙུན་མང་པོ་ཁྱུ་རུ་ཤིགས་སེ་ཤིག༔ མ་མོའི་ཚོགས་ནི་ལྟད་མོར་འདུས་པ་འདྲ༔ མོ་ཆགས་བུད་མེད་མང་པོ་སྒོ་རོ་རོ༔ ཐེའུ་བྲང་ཚོགས་འདི་ཡུངས་ཀར་སྒྱེ་མོ་འདྲ༔ དཀར་སྐྱ་བྱིས་པ་མང་པོ་ཕུངས་སེ་ཕུང་༔ ཀླུ་ཡི་ཚོགས་ནི་དབྱར་གའི་ས་གཞི་འདྲ༔ སྦྲུལ་སྡིག་ས་བདག་མང་པོ་མེ་རེ་རེ༔ ལྷ་སྲིན་སྡེ་.བརྒྱད་ཡིད་ཀྱི་གཟུགས་ཅན་རྣམས༔ རྫུས་སྐྱེས་མ་ཡིན་མངལ་སྐྱེས་ག་ལ་མཐོང་༔

5-83a

༄༅༔       ༔བདེན་པ་མ་མཐོང་གྲུབ་པ་མ་ཐོབ་པར༔ ཤ་ཡི་མིག་གིས་ལྷ་འདྲེ་ག་ལ་མཐོང་༔ ཉོན་མོངས་མ་ཞི་སེམས་ངོ་མ་མཐོང་བར༔ འདས་དང་མ་འོངས་ད་ལྟ་ག་ལ་ཤེས༔ འདྲེ་སྲིན་མང་པོ་ནམ་མཁར་རྒྱུ་བ་དང་༔ ཆུ་དང་ཤིང་དང་དམའ་ས་ལ་རྒྱུའི་ཚོགས༔ ཡི་དྭགས་མང་པོ་བསམ་གྱིས་མི་ཁྱབ་པ༔ ལུས་ནི་འཇིགས་འཇིགས་ལྟར་འདུག་སྒྲ་མི་སྙན༔ ཆོ་འཕྲུལ་སྣ་ཚོགས་སྐད་ནི་སྣ་ཚོགས་སྒྲོག༔ ཆུང་མ་བུ་དང་བུ་མོ་བྲན་དང་གཡོག༔ གཡས་གཡོན་རུ་འདྲེན་མདུན་རྒྱབ་ཀུང་མྱུལ་བ༔ མལ་གྲོ་གཟི་ཅན་འགོ་བྱས་ཀླུ་རྣམས་ཚོགས༔ པེ་དཀར་རྒྱལ་པོས་འགོ་བྱས་རྒྱལ་པོ་ཚོགས༔ ཡར་ལྷ་ཤམ་པོས་འགོ་བྱས་ལྷ་རྣམས་ཚོགས༔ རྫོང་བཙན་ཀིརྟིས་འགོ་བྱས་བཙན་རྣམས་ཚོགས༔ ཁྱབ་འཇུག་རཱ་ཧུས་འགོ་བྱས་གཟའ་རྣམས་ཚོགས༔ རྡོ་རྗེ་བདུད་འདུལ་འགོ་བྱས་གནོད་སྦྱིན་ཚོགས༔ རྡོ་རྗེ་ལེགས་པས་འགོ་

5-83b

བྱས་ཐེའུ་ར.ང་ཚོགས༔ ནག་པོ་བཀྲག་མེད་འགོ་བྱས་བདུད་རྣམས་ཚོགས༔ ལག་ན་གསོད་པའི་གོ་མཚོན་སྣ་ཚོགས་བསྣམས༔ མི་ལ་གྲོས་ཉེས་བྱེད་པའི་མདུན་མ་གཤོམ༔ རྒྱལ་པོ་རྒྱལ་ཚོད་མི་འཛིན་ཁེངས་ལོག་བྱེད༔ ལྷ་འདྲེའི་ཚོགས་རྣམས་བསམ་ཡས་དབུ་རྩེར་འདུས༔ ལོ་པཎ་རྒྱལ་བློན་ཐམས་ཅད་འཛོམ་པའི་དུས༔ འཇིག་རྟེན་བྱ་བ་རབ་ཏུ་འཇུག་པ་ཀུན༔ ཕྱིར་མི་ལྡོག་པར་པད་འབྱུང་ལུང་འདིར་སྟོན༔ བཙན་པོ་སྐྱེ་བ་འདི་ཡི་སྔ་མ་ཉིད༔ རྒྱ་གར་ཡུལ་གྱི་བྲམ་ཟེ་དཔལ་ལྡན་བུ༔ དགེ་སློང་ཨ་བ་རབ་ཏུ་བྱ་བར་སྐྱེས༔ ཚེ་འཕོས་བོད་ཡུལ་སྐྱེས་ཀྱང་རྒྱ་གར་མོས༔ བློན་པོ་དབུ་རྨོག་བཙན་པ་ཁྱོད༔ བྷཾ་ག་ལ་ཡི་སྒོ་སྲུང་བ༔ ཚེ་འཕོས་རྒྱལ་པོའི་བློན་པོར་སྐྱེས༔ བློན་པོ་ཁྲི་ནི་ཐོག་རྗེས་ཐང་ལ་འབར༔ རྒྱ་གར་རྡོ་རྗེ་གདན་ནི་མུ་སྟེགས་བཟུང་༔ བྱི་ལ་སྟག་རིས་ཤིག་ཏུ་སྐྱེས༔ ད་ལྟ་རྒྱལ་པོའི་བློན་པོ་ཐང་ལ་འབར༔ ཅོག་རོ་སྐྱེས་

5-84a

༄༅༔       ༔བཟང་རྒྱལ་འགོང་ཁྱོད༔ རྒྱ་གར་གླང་པོ་སྒང་གི་ཁྱི་རུ་སྐྱེས༔ ཚེ་འཕོས་ད་ལྟ་སྐྱེས་བཟང་རྒྱལ་འགོང་ཡིན༔ ཞང་སྟེ་མ་ཞང་གསུམ་སྟེ་ཁྲོམ་པ་སྐྱབས༔ ཀོ་ཏ་ལ་ཡི་བོང་བུ་ཚེ་འཕོས་པ༔ ད་ལྟ་རྒྱལ་པོའི་བློན་པོ་ཁྲོམ་པ་སྐྱབས༔ སྐུ་ཚེ་སྟོད་ཀྱི་བློན་པོ་སྦ་གསལ་སྣང་༔ འབྲས་ལྡན་ཀརྐའི་ཚོང་འདུས་ནས༔ རཱ་ཛ་ཟངས་ཀྱི་གྲགས་པ་ཚེ་འཕོས་པ༔ ད་ལྟ་བློན་པོ་སྦ་གསལ་སྣང་༔ ད་ལྟའི་བློན་པོ་སྟག་སྣ་ལྡོང་གཟིགས་འདི༔ རྒྱ་གར་ཀེའུ་ཏ་ཡི་ཡུལ་ཕྱོགས་ནས༔ མཛོ་མོ་ཞིག་ནི་ཚེ་འཕོས་པ༔ ད་ལྟ་རྒྱལ་པོའི་བློན་པོར་སྐྱེས༔ སྦས་གནམ་བཞེར་ཟླ་བཙན་བློན་པོ་ཁྱོད༔ རྒྱ་གར་རྒྱ་མཚོ་ནེ་ཏའི་ཉ་རུ་སྐྱེས༔ ཚེ་འཕོས་ད་ལྟ་རྒྱལ་པོའི་བློན་པོ་ཡིན༔ ཁྲི་བཟང་ཡབ་ལྷག་བློན་པོ་ཁྱོད༔ རྒྱ་གར་ཀུ་ཤ་པྲ་མ་ནི་ལ་ཚེ་འཕོས་ཏེ༔ བལ་ཡུལ་རིགས་ངན་ཁྱི་མོ་ཞིག་ཏུ་སྐྱེས༔ ད་ལྟ་མངའ་བདག་རྒྱལ་པོའི་བློན་པོ་ཡིན༔ མཆིམས་ཀྱི་

5-84b

རྒྱལ་གཟིགས་ཀླུ་མཐོང་བློན་པོ་ཁྱོད༔ བལ་ཡུལ་རིགས་ངན་ཁྱི་རུ་སྐྱེས༔ ཚེ་འཕོས་ད་ལྟ་རྒྱལ་པོའི་བློན་པོ་ཡིན༔ བློན་པོ་ངན་ངམ་རྟ་ར་ཀླུ་གོང་ཁྱོད༔ བལ་ཡུལ་གོ་ཏ་བི་རའི་གཙུག་ལག་ཁང་༔ དྷརྨ་མི་ཏྲའི་རྨོན་གླང་ཞིག་ཏུ་སྐྱེས༔ ཚེ་འཕོས་ད་ལྟ་རྒྱལ་པོའི་བློན་པོ་ཡིན༔ མཆིམས་ཀྱི་རྡོ་རྗེ་སྤྲེ་ཆུང་བློན་པོ་ཁྱོད༔ བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་ན༔ རིགས་ངན་བྱ་རྫིའི་བྱ་རུ་སྐྱེས༔ ཚེ་འཕོས་ད་ལྟ་རྒྱལ་པོ་བློན་པོ་ཡིན༔ ལྷ་བཟང་ཀླུ་དཔལ་དམག་དཔོན་ཁྱོད༔ བལ་བོད་མཚམས་ཀྱི་སྤྱང་ཀིར་སྐྱེས༔ ཚེ་འཕོས་ད་ལྟ་རྒྱལ་པོའི་བློན་པོ་ཡིན༔ ཁྲི་འབྲིང་ལྷ་ལོད་བློན་པོ་ཁྱོད༔ བལ་ཡུལ་རིགས་ངན་ཕག་རྫིའི་ཕག་པར་སྐྱེས༔ ཚེ་འཕོས་ད་ལྟ་རྒྱལ་པོའི་བློན་པོ་ཡིན༔ སྣམ་ཞང་རྒྱ་ཚ་ལྷ་སྣང་བློན་པོ་ཁྱོད༔ ནཻ་རཉྫར་དབུས་འགྱུར་གྱི༔ ཕག་མོ་མིག་ཞར་ཞིག་ཏུ་སྐྱེས༔ ཚེ་འཕོས་ད་ལྟ་རྒྱལ་པོའི་བློན་པོ་ཡིན༔ ཤུད་བུ.་དཔལ་གྱི་སེང་གེ་བློན་པོ་ཁྱོད༔

5-85a

༄༅༔       ༔བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་དུ༔ བྱ་ནི་ཕུག་རོན་ཞིག་ཏུ་སྐྱེས༔ ཚེ་འཕོས་ད་ལྟ་རྒྱལ་པོའི་བློན་པོ་ཡིན༔ ཞང་ནི་ཉི་བཟང་བློན་པོ་ཁྱོད༔ བལ་ཡུལ་ཨེ་ཡི་གཙུག་ལག་ཁང་༔ དཀོར་ཟན་གནས་བརྟན་བྲན་དུ་སྐྱེས༔ ཚེ་འཕོས་ད་ལྟ་རྒྱལ་པོའི་བློན་པོ་ཡིན༔ འདི་ན་མཆིས་པའི་ལེ་ནི་ཏི་གུ་སྣང་༔ གཙུག་ལག་དབུས་འགྱུར་དེ་ཡི་ཡུལ་གྱི་གཞིར༔ རི་དྭགས་རྔོན་པ་ཞིག་ཏུ་སྐྱེས༔ ཚེ་འཕོས་ད་ལྟ་རྒྱལ་པོའི་བློན་པོ་ཡིན༔ མི་འགོ་ལྷ་ལུང་གཟིགས་ཞེས་བློན་པོ་ཁྱོད༔ བལ་ཡུལ་ནགས་གསེབ་རྔོན་པ་ཞིག་ཏུ་སྐྱེས༔ ཚེ་འཕོས་ད་ལྟ་རྒྱལ་པོའི་བློན་པོ་ཡིན༔ བྷ་སང་ཤི་ཏའི་མིང་ཅན་ཁྱོད༔ བལ་ཡུལ་ཤིང་འཁུན་གཙུག་ལག་ཁང་༔ ནེ་ཙོ་ཞིག་གི་སྐྱེ་བ་བླངས༔ ཚེ་འཕོས་ད་ལྟ་རྒྱལ་པོའི་བློན་པོ་ཡིན༔ གཉེར་པ་སྟག་མཚན་གདོང་གཟིགས་བློན་པོ་ཁྱོད༔ རྒྱལ་པོ་ཀླུ་ཡི་ཁྱབ་འཇུག་སྐྱེ་བ་བླངས༔ ཚེ་འཕོས་ད་ལྟ་རྒྱལ་པོའི་བློན་པོ་ཡིན༔ བློན་པོ་

5-85b

དེ་རྣམས་ཚེ་འཕོས་མཐའ་འཁོབ་ཏུ༔ འདུ་འཛོམས་སྨོན་ལམ་བཏབ་པས་འདུས༔ བསྟན་པའི་སྒྲོན་མེ་དགེ་འདུན་རིན་པོ་ཆེ༔ ལོ་པཎ་བཞི་བཅུ་ཁ་ཡངས་འདུས་པ་འདི༔ ལྷ་འདྲེ་མང་པོས་བདག་ལ་མངོན་ཤེས་ཞུས༔ སྔར་འདས་རྒྱལ་བློན་སྐྱེ་བ་དེ་ལྟར་ལགས༔ ལོ་ཙཱ་ལ་གསུམ་རྒྱལ་བ་བྱང་ཆུབ་ཁྱོད༔ གསེར་གླིང་མུ་སྟེགས་གྲོང་ཁྱེར་དབུས༔ ཉི་མའི་ཤུགས་ཅན་ཚེ་འཕོས་བོད་དུ་སྐྱེས༔ ས་གཞི་ནོན་པས་ཚེ་ལོ་བརྒྱ་ཐུབ་མོད༔ རྨ་རིན་ཅེན་མཆོག་ཅེས་ལོ་ཙཱ་ཁྱོད༔ ཐུབ་པ་འདས་ནས་ལོ་ནི་བཞི་བརྒྱ་ན༔ བྲམ་ཟེ་ཆེན་པོ་སཱ་ར་ཧ་ཞེས་བྱུང་༔ ཧཱུཾ་ཆ་དེ་ཝས་ཅུང་ཞིག་ཕྱིན༔ ཤར་ཕྱོགས་ཀཱ་མ་རུ་ཡི་ཡུལ་དུ་ནི༔ ཀི་བ་ལ་ཞེས་བྱ་བ་དར༔ རོ་རས་ཀྱིས་ནི་སྨད་དཀྲིས་ཅན༔ ལྭ་ཝ་པ་ཞེས་བྱ་བ་བྱུང་༔ ཨ་ཤོ་བ་ཞིག་གི་སྐྱེ་བ་བླངས༔ སཱ་ར་ཧ་ཡིས་མདའ་རྒྱབ་ཤ་ཟོས་པ༔ ཚེ་འཕོས་རིན་ཆེན་མཆོག་ཏུ་སྐྱེས༔ ས་ལྔ་ནོན་པས་ཚེ་ལོ་བརྒྱད་ཅུ་ཐུབ༔ གའུ་

5-86a

༄༅༔       ༔གཉིས་གཞོང་ཏི་ཏའི་བུ༔ སྨད་འཚོང་བུ་མོ་ན་ར་ཡ༔ རྒྱ་གར་ཡུལ་ནས་ཚེ་འཕོས་པ༔ ལྭ་བ་པ་ཞེས་བྱ་བ་འདིར༔ སྐ་བ་དཔལ་བརྩེགས་བྱ་བར་སྐྱེས༔ ས་ནི་བདུན་པ་ལོ་ནི་བརྒྱ་དང་གཅིག༔ ལོ་ཙཱ་ཅོག་རོ་ཀླུ་ཡི་རྒྱལ་མཚན་ཁྱོད༔ སློབ་དཔོན་ཀླུ་སྒྲུབ་འདས་པའི་འོག་རོལ་དུ༔ རྒྱ་གར་ས་ཀུན་ལ་ནི་སྔ་བའི་ཡུལ༔ རྒྱལ་པོ་རྣམ་པར་གནོན་ཞེས་བྱ་བ་བྱུང་༔ ཚེ་འཕོས་ཅོག་རོ་ཀླུ་ཡི་རྒྱལ་མཚན་ཡིན༔ ལོ་ཙཱ་དཱན་དྷ་ན་བྱ་བ་ཁྱོད༔ རྒྱ་གར་གྲོང་ཁྱེར་ཡངས་པ་ཅན༔ ཤིང་འཚོང་སེ་བེ་དུ་ཙེ་བྱ་བར་སྐྱེས༔ ཚེ་འཕོས་དཱ་ན་དྷ་ན་ཡིན༔ ལོ་ཙཱ་ཆེན་པོ་བཻ་རོ་ཙ་ན་ཁྱོད༔ སྐྱེ་བ་བཞི་ནས་ལྔ་བརྒྱར་ཁྲིམས་བསྲུངས་པས༔ ཁྲིམས་ཉམས་ནེ་ལེ་པཱུརྞ་སྣ་ཆད་ནི༔ རྒྱ་གར་བྲམ་ཟེ་སྨད་འཚོང་མ་ཡི་བུ༔ རྒྱ་གར་ཡུལ་ནས་ཚེ་འཕོས་བོད་དུ་སྐྱེས༔ ས་བརྒྱད་ནོན་པའི་བྱང་ཆུབ་སེམས་དཔའ་ཡིན༔ གཙང་ནི་ཐེ་ལེན་དྲ་བུ་ཉིད༔ རྒྱལ་མོ་གཡུ་སྒྲ་

5-86b

སྙིང་པོ་ཁྱོད༔ ལྷོ་བྲག་གཙང་སྔོན་ལེགས་དྲུག་ཚེ་འཕོས་ཏེ༔ ཚེ་ལོ་བརྒྱ་དང་ལྔ་ནི་ཐུབ་པར་འགྱུར༔ ས་དྲུག་ནོན་པའི་བྱང་ཆུབ་སེམས་དཔའ་ཡིན༔ གཉགས་བན་ཛྙཱ་ན་ཀུ་མ་རཱ་ཛ་ཁྱོད༔ རྒྱ་གར་རྡོ་རྗེ་གདན་གྱི་རྡུལ་འཕྱག་པ༔ ཧ་ལུ་བ་དེ་ཚེ་འཕོས་པ༔ ལོ་ནི་བརྒྱད་ཅུ་རྩ་གཉིས་ཐུབ་པར་འགྱུར༔ ས་བདུན་ནོན་པའི་བྱང་ཆུབ་སེམས་དཔའ་ཡིན༔ འདི་ན་མཆིས་པའི་ལྷ་དཔལ་ཡེ་ཤེས་ཁྱོད༔ རྒྱ་གར་བྲམ་ཟེ་སྨད་འཚོང་ཚེ་འཕོས་ཏེ༔ ལོ་ནི་བརྒྱད་ཅུ་རྩ་བཞི་ཐུབ་པར་འགྱུར༔ ས་ལྔ་ནོན་པའི་བྱང་ཆུབ་སེམས་དཔའ་ཡིན༔ དྷ་ཤ་པུ་རིའི་གསལ་རིག་ཚེ་འཕོས་པ༔ ལྷ་མ་ཡིན་གྱི་དངོས་གྲུབ་ཐོབ་པ་ཡི༔ ད་ལྟའི་སངས་རྒྱས་ཡེ་ཤེས་རིན་པོ་ཆེ༔ ཚེ་ལོ་བརྒྱད་ཅུ་རྩ་གཅིག་ཐུབ་པར་འགྱུར༔ ས་གཞི་ནོན་པའི་དྲི་ཟ་འཛིན་པ་ཡིན༔ བི་ཀཱ་མ་ལ་ཤི་ལའི་གཙུག་ལག་ཁང་༔ སྤྲང་པོ་ཉི་མ་དངོས་གྲུབ་ཚེ་འཕོས་པ༔ འཁོན་པ་ཀླུ་ཡི་དབང་པོ་ཁྱོད༔ ལོ་ནི་

5-87a

༄༅༔       ༔བརྒྱད་ཅུ་གྱ་གཉིས་ཐུབ་པར་འགྱུར༔ ས་བརྒྱད་ནོན་པའི་བྱང་ཆུབ་སེམས་དཔའ་ཡིན༔ སྤུར་སྣ་སྤུར་མེ་སྒྲ་སྒྱུར་ཚལ༔ ཛ་མ་རི་ཡི་པཎྜི་ཏ༔ བུ་ཚ་མིང་སྲིང་བཞི་དང་ཆུང་མས་ལྔ༔ ཁྱོ་རང་དང་ནི་དྲུག་ཡོད་པའི༔ ཚེ་འཕོས་ཆེ་བ་དགེ་སློང་དཔལ་དབྱངས་ཡིན༔ དེ་འོག་རྒྱལ་བ་མཆོག་དབྱངས་ཡིན༔ དེ་འོག་ཡོན་ཏན་སྙིང་པོ་ཡིན༔ དེ་འོག་ལེགས་སྦྱིན་ཉི་མ་ཡིན༔ སྲིང་མོ་ལྡན་མ་རྩེ་མང་ཡིན༔ ཆུང་མ་ལང་འགྲོ་དཀོན་ཅོག་འབྱུང་གནས་ཡིན༔ བསྙེན་གནས་བསྲུངས་པས་ཚེ་འཕེལ་ལོ༔ གནུབས་བན་ནམ་མཁའི་སྙིང་པོ་ཁྱོད༔ རྒྱ་གར་ལྔ་ཐུབ་ཅན་གྱི་ཡུལ༔ ཐགས་མཁན་བཟའ་མི་གཉིས་ཡོད་པའི༔ དགེ་སློང་ཛེ་ཏ་ཚེ་འཕོས་པ༔ ད་ལྟ་ནམ་མཁའི་སྙིང་པོའོ༔ རྒྱ་གར་དྲི་ཟ་འཕུང་བྱེད་ཚེ་འཕོས་པ༔ ད་ལྟ་ཡེ་ཤེས་མཚོ་རྒྱལ་ཡིན༔ རྒྱལ་པོའི་སྲས་མོ་ལྷ་ལྕམ་ཁྲོམ་པ་རྒྱན༔ བྲམ་ཟེ་སྐྱེ་བདུན་དུང་རྣའི་སྐྱེ་བ་

5-87b

ཡིན༔ སྐུ་གསུང་ཐུགས་ཡོན་འཕྲིན་ལས་འཕྲུལ་ལྔ་སྒྱུར༔ དུས་གསུམ་མཁྱེན་པས་སྔ་མ་ཅི་ཡིན་དེ་ལྟར་ཤེས་པའི་སྐབས་ཏེ་ཉེར་དྲུག་པའོ༔       ཐྲཐཉྲརྦྱ།རྦྱ།༔       ༔