(ལེའུ་སུམ་ཅུ་པ། གཏེར་མིན་གཏེར་འདྲ་བསྟན་པའི་སྐབས།)
གཏེར་མིན་གཏེར་འདྲ་གཏེར་ལ་གནོད༔ ཆོས་མ་ཡིན་ནི་ཆོས་ཀྱིས་འཕམ༔ སྲིན་པོའི་ཡུལ་གླིང་ཆེན་པོ་བཅུ་དྲུག་ལ༔ སྲིན་པོའི་གྲོང་ཁྱེར་ལྔ་བརྒྱས་བསྐོར་བའི་དབུས༔ མར་མེ་མཛད་ཀྱི་བསྟན་པ་འདས༔ ཤཱཀྱ་ཐུབ་པའི་བསྟན་པ་མ་ཤར་བར༔ རཱུ་ཏྲ་ཐར་པ་ནག་པོའི་བསྟན་པ་འབྱུང་༔ བཏགས་པ་མིང་གི་རཱུ་ཏྲ༔ སྤྲུལ་པ་འདོད་དགུ་སྐོང་བའི་རཱུ་ཏྲ༔ ཏིང་ངེ་འཛིན་ཡེ་ཤེས་སུ་ལངས་པའི་རཱུ་ཏྲ༔ མ་བཅོས་རྣལ་དུ་དབབ་པའི་རཱུ་ཏྲ༔ རང་བཞིན་ལྷུན་གྱིས་གྲུབ་པའི་རཱུ་ཏྲ༔ ཨ་ཀར་ཤ་རཱུ་ཏྲ༔ ཁཏྲཾ་
ཁ་རཱུ་ཏྲ༔ མ་ཏྲཾ་ཁ་རཱུ་ཏྲ༔ འཇིག་རྟེན་བདེ་དང་མི་བདེའི་རྣམ་པ་ཀུན༔ རཱུ་ཏྲ་ཕྱི་ནང་གསང་བ་དེ་ཁོ་ན༔ རཱུ་ཏྲ་ལྔ་བཅུ་རྩ་བརྒྱ་་་་་སྡེ་དཔུང་ཆེ༔ གཏེར་ཞེས་བྱ་བའི་མཚན་ཉིད་བྱུང་༔ ངོ་བོ་ངེས་ཚིག་དབྱེ་བ་བྱས༔ ངོ་བོ་ཟད་མི་ཤེས་པ་ལ༔ བསོད་ནམས་སྤེལ་ཅིང་དག་པ་ཡིན༔ ངེས་ཚིག་ཡིད་བཞིན་ནོར་བུ་ལ༔ དགོས་འདོད་འབྱུང་བས་གཏེར་ཞེས་བྱ༔ དབྱེ་བ་བཅོ་བརྒྱད་དབྱེ་བའོ༔ གཏེར་དུ་དབུགས་དང་ནི་གཏེར་ཤ་གཉིས༔ གཏེར་ལྤགས་གཏེར་སྤུ་གཏེར་སྙིང་ཁྲག༔ གཏེར་གྱི་ལྟོ་ཚིལ་ཡན་ལག་བདུན༔ ཆུ་བ་རྐང་མར་གཏེར་ཀླད་བཅུ༔ ཐུགས་གཏེར་དགོངས་གཏེར་རྫས་གཏེར་ལྔ༔ བླ་གཏེར་གཏེར་ཕྲན་གཏེར་སྨྱོན་བརྒྱད༔ རྒྱ་གཏེར་བོད་གཏེར་རྗེ་བློན་གཏེར༔ ཡབ་གཏེར་ཡུམ་གཏེར་མ་ནིང་གཏེར༔ ཕྱི་ནང་གསང་གཏེར་བརྫུན་མའི་གཏེར༔ ནོར་གཏེར་དང་ནི་བཅོ་བརྒྱད་དོ༔ དུས་ཀྱི་སྙིགས་མ་འབྱུང་བའི་ཚེ༔ ཡིད་ལོག་དམ་མེད་བསྟན་འཇིག་སེལ༔
༄༅༔ ༔ལེན་མ་མྱོང་བའི་ལུས་བླངས་ནས༔ མི་དགེའི་སྣང་བ་རང་ཤར་ཏེ༔ འདྲེ་ཡིས་ཡིད་བསྐུལ་ཆོས་མིན་འཆད༔ དབྱེ་བསལ་མེད་པའི་ཡི་གེའི་རིགས༔ ཉོན་མོངས་མ་བྲི་མི་མགོ་བསྐོར་བ་ལ༔ བཀའ་དང་འབྲེལ་མེད་ཁུངས་མ་ག་ལ་ཡིན༔ དམ་ཚིག་མེད་ལ་སྙིང་རྗེ་ཆུང་༔ ཤེས་རབ་ཁ་ཡན་འདོད་པ་ཆེ༔ པད་འབྱུང་རྐང་འདྲེན་བོད་དུ་འོང་༔ བསྟན་པའི་ཆོས་དང་མི་མཐུན་པའི༔ བྱ་རུ་མི་རུང་སྣ་ཚོགས་བྱེད༔ བརྫུན་པས་གཏེར་འདྲ་བྱེད་པ་འབྱུང་༔ དམ་ཉམས་བསྟན་པའི་རཱུ་ཏྲ་ནི༔ འགོང་པོ་སྤུན་དགུ་ཨ་ཚི་ཚི༔ དམ་སྲི་མཆེད་བདུན་ཨ་མ་མ༔ འབྱུང་བགེགས་འཆོལ་པ་མགོ་ལྔ་འབྱུང་༔ བརྩམས་ཆོས་བྱས་པའི་ཟོག་པོ་འབྱུང་༔ རང་བླ་རང་གིས་འཚོང་བ་འབྱུང་༔ རང་སྨ་རང་གིས་འབེབས་པ་འབྱུང་༔ མི་མགོ་
བསྐོར་བས་རང་མགོ་བསྐོར༔ ཆོས་པ་ཡོངས་ལ་གནོད་པ་འབྱུང་༔ མི་མིན་རྨོངས་པས་བཟང་པོར་མཐོང་༔ མི་དགེའི་སྣ་ལེན་བྱེད་པ་འདྲ༔ ལྕགས་འཕྲེང་ནག་པོ་དམག་སྣ་འདྲེན༔ བསྟན་པའི་ཆོམ་རྐུན་ཁྱི་མགོ་ཅན༔ ཐེའུ་རང་སྟོང་འཁྲུལ་མི་མགོ་ཅན༔ ཡམ་ཤུད་དམར་པོ་སྤྲེལ་མགོ་ཅན༔ འཕུང་ཁང་ནག་མོ་བཅུན་མའི་མགོ༔ མཛའ་བོ་དབྱེན་འཛུག་མེ་ལྕམ་ཅན༔ མི་ཡུལ་མི་སྲིད་སྲིད་པ་བརྒྱད༔ རཱུ་ཏྲའི་བསྟན་པ་ཤར་བའི་རྟགས༔ དུག་ལྔ་འཕེལ་ཞིང་ཁོང་ཁྲོ་ལྡང་༔ བསྟན་པ་འདི་ཉིད་རཱུ་ཏྲའི་བསྟན༔ གདུག་པའི་སྐད་ངན་རྒྱུན་དུ་སྒྲོག༔ སེམས་ཅན་བདེ་བ་སྐད་ཅིག་མེད༔ འཚོ་བས་རང་མི་གསོས་པ་དག༔ ལུང་པའི་ཆུ་ངན་བརྡོལ་ནས་འོང་༔ དམ་སྲི་འབྱུང་པོ་ཁྱུ་རུ་ལོངས༔ དེ་ལྟར་དམུ་རྒོད་མང་དུ་འབྱུང་༔
༄༅༔ ༔མི་འཕུང་བདག་བརླག་སུ་མ་ཚངས༔ སངས་རྒྱས་བྱ་བ་མ་ཡིན་འདོར་ཁུར་བོར༔ གཏེར་མིན་གཏེར་འདྲའི་སྐབས་ཏེ་སུམ་ཅུ་པའོ༔ ཐྲཐཉྲརྦྱ།རྦྱ།༔ ༔