ཉི་མའི་རིགས་ཀྱི་རྒྱལ་རབས།
ཁ་བ་ཅན་དུ་མིའི་འགྲོ་བ་བྱུང་ཚུལ།
上一章
下一章

(ཁ་བ་ཅན་དུ་མིའི་འགྲོ་བ་བྱུང་ཚུལ།)

དང་པོ་ནི། ལྷ་ལས་ཕུལ་བྱུང་གི་འགྲེལ་པ་ཤེས་རབ་གོ་ཆས་མཛད་པ་ལས། སྔོན་རྒྱ་གར་ལྷོ་ཕྱོགས་ཀྱི་རྒྱུད་དུ། རྒྱལ་པོ་སྐྱབས་སེང་དང་། དེའི་སྤུན་ཟླ་ཡུལ་འཁོར་བསྲུང་ལ་སོགས་པ་ཡོད་དེ། རྒྱལ་པོ་སྐྱབས་སེང་ལ་ནི་བུ་ལྔ་སྟེ། གཡུལ་ངོར་བརྟན་པ། སྲིད་སྒྲུབ། འཇིགས་སྡེ། ལྷར་བཅས། ནའུ་ལིའོ། །ཡུལ་འཁོར་བསྲུང་ལ། དགྲ་ངན་དང་། འཐབ་དཀའ་ལ་སོགས་པ་སྤུན་བརྒྱ་ཐམ་པ་བྱུང་པ་ལ། ཕ་སྤུན་རྒྱལ་སྲིད་ལ་མ་ཆམ་པར་འཐབ་པར་ཆས་ཏེ། འདིའི་དུས་ན་རྩོད་དུས་ཆེན་པོའི་མགོ་རྩམས་པ་ཡིན་ནོ། །དེ་ཡང་

72b

གཉིས་ཆར་གཡུལ་བཤམས་པ་ན། སྲིད་སྒྲུབ་ཀྱིས་ཁོ་བོས་ཉེ་དུའི་ཚོགས་བསོད་པར་མི་ནུས་སོ། །ཞེས་སྨྲས་པ་དང་། སྲིད་སྒྲུབ་ནི་སྐྱབས་སེང་གིས་ལྷ་ཁྱབ་འཇུག་ལ་གསོལ་བ་བཏབ་ནས་དེས་བྱིན་པའི་བུ་ཡིན་པས་ན། ཁྱབ་འཇུག་ཉིད་སྲིད་སྒྲུབ་ཀྱི་གམ་དུ་འོངས་ནས་སྨྲས་པ། གང་གིས་མི་ནི་བསད་པ་དང་། །གང་གིས་བསོད་པར་བྱེད་པ་དག །དེ་དག་གཉིས་གའང་མི་རིགས་ན། །གསོད་དང་གསོད་པ་ཡོད་མིན་ཏེ། །རིགས་དང་དུལ་བ་ཕུན་སུམ་ཚོགས། །བྲམ་ཟེ་བ་གླང་གླང་པོ་དང་། །ཁྱི་དང་རྨེ་ཤ་ཅན་དག་དང་། །མཁས་པ་རྣམས་ནི་མཉམ་པར་ལྟ། །ཞེས་སོགས་ཀྱི་ཚིགས་བཅད་དང་། གཡོ་ཐབས་ཀྱི་གཟུགས་སྣ་ཚོགས་བསྟན་ནས་བསླུས་ནས། སྲིད་སྒྲུབ་ཀྱི། ཁ་ལོ་ཁྱབ་འཇུག་གིས་བྱས་ཏེ་གཡུལ་བཀྱེ་བས། འཐབ་དཀའི་རིགས་དཔུང་ཚོགས་བཅུ་གཉིས་དང་བཅས་པ་ཕམ་པར་བྱས་སོ། །དེའི་ཚེ་རུ་པི་ནི་ཞེས་པའི་རྒྱལ་པོ་དཔུང་དུ་མ་དང་བཅས་པ་བུད་མེད་ཀྱི་ཆས་སུ་ཞུགས་རང་རང་གི་ཁྱིམ་ཐབ་དང་བཅས་ཏེ། གངས་རིའི་ཁྲོད་དུ་གནས་ཤིང་འདུག་པ་ལས་མིའི་ཚོགས་མང་དུ་འཕེལ་ལོ། །

73a

༄༅།        །འཕེལ་ལོ། །དེ་ནས་སྐྱབས་སེང་གི་བུ་ལྔས་རྒྱལ་སྲིད་ཐམས་ཅད་བཟུང་ཅིང་ཁྲིམས་འཇགས་ནས་སྐྱེ་བོ་ཀུན་ལ་ཕ་སྤུན་གྱི་ལྷག་མ་རྣམས་གར་སོང་དྲིས་པ་ན། རྒྱལ་པོ་རུ་པི་ནི་ཞེས་པ་དམག་དང་བཅས་པ་གངས་རིའི་ཁྲོད་དུ་བྲོས་སོ་ཞེས་སྨྲས་པས། འོ་ན་ད་དུང་དེ་དག་བོས་ཅིག་ཅེས་བརྗོད་པས། དེ་རྣམས་ལ་བོད་བོད་ཅེས་གྲགས་ཏེ། ལེགས་སྦྱར་གྱི་སྐད་ལས་བྷོ་ཊ་ཞེས་ཟེར་རོ་ཞེས་འབྱུང་ངོ་། །དེ་ན་བོད་ཀྱི་རྒྱལ་པོ་རྣམས། རྒྱལ་པོ་རུ་པི་པ་ནིའི་རྒྱུད་དང་། འཁོར་རྣམས་ཀྱང་དེ་དག་གི་རིགས་ལས་འཕེལ་ལོ་ཞེས་མཁས་པ་དག་བཞེད་དོ། །ཡང་སྔོན་བཅོམ་ལྡན་འདས་འོད་མའི་ཚལ་ན། འཁོར་དགྲ་བཅོམ་པས་བསྐོར་ཏེ་བཞུགས་པའི་དུས་སུ། སྨིན་འཚམས་ཀྱི་མཛོད་སྤུ་ནས་འོད་ཟེར་ཁ་དོག་ལྔ་ཚང་བ་འཇའི་ཕུང་པོ་ལྟ་བུ་གཅིག་འཕྲོས་ཏེ། བྱང་ཕྱོགས་ཁ་བ་

73b

ཅན་གྱི་རྒྱལ་ཁམས་སུ་སོང་བས། དེ་ལ་བརྟེན་ནས་གཟིགས་ཏེ། ཞལ་འཛུམ་པ་མཛད་པ་དང་། བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་པར་སེལ་གྱིས་རྒྱུ་རྐྱེན་བཤད་དུ་གསོལ། ཅེས་གསོལ་པས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མ་འོངས་པའི་དུས་ན་ཁ་བ་ཅན་གྱི་ལྗོངས་ཐམས་ཅད་སྤྱན་རས་གཟིགས་དབང་ཕྱུག་གི་ཞིང་དུ་བསྐོས་ཏེ། ངའི་བསྟན་པ་ཡང་དར་ཞིང་རྒྱས་པར་འགྱུར་རོ། །ཞེས་དང་། མདོ་སྡེ་པད་མ་དཀར་པོ་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དུས་གསུམ་སངས་རྒྱས་ཐམས་ཅད་གང་གིས་ཀྱང་གདུལ་བྱར་མ་གྱུར་པའི་གནས། འདྲེ་སྲིན་དུ་མས་གང་བའི་མཐའ་ཁོབ་ཁ་བ་ཅན་གྱི་རྒྱལ་ཁམས་དེར། མ་འོངས་པའི་དུས་སུ། དམ་པའི་ཆོས་དར་ཞིང་རྒྱས་པར་འགྱུར་ཏེ། སེམས་ཅན་དེ་རྣམས་ཀྱང་ཐར་པ་བྱང་ཆུབ་ཀྱི་ལམ་ལ་འཁོད་པར་འགྱུར་རོ། །མཐའ་ཁོབ་དེ་འདུལ་བའི་ལྷ་ནི། འཕགས་པ་སྤྱན་རས་གཟིགས་ཡིན་ནོ། །གང་ཞེ་ན། སྤྱན་རས་གཟིགས་དབང་ཕྱུག་དེས། སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ་སངས་རྒྱས་སྟོང་གི་སྤྱན་སྔར་སྨོན་ལམ་བཏབ་སྟེ། བདག་གིས་དུས་གསུམ་སངས་རྒྱས་གང་གིས་ཀྱང་འདུལ་བར་མི་ནུས་པའི་གནས་

74a

༄༅།        །མཐའ་ཁོབ་ཁ་བ་ཅན་གྱི་རྒྱལ་ཁམས་ན་ཡོད་པའི་སེམས་ཅན་འདུལ་དཀའ་བ་དེ་རྣམས་ཐར་པ་བྱང་ཆུབ་ཀྱི་ལམ་ལ་འགོད་པར་གྱུར་ཅིག །མཐའ་ཁོབ་དེ་ཡང་བདག་གི་གདུལ་བྱའི་ཞིང་དུ་གྱུར་ཅིག །བདག་འདྲེ་སྲིན་ལ་སོགས་པའི་སེམས་ཅན་དེ་དག་ཐམས་ཅད་ཀྱི་ཕ་མ་ལྟ་བུར་གྱུར་ཅིག །འགྲོ་བ་སྒྲོལ་བའི་དེད་དཔོན་ལྟ་བུར་གྱུར་ཅིག །མུན་པ་སེལ་བའི་སྒྲོན་མེ་ལྟ་བུར་གྱུར་ཅིག །དུས་གསུམ་སངས་རྒྱས་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་པའི་ཆོས་ཐམས་ཅད་མཐའ་ཁོབ་ཀྱི་ཡུལ་དེར་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །སེམས་ཅན་དེ་རྣམས་ཀྱིས་དཀོན་མཆོག་གསུམ་གྱི་མཚན་ཐོས་ཏེ་སྐྱབས་སུ་སོང་ནས་བདེ་འགྲོ་མཐོ་རིས་ཀྱི་ལུས་ཐོབ་ནས་དམ་པའི་ཆོས་ལ་ལོངས་སྤྱོད་པར་གྱུར་ཅིག །བདག་གིས་གང་ལ་གང་འདུལ་གྱིས་སེམས་ཅན་རྣམས་སྨིན་ཅིང་གྲོལ་ནས་མཐའ་ཁོབ་དེའང་རིན་པོ་ཆེའི་གླིང་ལྟ་བུར་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ་ཞེས་གསུངས་སོ། །དེ་མཐར་ཕྱིན་པའི་ཕྱིར་ཞེས་སྔོན་རབས་རྙིང་པ་དག་ལས། དབུས་ཡར་ལུངས་ཀྱི་སྟོད་གྱེང་མཐོའི་རི་དང་། གོང་པོ་རི་སོགས་སུ། ནགས་དང་རི་བྲག་ལ་བརྟེན་པའི་བྲག་སྲིན་

74b

མོ་དུ་མ་གནས་པའི་ཚེ། ཁ་བ་ཅན་གྱི་ཡུལ་འདི་དག་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཞིང་ཁམས་སུ་མཛད་པ་དང་། སངས་རྒྱས་ཀྱི་བསྟན་པ་ཆེར་རྒྱས་སུ་འབྱུང་བ་ལ་དགོངས་ནས། འཇིག་རྟེན་དབང་ཕྱུག་ཉིད་ཀྱི་སྤྲུལ་པ་བྱང་ཆུབ་སེམས་དཔའ་སྤྲེའུ་ཞིག་བརྫངས་ཏེ། བྲག་སྲིན་མོ་དང་ཁྱིམ་ཐབ་ཏུ་བྱས་པ་ལས། བུ་དང་བུ་མོ་དག་བྱུང་བ་རྣམས་ལ་རྩེས་ཤིག་བརྗོད་པ་ལས། རྩེ་ཐང་འབྱུང་། ཟོ་ཞིག་བརྗོད་པ་ལས་ཟོ་ཐང་འབྱུང་ངོ་ཞེས་དང་། དེ་དག་མང་དུ་འཕེལ་བ་ལས་བོད་འབངས་ཀྱི་མི་མཐའ་དག་བྱུང་བ་ཡིན་ཏེ། དེའང་ད་ལྟར་གྱི་མི་རྣམས་ནི་ཞེ་སྡང་ཆེ་ལ། ཤ་ལ་རྔམ་ཞིང་གདོང་དམར་བ། མའི་རིགས་དང་། བློ་མང་ཞིང་རང་བཞིན་གྱིས་སྤྲོ་ཐུང་ལ་མི་བསྲུན་པ་དང་སྙིང་རྗེ་ཆེ་བ་རྣམས་ནི་ཕའི་རིགས་ཡིན་ནོ་ཞེས་ཟེར་རོ། །        ། །ཡང་རྒྱལ་པོ་རྐང་ཐུབ་ཀྱི་སྲས་ལེགས་བཀོད་ཀྱི་གདུང་རྒྱུད་དུ་འཁྲུངས་པ་གཅིག་གི་གཏམ་རྒྱུད་ཆེན་པོ་བོད་ཀྱི་རྒྱལ་ཁམས་རྒྱ་ནག་གི་ཁ་ལུང་ཡན་ཆོད་གངས་རིའི་ཁྱོན་ཆེན་པོར་ཡོད་ལ། དགྲ་བཅོམ་པ་ཉི་མ་གུང་པས་ཁ་ཆེའི་གངས་རྣམས་བཞུ། སྤོས་

75a

༄༅།        །ངད་ལྡན་པ་ནས་གུར་ཀུམ་ཁྱེར་བྱོན་པ་བཏབ། དེ་རྗེས་གྲོང་ཁྱེར་ཆེན་པོ་དུ་མ་བྱུང་པའི་དུས་མན་ཆོད་བོད་ཀྱི་ཁ་བ་རྣམས་ཀྱང་རིམ་ཀྱིས་ཞུ་བར་བྱས་ནས་ཡང་། སྟོད་ཁམས་བསྐོར་གསུམ་ནི། གཡའ་རི་དང་། གངས་དང་། ཆུ་ཡིས་བཅད་དེ་རྫིང་འདྲ་བ་འདྲེ་སྲིན་མང་པོས་དབང་བྱས། བར་དབུས་གཙང་རུ་བཞི་ནི། བྲག་དང་བྱེ་རི། སྤངས་ཤོང་གིས་བསྐོར་བར་བྱས་པས། ཡུར་བ་འདྲ་སྟེ། བྲག་སྲིན་བདུག་པ་ཅན་དང་སྤྲེའུ་ཚོགས་ཀྱིས་གནས་བཅས་ལ། སྨད་མདོ་ཁམས་ནི། ནགས་རི་དང་། ཐང་དང་། ལྗོན་ཤིང་ཡོད་པ་ན། གཅན་ཟན་མང་པོ་དང་། འདབ་ཆགས་ཀྱི་ཚོགས་ཀྱིས་བསྟེན་ཏེ། མིའི་འགྲོ་བ་ནི་མེད་དོ། །རིང་ཞིག་ནས་ས་གཞིའི་ཁྱོན་དེ་ཐམས་ཅད་ལ་ཆས་དབང་དུ་བྱས་པའི་ཡུལ་གྱི་མིང་ཡང་ཆ་ཡུལ་ས་གཙང་མར་བཏགས། དེ་ནས་བདུད་ཀྱིས་དབང་བྱས་ནས། ཡུལ་གྱི་མིང་དུ་བདུད་ཡུལ་ཁ་རགས་མགོ་དགུར་བཏགས་སོ། །དེ་ནས་དམུས་དབང་བྱས་པ་ལ། མིང་ཡང་དམུ་ཡུལ་དམུ་ཐང་དུ་གྲགས་ལ། དེའི་རྗེས་སུ་མ་སངས་སྤུན་དགུས་དབང་བྱས་ཏེ། ཡུལ་གྱི་མིང་ལ་སོ་མཁར་དྲུག་ཏུ་བརྗོད་དོ། །དེ་ནས་བོད་

75b

རྣམས་སུ་གོང་ཏུ་བརྗོད་པ་ལྟར། མི་རྣམས་བྱུང་སྟེ། རྒྱལ་ཕྲན་བཅུ་གཉིས་ཀྱིས་དབང་དུ་བྱས། ཡུལ་གྱི་མིང་སྐྱ་དམར་དུ་བཏགས་ཞེས་པ་འབྱུང་ངོ་། །དེ་དག་གི་རྒྱུད་ལ་ཡང་། བདུད་དང་གནོད་སྦྱིན་གྱི་སྤྲུལ་པར་གྲགས་ཏེ། ཡུལ་མདོ་ཁམས་ན། རྒ་དམ་པར་རློང་རྗེ། མདོ་ཁམས་སྨད་ན། རྗེ་འུར་སྦུར་གྱི་རྒྱལ་པོ། གཙང་སྟོད་ན། གཙང་རྗེ་ཐོད་དཀར། ཉང་རོ་ན་ལོང་མང་སྡེ་རྗེ། སྦུབས་ཡུལ་ན་སྦུབས་རྗེ་ཧྲིབས་བཙན། ཐང་རོ་ན་རྒྱལ་རླུང་རུམ་དཀར་པོ། ཡར་རླུངས་ན་ཉང་རྗེ་རྫོངས་ཀྱི་རྒྱལ། ཕན་ཡུལ་ན་དགུ་ཁྲི་རྟགས་ཀྱི་རྒྱལ་པོ། མར་ཡུལ་ན་རྦར་ཤང་གི་རྒྱལ་པོ། ཁྱུང་ལུང་ན། སྙེལ་ཝེར་སྲང་མི་ཁྱ། ཕུད་པུ་རྒྱལ་ཐང་ན་སྟོང་ལམ་རྨང་ཙེ། སྐྱིད་རོང་ན་གཟི་མར་གཟུངས་ཀྱི་རྒྱལ་པོ་རྣམས་ཀྱིས་དབང་བྱས་སོ། །