ཉི་མའི་རིགས་ཀྱི་རྒྱལ་རབས།
ལྷ་ཐོ་ཐོ་རི་སྙན་བཙན།
上一章
下一章

(ལྷ་ཐོ་ཐོ་རི་སྙན་བཙན།)

དེས་རུ་གོང་ཟ་སྟོང་རྒྱལ་ཚ་མོ་བཞེས་པའི་སྲས། ལྷ་ཐོ་ཐོ་རི་སྙན་བཙན་ཏེ། དེ་ཡང་། ཐོ་ཐོ་སྙན་བཙན་ས་ཕོ་བྱི་བ་ལ། །འོམ་བུ་བླ་རྒང་དུ་འཁྲུངས་དམ་ཆོས་ཀྱི། །དབུ་བརྙེས་ལོ་གྲངས་བརྒྱ་དང་ཉི་ཤུར་ནི། །བཞུགས་ནས་མེ་མོ་ཕག་ལ་གཤེགས་ཞེས་ཟེར། །དེ་ཉིད་ས་ཕོ་བྱི་བ་ལ་འོམ་བུ་བླ་རྒང་དུ་འཁྲུངས་ཤིང་། འདིའི་རིང་ལ་དམ་པའི་ཆོས་ཀྱི་དབུ་བརྙེས་ཏེ། དེའང་ལྷ་མོ་དྲི་མ་མེད་པ་ལུང་བསྟན་པའི་མདོའ་ལས། ང་ཡོངས་སུ་མྱ་ངན་ལས་འདས་ནས། ལོ་ཉིས་སྟོང་ལྔ་བརྒྱ་ནས་གདོང་དམར་སྲིན་པོའི་ཡུལ་དུ་དམ་

84a

༄༅།        །པའི་ཆོས་རྒྱས་པར་འགྱུར་རོ། །ཞེས་ལུང་བསྟན་པ་ལྟར། རྒྱལ་པོ་དེས་དགུང་ལོ་དྲུག་བཅུ་བཞེས་པ་ན། ཕོ་བྲང་འོམ་བུ་བླ་རྒང་ན་བཞུགས་པའི་ཚེ། ཉི་མ་ཤར་བའི་འོད་ཟེར་དང་འགྲོགས་ཏེ། གསེར་གྱི་ཟ་མ་ཏོག་གཅིག་རྒྱལ་པོའི་པང་དུ་བབས་པ་ཁ་ཕྱེ་ནས་བལྟས་པས། ཟ་མ་ཏོག་བཀོད་པ། པང་ཀོང་ཕྱག་བརྒྱ་པ། གསེར་གྱི་མཆོད་རྟེན་ཁྲུ་གང་པ། ཡི་གེ་དྲུག་པ། ཚིནྡྷ་མ་ཎིའི་ཀོལ་ཕོར་རྣམས་བྱུང་བས། དེ་རྣམས་ཅི་ཡིན་ངོ་མ་ཤེས་ཞིང་། མིང་གཉན་པོ་གསང་བར་བཏགས་ནས། མཛོད་ཕུགས་སུ་བཞག་ཏེ། གསེར་སྐྱེམས་དང་གཡུ་ལོས་མཆོད་དོ། །དེའི་ནུབ་མོ། རྒྱལ་པོའི་རྣལ་ལམ་དུ། གདུང་རབས་ལྔ་ནས་འདིའི་དོན་ཤེས་པ་འབྱུང་ངོ་ཞེས་ལུང་བསྟན་ཏོ། །ཡང་གཉན་པོ་གསང་བ་ལ། སླར་རྒྱལ་པོས་དད་གུས་མཛད་ཅིང་མཆོད་པས། བྱིན་བརླབས་ཆེན་པོ་བྱུང་བས། ཡང་ལོ་དྲུག་བཅུ་བསྣན་ནས་དབུ་སྐྲ་དཀར་པོ་རྣམས་ནག་པོར་གྱུར། ཚེམས་བུད་པ་ཡང་ཚང་བར་སྐྱེས། སྐུ་གཞོན་ཤས་ཤིན་ཏུ་ཆེ་བར་གྱུར། ཆབ་སྲིད་ཡང་དར་རྒྱས་ཤིན་ཏུ་ཆེ་ཞིང་། མཐའི་རྒྱལ་པོ་དང་མི་ཐམས་ཅད་རང་བཞིན་གྱིས་མངའ་

84b

འོག་ཏུ་ཚུད་དེ། ལྷག་པར་བཀྲ་ཤིས་པར་བྱུང་པས། རྒྱལ་པོའི་ཞལ་ནས། ངའི་གདུང་རབས་དང་མི་ཐམས་ཅད་ཀྱིས། བོད་ཁ་བ་ཅན་གྱི་རྒྱལ་ཁམས་འདིར་ཉེས་པ་ཅི་དང་ཅི་བྱུང་ཡང་། འདི་ཉིད་ལ་གསོལ་བ་ཐོབ་ཅིག་བཟློགས་པར་འགྱུར་ལ། ལེགས་པ་ཅི་དང་ཅི་དགོས་པ་ཡང་མཆོད་ནས། གསོལ་བ་ཐོབ་ཅིག །གང་འདོད་པ་འབྱུང་ངོ་ཞེས་བཀའ་བསྩལ་ཏོ། །ཁ་ཅིག་རྒྱལ་པོ་རབ་གསལ་ཟླ་བའི་ཁང་པར་གླེགས་བམ་གྱི་ཆར་བབས་པ་དང་། འདིར་ཚིནྡྷ་མ་ཎི་སོགས་བྱོན་པ་དུས་མཚུངས་ཟེར་ཀྱང་དེ་དག་མི་མཐུན་ཏེ། དཔལ་སྡོམ་ཕྱི་མའི་ལུང་ལས། ང་ནི་འདི་ནས་མི་སྣང་ནས། །ལོ་ནི་བརྒྱ་དང་བཅུ་གཉིས་ན། །བསྟན་པའི་སྙིང་པོ་དམ་པ་ཞིག །ལྷ་གནས་གསུམ་ཏུ་གྲགས་པ་སྟེ། །འཛམ་གླིང་ཤར་ལྷོའི་ཕྱོགས་འཚམས་ན། །དཔལ་ཞེས་བྱ་བའི་རི་བོ་ལ། །ཐུགས་རྗེ་འཐུན་པའི་བྱིན་བརླབས་ཀྱིས། །རྒྱལ་པོ་ཙ་ཞེས་བྱ་བ་ལ། །ལག་ན་རྡོ་རྗེས་སྣང་བར་བྱེད། །མི་ལ་སྐལ་ལྡན་དམ་པ་རྣམས། །བྱང་ཆུབ་མཆོག་ཏུ་གྲུབ་འགྱུར་བས། །དེ་ལ་རྟག་ཏུ་མོས་པ་བྱས། །ཞེས་པའི་ལུང་འདི་དགག་པར་མི་ནུས་ཤིང་། ལོ་ཉིས་སྟོང་ལྔ་བརྒྱ་དང་། བརྒྱ་

85a

༄༅།        །དང་བཅུ་གཉིས་ཀྱང་མི་འཐུན་ནོ། །རྒྱལ་པོ་འདི་འཕགས་པ་ཀུན་ཏུ་བཟང་པོའི་སྤྲུལ་པར་གྲགས་ཞིང་། རྒྱལ་རབས་ཁ་ཅིག་ཏུ་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་སྤྲུལ་པ་ཡིན་ཡང་ཟེར་རོ། །དེ་ཡན་ཆོད་ནི་ཆབ་སྲིད་བོན་ཀྱིས་བསྐྱངས་ལ། ལྷ་ཐོ་ཐོ་རི་སྙན་བཙན་གྱི་བང་སོ་ཡང་འཆོང་རྒྱས་ཀྱི་མདའ་ན་རི་ཆུང་ཤས་ཙམ་གཅིག་ཡོད་ཅེའོ། །དེས་ཁབ་ནོན་ཟ་བཞེས་ཀྱང་ཟེར།