ཞི་བྱེད་ཆོས་འབྱུང་།
དང་པོ། དམ་ཆོས་བདུད་ཀྱིས་གཅོད་ཡུལ་ཞེས་བྱ་བའི་སྒྲ་དོན།
上一章
下一章

(དང་པོ། དམ་ཆོས་བདུད་ཀྱིས་གཅོད་ཡུལ་ཞེས་བྱ་བའི་སྒྲ་དོན།)

དེ་ལ་དང་པོ་དམ་ཆོས་བདུད་ཀྱིས་གཅོད་ཡུལ་ཞེས་བྱ་བའི་སྒྲ་དོན་ནི། མ་ཡེ་ཤེས་ཀྱི་མཁའ་འགྲོ་ལབ་ཀྱི་སྒྲོན་མ་ཉིད་ཀྱིས་སྲོལ་བཏོད་པའི་གཅོད་ཡུལ་ཞེས་ཡོངས་སུ་གྲགས་པ་ཡིན་ཏེ། དེ་དགག་པའི་སྒྲ་དང་སྦྱར་ན་ཤེར་ཕྱིན་བདུད་ཀྱི་ལེའུ་ལས། གཟུགས་ནས་རྣམ་མཁྱེན་གྱི་བར་གང་ལ་ཐོགས་ནའང་བདུད་ཀྱི་ལས་སུ་རིག་པར་བྱའོ། །ཞེས་དང་། བདུད་ཀྱི་ལས་ཐམས་ཅད་ཐོགས་བཅས་ཐོགས་མེད་དགའ་བྲོད་སྙེམས་བྱེད་དེ་ནང་གི་བདུད་བཞི་གསུངས་པ་དང་། ལྷ་བུ་ཉོན་མོངས་ཕུང་པོ་འཆི་བདག་སྟེ་ཕྱིའི་བདུད་བཞིས་བྱེད་ཅིང་། དེའང་ནང་གི་བདུད་བཞི་ལ་མ་འདུས་པ་མེད་པས།

3a

༄༅།       །སེམས་ཀྱི་སྙེམས་ཐག་ཐམས་ཅད་ཡུལ་དེ་ཉིད་ཀྱི་སྟེང་དུ་ཐད་ཀར་གཅོད་དེ་མུ་བཞི་འམ་མཐའ་བརྒྱད་སྤྲོས་བྲལ་དུ་གནས་པས་ན་བདུད་ཀྱི་གཅོད་ཡུལ་དུ་གྲགས་པ་ཡིན་ལ། ཡང་སྒྲུབ་པའི་སྒྲ་དང་སྦྱར་ན་བྱང་ཆུབ་སེམས་དཔས་སེམས་ཅན་རྣམས་ཡོངས་སུ་མི་གཏོང་བའི་སྨོན་འཇུག་གི་སྤྱད་པ་སྤྱོད་ཕྱིར་དུ་སྤྱོད་ཡུལ་ཞེས་ཀྱང་མི་འགལ་ཏེ། ཡུལ་སྐད་ཀྱི་དབང་གིས་དེ་ལྟར་གྲགས་འདུག་པས་ཡོངས་གྲགས་སུ་གཅོད་ཡུལ་ཞེས་པ་ཁོ་ན་ཉིད་དོ། །ངེས་ཚིག་ཏུའང་མ་ཅིག་གི་ཞལ་ནས། སེམས་ཉིད་རྩ་བ་གཅོད་པ་དང་། །ཉོན་མོངས་དུག་ལྔ་གཅོད་པ་དང་། །ལྟ་མཐའ་སྒོམ་པ་འགྱུ་བྱེད་དང། །སྤྱོད་པ་འབྲས་བུ་རེ་དོགས་དང་། །སྙེམས་བྱེད་ཐམས་ཅད་གཅོད་པའི་ཕྱིར། །ངེས་པའི་ཚིག་ཏུ་གཅོད་ཅེས་བྱ། །ཞེས་པས་བླ་མའི་

3b

མན་ངག་གིས་སེམས་ཀྱི་རྩ་བ་བཅད་དེ་སེམས་ཉིད་ངོ་སྤྲོད་པ་དང་། འདོད་ཆགས་སོགས་ཉོན་མོངས་པ་དུག་ལྔ་སྤྱི་དང་བྱེ་བྲག་གི་གཉེན་པོས་གཅོད་པ་དང་། ལྟ་སྒོམ་སྤྱོད་འབྲས་ཀྱི་མཐའ་གཅོད་པ་སྟེ། མངོན་རྟོགས་རྒྱན་ལས། འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཅེས་གསུངས་པ་ལྟར་གནས་ལུགས་ཀྱི་དོན་ལ་སྔར་ཡོད་སྒྲིབ་པ་བདེན་གྲུབ་ཏུ་བསལ་བ་དང་། གཉེན་པོའི་ཡོན་ཏན་བདེན་གྲུབ་གསར་དུ་བཞག་ཏུ་མེད་པས་ལྟ་བ་རྟག་ཆད་ཀྱི་མཐར་འཛིན་པའི་རྟོག་པ་གཅོད་པ་དང་། ཡང་དག་ཉིད་ལ་ཡང་དག་བལྟ། །ཞེས་པ་ལྟར་དོན་ཇི་ལྟ་བ་རྟོགས་ནས་སྒོམ་པའི་ངང་དུ་བྱིང་རྨུགས་དང་རྟོག་པ་འོག་འགྱུའི་འཕྲོ་རྒོད་ཐམས་ཅད་གཅོད་པ་དང་། གནས་ལུགས་རྟོགས་པའི་སྤྱད་པ་སྤྱོད་ཚེ་ལྷ་དང་འདྲེ་ལ་ཕན་གནོད་ཀྱི་རེ་དོགས་གཅོད་པ་དང་། ཡང་དག་པའི་དོན་མངོན་དུ་གྱུར་པ་ལ་གོམས་པ་མཐར་ཐུག་ལས་གཞན་ནས་འབྲས་བུ་ཐོབ་ཏུ་རེ་བ་དང་མ་ཐོབ་ཀྱི་དོགས་པ་གཅོད་པ་སྟེ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་སོ། །བཀའ་ཚོམས་སུ། གཅོད་ནི་རྣམ་རྟོག་རང་སར་གཅོད། །ཅེས་གཞི་ཐོག་ཏུ་གཅོད་པ་དང་། ཡང་ཚོམས་ལས། སྲས་ཀྱིས་གཅོད་ཅེས་བྱ་བ་ཇི་ལྟར་ལགས་ཞུས་པས། ལན་དུ། མི་ཕོད་རྫི་བ་གཅོད་དུ་བཤད། །ཐམས་ཅད་སེམས་སུ་རྟོགས་ཙ་ན། །གཅོད་བྱའི་ཡུལ་ཅིག་ལོགས་ན་མེད། །སེམས་ཉིད་

4a

༄༅།       །སྟོང་པར་རྟོགས་ཙ་ན། །གཅོད་བྱ་གཅོད་བྱེད་གཉིས་སུ་མེད། །གཉིས་མེད་ཉམས་སུ་མྱོང་ཙ་ན། །བདུད་རྣམས་མ་གཅོད་གོང་ནས་ཆོད། །དཔེར་ན་ཁང་སྟོང་རྐུན་མ་བཞིན། །ཞེས་པས་གཅོད་བྱ་གཅོད་བྱེད་ཀྱི་ཡུལ་དང་ཡུལ་ཅན་གྱི་སྙེམས་ཞུགས་པ་བདེན་མེད་དུ་རྟོགས་པའི་ཤེས་རབ་ཀྱིས་གཅོད་པའི་ཕྱིར་ངེས་ཚིག་ཏུ་གཅོད་ཅེས་བྱའོ། །དེ་ལྟ་བུའི་ལམ་དེ་ཇི་ལྟར་བྱ་བའི་ཚུལ་དང་ཉམས་སུ་ལེན་པའི་གནད་རྣམས་ནི་སྤྱིར་མདོ་རྒྱུད་ནས་གསུངས་པ་དང་། ཁྱད་པར་གཅོད་ཀྱི་གཞུང་ནས་གསུངས་པ་བླ་མའི་ཞལ་ལས་ཤེས་པར་བྱ་བ་ལས་འདིར་འཆད་པའི་སྐབས་མ་ལགས་སོ། །