ཞི་བྱེད་ཆོས་འབྱུང་།
ལེའུ་གཉིས་པ། རྒྱ་གར་རྡོ་རྗེ་གདན་དུ་བྱོན་པའི་ལོ་རྒྱུས།
上一章
下一章

(ལེའུ་གཉིས་པ།)

(གཉིས་པ། རྒྱ་གར་རྡོ་རྗེ་གདན་དུ་བྱོན་པའི་ལོ་རྒྱུས།)

དེ་ནས་རྡོ་རྗེ་གདན་གྱི་ལྷོ་ཕྱོགས་ན་སེར་སྐྱའི་གླིང་ཞིག་ཡོད་དེ། གླིང་དེར་གྲོང་ཁྱེར་འབུམ་ཚོ་བཅུ་གསུམ་ཡོད་ཅིང་། གྲོང་སྟོད་ནས་ཆུ་བབས་པ་དེ་གྲོང་དཀྱིལ་དུ་རབས་མི་ཚུགས་པ་དང་། གྲོང་སྨད་དུ་གཟིངས་གཏོང་དགོས་སྐད། གྲོང་ཁྱེར་དེ་ན་རྒྱ་གར་ཤཱཀ་རིགས་ཀྱི་རྒྱལ་བརྒྱུད་གསུམ་ཡོད་དེ། གྲོང་ཁྱེར་དེའི་དབུས་སུ་ཕོ་བྲང་ཆེན་པོ་ཤིང་རྟ་གཟིངས་བྱ་བ་ཅིག་ཡོད། དེ་ན་རྒྱ་གར་ཤཱཀ་རིགས་ཨའི་དབང་ཕྱུག་བྱ་བ་དང་། ལྷ་ས་ཀླུ་སྒྲོན་གཉིས་ཀྱི་སྲས་སུ་འཁྲུངས་པའི་སྲས་ཞིག་ཡོད། དེ་ནི་ནོར་བུ་ཕུན་ཚོགས་གླིང་གི་ཡུམ་ཆེན་ཐུགས་ཀྱི་སྤྲུལ་པའི་མཁའ་འགྲོ་མ་དེ་ཉིད། བྲམ་ཟེ་བཟའ་མི་གཉིས་ཀྱི་སྨོན་ལམ་ལ་བརྟེན་ནས་འཁྲུངས་པ་ཡིན་སྐད། ཨ་ཙ་ར་གཅིག་ལ་མཚན་བསྟན་པས་མཚན་ཡང་བཟང་། ཡབ་ཡུམ་གཉིས་ཀྱིས་སྨོན་ལམ་བཏབ་པའི་བུ་ཡིན་པས་སྨོན་ལམ་གྲུབ་ཏུ་ཐོགས་གསུངས། ངེད་ཡབ་ཡུམ་གཉིས་ཀྱི་དགའ་བ་དང་སྐྱིད་པ་འདི་ཡང་། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ལ་སྨོན་ལམ་བཏབ་ཅིང་། མཆོད་པ་ཕུལ་

18b

བའི་ཡོན་ཏན་ཡིན་པས། ད་ཡང་མཆོད་པ་འབུལ་ཞིང་སྨོན་ལམ་འདེབས་ཟེར་ནས། མཆོད་པ་རྒྱ་ཆེན་ཤུགས་ལྡན་གྱི་སྤྲིན་ཙམ་བཤམས། རྒྱལ་བརྒྱུད་གོང་འོག་གསུམ་ཀ་བོས། འབངས་རྣམས་ཀྱང་ བོས་ཏེ་སྲས་སྐུ་འཁྲུངས་པའི་དགའ་སྟོན་ཆེན་པོ་བྱས། ཐམས་ཅད་ཀྱིས་སྨོན་ལམ་འགྲུབ་ལགས་སོ་ཟེར་སྐད། ཕ་མ་གཉིས་ལ་དཀོར་ནོར་མ་ཧེ་སྟོང་དང་གླང་ཆེན་སྟོང་ཡོད་པ་ལས། བརྒྱ་བརྒྱ་མིན་པ་ཀུན་ལ་འགྱེད་པར་མཛད། དེ་ནས་ལོ་བཅུ་ལོན་པའི་དུས་སུ་མ་བསླབ་པར་ཡི་གེ་ཤེས། མ་སྒྲུབ་པར་སྒོམ་དང་རྟོགས་པ་ཤར། སློབ་དཔོན་དྷརྨ་སིདྡྷི་བྱ་བའི་དྲུང་དུ་བྱོན་ནས་སྒོམ་དང་རྟོགས་པ་ཕུལ། རྒྱུད་སྡེའི་དབྱེ་བ་བྱས་པས། པཎྜི་ཏ་ཁྱོད་ཀྱི་ཕ་མའི་མིང་ལ་ཇི་སྐད་ཟེར་བ་ཡིན་གསུངས། ངའི་ཕའི་མིང་ནི་ཤཱཀ་རིགས་ཨའི་དབང་ཕྱུག་བྱ་བ་ཡིན། མའི་མིང་ལ་ལྷ་ས་ཀླུ་སྒྲོན་བྱ་བ་ཡིན། དེ་གཉིས་ཀྱི་སྨོན་ལམ་གྲུབ་པ་ཡིན་པས་ངའི་མིང་ལ་ཡང་སྨོན་ལམ་གྲུབ་ཏུ་བཏགས་པ་ཡིན། དེ་ཡང་ལས་དང་སྨོན་ལམ་རྟེན་འབྲེལ་འགྲིག་པའི་མིང་ཡིན། དེ་ནས་འདུལ་བའི་ཚུལ་ཁྲིམས་བསྲུང་ཞིང་ཕྱོགས་དེར་ལོ་བཅུ་གསུམ་བར་དུ་བླ་མའི་དྲུང་དུ་བསྡད། སྒྲ་ཚད་དང་ཕར་ཕྱིན་རྣམས་རྒྱུད་ལ་ངེས་པར་མཛད། དེ་ནས་རྡོ་རྗེ་གདན་དུ་བྱོན་པའི་ལམ་དུ་ཕྱི་པ་མུ་སྟེགས་པའི་གླིང་དང་། དུ་རུ་ཁའི་གླིང་ཆུང་རྣམས་ཀྱིས། ནང་པ་སངས་རྒྱས་པ་ལ་ཆོས་བྱེད་པ་རྫུན་ཡིན་ཟེར་ཞིང་སྒྲོ་སྐུར་འདེབས་

19a

༄༅།       །པར་སྣང་། ཁོང་ལ་ཡང་མུ་སྟེགས་པ་རྣམས་ཀྱི་ཆ་ནི་མེད། སྔར་མུ་སྟེགས་པ་དང་ནང་པ་རྩོད་གླེང་ཇི་ལྟར་བྱས་མ་མཁྱེན་པས། དེའི་ཚེ་སྔར་ནང་པའི་སྡེ་ལ་ཨ་ཙ་ར་ཞིག་ཡོད་པ་དང་འཕྲད། ཁྱོད་གང་ནས་འོང་ཟེར་བ་ལས། ང་ནི་འདི་འདྲ་ཡིན་བྱས་ཏེ་ཨ་ཙ་རར་མ་བརྒྱུད་ཀྱི་བཤད་པ་བྱས་པས། ད་ཁྱོད་མུ་སྟེགས་པའི་སྡེ་ལ་དོགས་ཟོན་གྱིས་ཤིག །དེ་མིན་ཁྱོད་དོ་ནུབ་ཇོ་བོས་གསོད་པ་ཡིན་ཟེར། དེ་ནས་མུ་སྟེགས་པས་རྩོད་པ་བྱེད་དུ་བྱུང་བ་ལ། ང་ཡང་ཁྱེད་ཀྱི་སྡེ་ལ་འོངས་པ་ཡིན་བྱས་པ་དད། ཁོའི་སྡེ་རྣམས་དགའ་ནས་སང་ནང་པར་སྡོམ་པ་ཕོགས་ཀྱི་ཟེར། དེའི་ནུབ་མོར་ཞབས་ཏོག་ཟབ་པར་བྱས། མུ་སྟེགས་པ་རྣམས་ཁོང་རང་གི་ཆོས་སྤྱོད་རྣམས་ཚར་ནས། ང་མཚན་ལ་རྡོ་རྗེ་གདན་དུ་འགྲོ་དགོས་བསམ་ཙ་ན། སྒོ་རྣམས་བསྡམས་ནས་འགྲོ་ས་མ་རྙེད། འུ་བུའི་སྒོའི་ཕྱི་རོལ་ན་ཀ་ཀ་ནི་ཞིག་སྣང་དེ་ལ་ཕྱག་དང་བསྐོར་བ་བྱེད་དུ་འགྲོ་བྱས་པས། སྒོ་བསྲུང་པ་རྣམས་དད་པ་ཆེ་བ་ཞིག་ཡིན་བསམ་ནས་སྒོ་ཕྱེས་དེར་ཕྱི་རོལ་ཏུ་ཀ་ཀ་ནི་ལ་ཕྱག་དང་བསྐོར་བ་བྱེད་ཅིང་བསྡད། དེ་ནས་རྡོ་རྗེ་གདན་དུ་ཕྱིན་པས་ཉི་དྲོས་ཙམ་ལ་སླེབ། ཁྱོད་གང་ནས་འོང་ཟེར་བ་དང་། ང་སེར་སྐྱའི་གྲོང་ཁྱེར་ནས་འོངས་པ་ཡིན། ངའི་ཕ་ཨའི་དབང་ཕྱུག་བྱ་བ་དང་མ་ལྷ་ས་ཀླུ་སྒྲོན་བྱ་བ་ཡིན། ངའི་སློབ་དཔོན་དྷརྨ་སིདྡྷི་བྱ་བ་ཡིན། རྡོ་རྗེ་གདན་དུ་རྩོད་པ་ལ་འོང་

19b

པ་ཡིན་བྱས་ཏེ། དེར་ནང་པ་དང་རྩོད་པ་བྱས་ནས་མུ་སྟེགས་ཀྱི་བསྟན་པ་གཅིག་ཀྱང་མ་བྱུང་། མུ་སྟེགས་པའི་ཆ་བྱད་བྱས་ནས་རྩོད་པ་བྱས་པས་ཀྱང་ཁོང་རང་རྒྱལ་བས། དེ་ནས་མུ་སྟེགས་པའི་གླིང་དུ་རྐང་མགྱོགས་པ་བཏང་ནས། མུ་སྟེགས་རྣམས་རྩོད་པ་ཕམ་ནས་ཡོད་པས། མུ་སྟེགས་པའི་སྡེ་ཚན་ཚོ་རྩོད་པ་ལ་ཡར་ཤོག་བྱས་པས་ཞག་གསུམ་གྱི་ཐོག་ཏུ་སླེབ། དེར་ནང་པ་རྣམས་གཡས་གྲལ་བྱས། མུ་སྟེགས་པ་རྣམས་གཡོན་གྲལ་བྱས་པས། ནང་པའི་སྡེར་འབུམ་ཚོ་བཅུ་གསུམ་འདུས། མུ་སྟེགས་པའི་སྡེར་འབུམ་ཚོ་བཅོ་བརྒྱད་འདུས་ཏེ། ཟླ་བ་གཅིག་དང་ཞག་བདུན་གྱི་བར་དུ་རྩོད་པ་བྱས། མུ་སྟེགས་ཀྱི་སྡེ་ཚན་འབུམ་ཚོ་བཅུ་བདུན་ནང་པ་སངས་རྒྱས་ཀྱི་བསྟན་པ་ལ་བཙུད། འབུམ་ཚོ་གཅིག་རང་ཡུལ་དུ་སླར་སློག །དེ་ལྟ་བུའི་འགྲོ་དོན་རྒྱ་ཆེན་པོར་མཛད་པ་ལགས། དེ་ནས་སེར་སྐྱའི་ཡུལ་དུ་བྱོན་པ་དང་ཡབ་གྲོངས་པ་དུས་མཉམ་བྱུང་། སེར་སྐྱའི་པཎྜི་ཏ་འབུམ་ཚོ་བཅུ་གསུམ་ཆོས་ལ་བསྐུལ་བར་མཛད་པས། དེར་ཡང་འགྲོ་དོན་རྒྱ་ཆེན་པོ་འཕེལ་ཞིང་ཡབ་ཀྱི་དགེ་བ་ཡང་གྲངས་མེད་པ་བྱས། དེ་ལྟར་ཡབ་ཀྱི་དགེ་བ་ཚང་མ་ཐག་ཡུམ་ཡང་གྲོངས། དེ་ལ་ཡང་དགེ་བ་གྲངས་མེད་པ་བྱས། གཞན་ཡང་གླང་ཆེན་སྟོང་དང་མ་ཧེ་སྟོང་རྣམས་དང་། རྒྱལ་པོའི་དཀོར་ཆ་སྣ་ཚོགས་ཐམས་ཅད་བླ་མ་དང་པཎྜི་ཏ་རྣམས་ལ་ཕུལ། བྲན་གཡོག་རྣམས་ཕ་སྤུན་ལ་གཏད། ནམས་གྱི་ཐོ་རངས་

20a

༄༅།       །ཁར་པུར་གླིང་གི་གྲོང་ཁྱེར་དུ་བྱོན། ཟངས་གླིང་དུ་གུ་རུ་རཏྣ་བྱ་བའི་དྲུང་དུ་རྒྱུད་ལ་ཤར་བའི་རྟོགས་པ་ཕུལ། ལོ་གསུམ་བསྟེན་ནས་ཉམས་ལེན་ལ་གད་བདར་མཛད། དེ་ནས་རྡོ་རྗེ་གདན་གྱི་བྱང་ཕྱོགས་སུ་ཉེ་བའི་དུར་ཁྲོད་ཞིག་ཡོད་པས་དེར་ཉལ་ནས་བསྡད་ཙ་ན། དུར་ཁྲོད་ཀྱི་མཁའ་འགྲོ་མ་རུས་པའི་རྒྱན་དྲུག་ཐོགས་པ་ཞིག་བྱོན་ནས། རྒྱ་གར་གྱི་ཨ་ཙ་ར་ཁྱོད་ངའི་དུར་ཁྲོད་མིན་པར་ཉལ་ས་མ་རྙེད་པ་ཨེ་ཡིན་ཟེར་ནས་འཇིགས་པའི་སྐད་མང་དུ་འདོན་ཞིང་འདུག །དེར་གསོལ་བ་བཏབ་ཅིང་བསྒོམས་པས། མཁའ་འགྲོ་མ་དེའི་ཞལ་ནས། ཨ་ཙ་ར་ཁྱོད་ཀྱིས་དུར་ཁྲོད་དུ་ཉལ་བའི་ཆོས་མི་ཤེས་པ་སྣང་ཟེར། དེ་ནས་རྡོ་རྗེ་གདན་གྱི་བྱང་ཕྱོགས་བ་ཏའི་རི་ལ་བྱོན། བྲག་ཕུག་པ་ཊ་བྱ་བར་རྒྱ་གར་གྱི་པཎྜི་ཏ་ཞིག་བསྒོམ་ཞིང་བཞུགས་འདུག་པས། དེའི་དྲུང་དུ་བྱོན་ཏེ་སེམས་ཅན་ལ་ཕན་ཐོགས་པའི་ཆོས་ཞིག་ཞུ་ཞུས་པས། དེའི་ཞལ་ནས། བལྟ་རྟོགས་སེམས་ལ་གྱིས་དང་། འོད་གསལ་ནང་ནས་འཆར་ཁྱོད་བོད་ཀྱི་ཡུལ་དུ་འགྲོ་དོན་བྱེད་དགོས་པས། དགེ་སྦྱོར་མྱུར་དུ་སྐྱོངས་ཤིག་གསུང་ནས་མི་སྣང་བར་སོང་སྐད། དེ་ནས་སེམས་བུན་ལོང་གིས་སོང་ནས་ཐུགས་ལ་མི་བདེ་བ་མང་དུ་འཁྲུངས། དབུ་བཏུམས་ཏེ་མལ་དུ་གཟིམས་བཞུགས་པས། ཐོ་རང་ཁར་བྲག་གི་ལོགས་ནས་བུད་མེད་ཞིག་གིས་སྐད་ལྷང་གིས་འབོད་པ་བྱུང་སྟེ། ཨ་ཙ་ར་ཁྱོད་

20b

མྱ་ངན་གྱི་མཚོ་ལ་བྱང་ཆུབ་ཀྱི་སེམས་རྐྱལ་དུ་མ་འཇུག་པར་ཡར་ལོང་དང་། ཁྱོད་སེམས་ཅན་སྤྱི་དང་བྱེ་བྲག་བོད་རིགས་ངན་གྱི་འགྲོ་དོན་བྱོན་དགོས། དེ་ལྟར་མཛད་ན་ཕྱིར་མི་ལྡོག་པའི་ས་ཐོབ་ཅིང་རྒྱ་གར་གྱི་ཆོས་ཐམས་ཅད་བོད་དུ་དར་བ་འོངས། མཁའ་འགྲོ་སྡེ་ལྔའི་སྒྲུབ་པ་གྱིས་ཤིག་གསུངས་ནས་ལུང་བསྟན་ཏོ། །དེ་ནས་མལ་དུ་བཞུགས་ཏེ་མཁའ་འགྲོ་སྡེ་ལྔའི་སྒྲུབ་པ་མཛད་པས། ཞག་གསུམ་ནས་འཚོ་བ་འདྲེན་པ་བྱུང་ཟླ་བ་གསུམ་ནས་མཁའ་འགྲོ་མའི་ཞལ་མངོན་གསུམ་དུ་མཇལ་ཏེ། མཁའ་འགྲོ་མའི་ཞལ་ནས། ད་ནི་བོད་ཡུལ་དུ་སེམས་ཅན་གྱི་འགྲོ་དོན་ལ་དགོངས་ཤིག་གསུང་ནས་ཐུགས་རྒྱུད་བསྐུལ། དེ་སྔ་ནས་སྨོན་ལམ་གྲུབ་འགྲོ་དོན་དྲན་མོད་ཀྱང་། རྒྱ་གར་གྱི་ཡུལ་ལ་ཆགས་པའི་སེམས་དང་མ་བྲལ་བར་སྣང་བ་ལས། ཕྱིས་གནས་དེར་མཁའ་འགྲོའི་སྒྲུབ་པ་མཛད་པ་ནས་ཐུགས་འགྱུར། དེ་ནས་ཉིན་གཅིག་མཁའ་འགྲོ་མ་སྐུ་མདོག་དཀར་མོ་ཞིག་གིས། ཨ་ཙ་ར་སྨོན་ལམ་གྲུབ་ཁྱོད་རིག་པ་དྲི་མེད་ངང་དུ་བསྟིམ་ཅིག་གསུངས། དེ་ནས་རྒྱབ་ཏུ་སིལ་ཟེར་བའི་སྣང་བ་ཞིག་བྱུང་བ་ལ་ཕྱི་མིག་བལྟས་པས། མཁའ་འགྲོ་མ་སྐུ་མདོག་མཐིང་ནག་སྐུ་ལ་རུས་པའི་རྒྱན་དྲུག་གསོལ་བ། ཕྱག་གཡས་གྲི་གུག་དང་གཡོན་ཐོད་ཁྲག་བསྣམས་པ། ཁ་ཊཱཾ་ཀ་གྲུ་མོར་བཅུག་པ་གཅིག་གིས། ཨ་ཙ་ར་སྨོན་ལམ་གྲུབ་ཁྱོད་འགྲོ་བ་སེམས་ཅན་གྱི་དོན་ལ་གཤེགས་

21a

༄༅།       །ཤིག་ཟེར་ནས། སྐེ་ལ་གྲི་གུག་རྒྱབ་བཀྲོངས་པའི་ཚུལ་མཛད་དེ་སྐུ་གདུང་མི་ཉམས་པར་བྱིན་གྱིས་བརླབས། རིག་པ་མཁའ་འགྲོ་མའི་ཐུགས་ཀར་བསྟིམས་ཏེ་ཐོགས་པ་མེད་པར་བོད་ཡུལ་དུ་བྱོན། དེ་ནས་བོད་ཡུལ་ཨེའི་ངམ་ཤོད་ཀྱི་སྨད་ཡུལ་གྲོང་མཚོ་མེར་བྱ་བར། ཡབ་ཁྱེར་ཁད་ཆོས་ཟླ་བྱ་བ་དང་། ཡུམ་ཕྱུག་མོ་འབུམ་ལྕམ་མའི་ལྷུམས་སུ་ཞུགས་པར་གྱུར་ཏོ། །དེ་ཡན་ཆད་རྒྱ་གར་སེར་སྐྱའི་གྲོང་ཁྱེར་ཆེན་པོར་སྐུ་འཁྲུངས་ཏེ་འགྲོ་དོན་ཇི་ལྟར་མཛད་པ་དང་། གླིང་བཞི་ལས་གླིང་གཉིས་སུ་འགྲོ་དོན་མཛད་པའི་ལེའུ་སྟེ་གཉིས་པའོ། །        ། །