ཞི་བྱེད་ཆོས་འབྱུང་།
ལེའུ་གསུམ་པ། བོད་དུ་སྐྱེ་བ་བཞེས་པའི་ལོ་རྒྱུས།
上一章
(ལེའུ་གསུམ་པ།)
(གསུམ་པ། བོད་དུ་སྐྱེ་བ་བཞེས་པའི་ལོ་རྒྱུས།)
དེ་ནས་བོད་ཡུལ་དུ་སྐྱེ་བ་བཞེས་པའི་རྣམ་ཐར་ནི། དེ་ལྟར་ཡུམ་ཀྱི་ལྷུམས་སུ་ཞུགས་མ་ཐག་པའི་ལུས་ཡངས་ཞིང་བདེ་བས་ཁྱབ་པ་དང་། སེམས་ཕྱག་རྒྱ་ཆེན་པོར་གནས་པ་དང་། ས་གཡོ་བ་དང་འོད་འབྱིན་པ་ལ་སོགས་པའི་བཟང་རྟགས་བསམ་གྱིས་མི་ཁྱབ་པ་བྱུང་ཞིང་། དེ་ནས་ཟླ་བ་གསུམ་སོང་བའི་ཚེ་མའི་ལུས་ལ་སྒྲོན་མེ་བཏེག་པ་རྨིས། ཟླ་དྲུག་སོང་ཙམ་ན་ཁྱིམ་གྱི་ནང་ཐམས་ཅད་སྒྲོན་མེས་གང་བ་དང་། ཟླ་བ་དགུ་སོང་བའི་ཡུལ་གྲོང་ཐམས་ཅད་སྒྲོན་མེས་གང་བར་རྨིས། ངོ་བཅུའི་དུས་སུ་མའི་རུམ་ནས་ག་ཏའི་སྔགས་དང་ཧ་རི་ནི་སའི་སྔགས་བཟླས་པ་དང་། གཞན་ཡང་གསང་སྔགས་སྤྱི་དང་ཁྱད་པར་མ་རྒྱུད་ཀྱི་སྔགས་དང་སྙིང་པོ་
21b
འདྲེན་པ་ཡུམ་གྱིས་ཐོས་པས། ཡབ་ལ་ངའི་ལུས་ལ་ཡོད་པ་འདི་ནི་ལྷ་མི་གང་གི་སྤྲུལ་པ་ཡིན་མི་ཤེས། བདུད་ཀྱི་སྤྲུལ་པ་འདྲ་ཨེ་ཡིན། སྔར་དང་མི་འདྲ་བ་ཞིག་བྱུང་ཟེར། ཡབ་ཀྱིས་ཅི་འདྲ་ཞིག་བྱུང་གསུངས་པས། གོང་བཞིན་དུ་ཞིབ་པར་བཤད། ཡབ་ན་རེ། ག་ཏེའི་སྔགས་ནི་བཅོམ་ལྡན་འདས་མའི་སྙིང་པོ་ཡིན། ཧ་རི་ནི་ས་ནི་མཁའ་འགྲོ་ཡོངས་ཀྱི་སྙིང་པོ་ཡིན། བདུད་ཀྱི་སྤྲུལ་པ་མིན་པར་ངེས་པས། གཞན་ལ་མ་བཤོད་པར་གསང་ཞིག་གསུངས། དེ་ནས་ཟླ་བ་བཅུ་ལ་བལྟམས་པར་གྱུར་ཏེ། དེ་ཡང་ཤ་མདོག་དཀར་ལ་དམར་བའི་མདངས་ཆགས་པ། སྤྱན་གསུམ་དང་ལྡན་པ། ཞལ་ནས་ཨ་སྒྲ་སྒྲོགས་པ། ལྗགས་སྟེང་དུ་ཡི་གེ་ཧྲཱིཿདམར་པོ་གཡས་ཕྱོགས་སུ་འཁོད་པ་ཞིག་ཏུ་མཐོང་། དེ་ནས་ཡུམ་གྱིས་བླངས་ཏེ་མཛོད་ཀྱི་སྒོ་ཕུགས་སུ་འབོལ་ཏོ་ཧྲུལ་པོ་ཞིག་གི་ནང་དུ་བཏུམས་ནས་བཞག །ཕྱི་ཉིན་ཉི་མ་རྩེ་ཤར་ལ་ཡབ་བྱོན་བྱུང་བས། ཡུམ་ཀྱི་ཞལ་ནས། ཁ་སང་ང་ལ་བཙས་པ་དེ་ནི་བུ་མོ་གཅིག་སྣང་། བཙས་མ་ཐག་ཏུ་ཞལ་ནས་ཨ་བགྲང་ཞིང་དཔྲལ་བར་མིག་གསུམ་དང་། ལྕེ་ཐོག་ཏུ་ཡི་གེ་ཧྲཱིཿདམར་པོ་གཅིག་གཡས་ཕྱོགས་སུ་འཁོར་ཞིང་འདུག་པས། འདི་མི་མ་ཡིན་གྱི་སྤྲུལ་པ་འོ་ཅག་གཉིས་ལ་ཉམས་ལེན་པ་ལ་བྱིན་པ་ཨེ་ཡིན་ཟེར། ཡབ་ཀྱིས་ཁྱེར་ལ་ཤོག་གསུངས་པ་དང་། ཡུམ་གྱིས་མཛོད་ཕུགས་ནས་བཏོན་
22a
༄༅། །ཏེ་ཡབ་ལ་ཕུལ། ཡབ་ན་རེ། འདི་གང་ཡིན་གྱི་ཤན་མ་ཕྱེད་བར་དུ་མི་ལ་མ་མཐོང་བར་སྦས་ཞིག །ཁྱོད་རང་ཡང་སྒོ་རྒྱུགས་མ་མང་གསུངས། དེ་ནས་ཡུམ་གྱིས་ཟླ་བ་གསུམ་གསང་སྟབས་སུ་གསོས་པས། སྐྱེད་ཤིན་ཏུ་ཆེ་ཞིང་ཡིད་དུ་འོང་བ་ཞིག་བྱུང་། དེའི་དུས་ཡབ་ཡུམ་གཉིས་ཀྱིས་མཚན་སྒྲོན་མ་ཚེ་རིང་དུ་བཏགས། གཞན་ཡང་ལབ་ལུང་དེར་མེ་ཏོག་གི་ཆར་དང་། འཇའི་གུར་ཕུབ་པ་དང་། མི་ནད་དང་ཕྱུགས་ནད་ཐམས་ཅད་ཀྱང་རྒྱུན་ཆད། ལོ་ལེགས་ཤིང་དུས་ཀྱི་འཁྲུག་རྩོད་ཐམས་ཅད་ཀྱང་ཞི་བར་གྱུར། དེ་ནས་ལོ་བཞི་ལོན་མའི་ཚེ་དགེ་བཤེས་དབོན་སྟོན་གྱི་རྩར་བུ་མོ་ཅིག་ཡོད་པ་དེ་རབ་ཏུ་བྱུང་ནས་མིང་འབུམ་མེར་བཏགས། ཕུ་མོའི་རྩར་ཕྱིན་པས་དགེ་བཤེས་དབོན་སྟོན་གྱི་ཞལ་ནས། འབུམ་མེར་ཁྱོད་ཀྱི་ནུ་མོ་འདི་ལ་མཁའ་འགྲོ་མའི་མཚན་རྟགས་ཚང་ནས་འདུག་པས། ཀློག་སློབ་དང་ཆོས་པ་བཟང་པོ་ཞིག་འོང་བར་སྣང་གསུངས། དེ་ནས་ཡི་གེ་བསླབས་པས། བརྡ་བསྟན་པ་ཙམ་གྱིས་ཚེགས་མེད་དུ་ཤེས་ཏེ། ལོ་ངོ་བཅུ་ནས་ཀློག་མཁན་གྱི་མཁས་ཐོག་ཆོད་པ་གཅིག་བྱུང་། དགེ་བའི་བཤེས་གཉེན་ཐམས་ཅད་ཀྱང་ཐུགས་ཤིན་ཏུ་མཉེས་པར་གྱུར། དེ་ནས་ཕྱི་རོལ་ཏུ་རྒྱལ་གྱི་སྟོན་མོ་ཆེན་པོ་བྱུང་བ་ལ། ཐམས་ཅད་སྟོན་མོ་ལ་ཕྱིན་པས། སྟོན་མོར་འདུས་པའི་ཁྲོམ་པ་རྣམས་ཀྱིས་བུ་མོ་
22b
དེ་མཐོང་བ་དང་། བུ་མོ་འདི་གང་ནས་འོངས་པ་ཡིན་ཟེར་ཞིང་དྲི་བར་བྱེད། དེར་ལ་ལ་ན་རེ་འདི་ལབ་བྱ་བ་ནས་འོངས་པ་ཡིན། འདི་མའི་ལུས་ལ་ཡོད་པའི་དུས་སུ་རྨི་ལམ་དུ། ལུས་ལ་སྒྲོན་མེ་བཏེག་པ་དང་། ཁྱིམ་སྒྲོན་མེས་གང་བ་དང་། ལབ་ཀྱི་ལུང་པ་སྒྲོན་མེས་གང་བ་རྨིས་པ་ཡིན་ཟེར། དེ་ནས་ཁྲོམ་པ་རྣམས་ཀྱིས་འདི་འོང་ཡང་ལབ་ནས་འོང་། རྨི་ཡང་སྒྲོན་མེ་རྨིས་པས་ན། ད་ལབ་སྒྲོན་དུ་ཐོགས་ཟེར་ཏེ་ཁྲོམ་ཚོགས་པ་དེ་རྣམས་ཀྱིས་ལབ་སྒྲོན་དུ་མཚན་གསོལ་ཞིང་ཁྲོམ་ཐོག་ཆོད་པ་བྱུང་། དེ་ནས་གཡོ་རུ་གྲྭ་ཐང་དུ་གྲྭ་པ་མངོན་ཤེས་ཅན་གྱི་སྤྱན་སྔར་སྡོམ་པ་ཞུས་ཏེ་བཙུན་མ་མཛད། དེར་འབུམ་རྒྱས་འབྲིང་རྣམ་གསུམ་བཀླགས་ཤིང་བཞུགས། རྒྱ་ཕོ་བ་དྲུག་འགྱུར་གྱིས་འབུམ་ཚར་གཅིག་བཀླགས། ཇོ་མོས་ཀྱང་ཚར་གཅིག་བཀླགས། དེ་ཉིན་གྲྭ་པ་མངོན་ཤེས་ཅན་གྱི་ཞལ་ནས། ཇོ་མོ་ཁྱོད་ཀྱིས་དར་ཞྭ་འདི་གྱོན་ལ་ཀློག་དང་། ཁྱོད་ལ་ཆོས་སྐད་བཟང་པོ་རུ་འདུག་གསུང་ནས་མིང་ཇོ་མོ་ཞྭ་ཆུང་དུ་བཏགས། རྒྱ་ཕོ་བ་དྲུག་འགྱུར་གྱི་ཀློག་སྐད་དང་། ཇོ་མོ་ཞྭ་ཆུང་གི་ཀློག་སྐད་གཉིས་འགྱུར་ཁྱད་མེད་ཟེར་ནས་ཐོག་ཆོད་པར་གྱུར། དེ་ནས་གཡོ་རུ་གྲྭ་ཐང་དུ་གྲྭ་པ་མངོན་ཤེས་ཅན་གྱི་དྲུང་དུ་བླ་མཆོད་བྱེད་ཅིང་ཡོད་ཙ་ན། དམ་པ་སངས་རྒྱས་རྒྱ་གར་དུ་བཞུགས་དུས་སུ། རྒྱ་གར་གྱི་ཨ་ཙ་ར་ཡུམ་ཆེན་མོའི་སྤྲུལ་པ་ཞིག་
23a
༄༅། །བོད་ཡུལ་དུ་སྐྱེ་བ་བཞེས་ནས་ཡོད་ཟེར་བའི་ལུང་བསྟན་བྱུང་། དམ་པའི་མངོན་ཤེས་ཀྱིས་གཟིགས་པས། སེར་སྐྱའི་གྲོང་ཁྱེར་དུ་སྐྱེས་པའི་པཎྜི་ཏ་ཨ་ཙ་ར་ཞིག་པ་ཏ་ལའི་རི་ལ་བྷ་དྲའི་བྲག་ཕུག་དུ་བསྒོམ་བཞིན་བཞུགས་ཙ་ན། མཁའ་འགྲོ་མ་དཀར་མོ་ཞིག་གིས་ལུང་བསྟན། དེ་ནས་མཁའ་འགྲོ་མས་ལས་མཁན་བྱས་ནས་བསྒྲལ། དེ་ཚེ་འཕོས་ནས་ལབ་ཀྱི་ལུང་པར་སྐུ་འཁྲུངས་ཏེ། གྲྭ་པ་མངོན་ཤེས་ཅན་གྱི་དྲུང་དུ་རབ་ཏུ་བྱུང་ནས་བླ་མཆོད་བྱེད་ཅིང་ཡོད་པར་མཁྱེན། དེའི་ཚེ་དམ་པ་རིན་པོ་ཆེ་ཇོ་མོ་མཇལ་དུ་བྱོན་དགོས་དགོངས་པ་མཛད་པས། དེའི་ནུབ་ཇོ་མོའི་མནལ་ལམ་དུ་མཁའ་འགྲོ་མ་སྐུ་མདོག་དཀར་མོ་གཅིག་བྱུང་ནས། རྒྱ་གར་གྱི་ཨ་ཙ་ར་ཞིག་བོད་ཡུལ་དུ་འགྲོ་དོན་ལ་བྱོན་པར་གདའ་བས། དེས་ཁྱོད་སང་ནང་པར་མཇལ་དུ་ཡོང་བ་ཡོད་གསུངས། ཨ་མ་ཇོ་མོའི་ཐུགས་ལ་ཨ་ཙ་ར་མཇལ་དུ་འོང་བ་འདི་ཅི་ཡིན་ཨང་དགོངས་པའི་ཚེ། མཁའ་འགྲོའི་ཞལ་ནས། ཁྱོད་ཀྱི་མཚན་ལ་ཨ་མ་ཇོ་མོ་བྱ་བ་ཡིན། ཨ་ཙ་ར་ནག་པོ་དེ་དམ་པ་རྒྱ་གར་བྱ་བ་ཡིན་ཟེར། དེ་ནས་མནལ་སད་ཙ་ན་ཅིའང་མི་སྣང་བས་རྨི་ལམ་འཁྲུལ་པ་ཡིན་གྱི་འཛིན་པ་མེད་དོ་གསུངས། དེ་ནས་ཕྱི་ཉིན་ཉི་མ་རྩེ་ཤར་ལ་ཨ་མ་ཇོ་མོ་གཡོ་རུ་གྲ་ཐང་གི་སྒོ་མོ་ཆེ་ལ་བྱོན་ཙ་ན། དམ་པ་རྒྱ་གར་ཡང་རྫུ་འཕྲུལ་གྱིས་བྱོན་ནས། རྒྱལ་
23b
གྱི་ལྷ་ཁང་གྲའི་རྡོ་འཕྲང་ལ་བྱོན་འོངས་པ་དང་ཐུག་གིས་མཇལ། ཕན་ཚུན་ཕྱག་དང་དབུ་ཐུག་མཛད། ཨ་མ་ཇོ་མོས་དམ་པ་སངས་རྒྱས་བོད་ཡུལ་དུ་བྱོན་པ་ངོ་མཚར་ཆེ་གསུངས་པས། དམ་པའི་ཞལ་ནས། ཁྱོད་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཡིན་ཏེ་ལབ་ཏུ་སྐུ་འཁྲུངས་ནས། བོད་ཡུལ་དུ་འགྲོ་བ་སེམས་ཅན་གྱི་དོན་མཛད་པ་ངོ་མཚར་ཆེ། ཁྱོད་ཀྱི་ཆོས་བརྒྱུད་དུས་ཀྱི་མཐའ་ལ་ནམ་མཁར་ཉི་མ་ཤར་བ་བཞིན་འོང་བ་ཡིན་གསུངས། དེ་ནས་དམ་པ་ནི་འགྲོ་དོན་ཕྱོགས་མེད་དུ་བྱོན། ཨ་མ་ཇོ་མོ་ཡང་ནང་དུ་བྱོན་ནས་ཉི་ཁྲི་ཀློག་པར་མཛད། མདོ་ལ་གཟིགས་རྟོགས་མང་དུ་མཛད་པས་བློ་ཅིག་ཆོད་དུ་གྲོལ་ཏེ། རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེས། གཞན་ཡང་བཀའ་ཐོག་ནས་གྲོལ་བའི་ལུགས་དང་། བཀའ་དང་མི་འགལ་བའི་གྲོལ་ལུགས་འགའ་ཞིག་བྱུང་སྟེ། དང་པོ་ཟས་ལ་ཕྱོགས་རིས་མེད་པའི་རྟགས་སུ། སྔར་རྒོད་ཟས་དཀར་གསུམ་མངར་གསུམ་མིན་པ་མི་ཟ་བ་ལས། ཕྱིས་མཛེ་ཟས་དང་སྤྲང་ཟས་བཟའ་བར་བྱུང་། གཉིས་པ་གོས་ལ་ཕྱོགས་རིས་མེད་པའི་རྟགས་སུ། སྔར་དར་གོས་མིན་པ་མི་གྱོན་པ་ལས། ཕྱིས་མཛེ་གོས་དང་སྤྲང་གོས་གྱོན་པར་བྱུང་། གསུམ་པ་གནས་ཀྱི་ཕྱོགས་རིས་ཞིག་པའི་རྟགས་སུ་། སྔར་གནས་གཞི་དང་སྡེ་དགོན་མིན་པར་མི་བཞུགས་པ་ལས། ཕྱིས་མཛེ་སྤྲང་གི་གསེབ་དང་ལམ་སྲང་དུ་གཟིམས་པར་
24a
༄༅། །བྱུང་། བཞི་པ་གྲོགས་ཀྱི་ཕྱོགས་རིས་མེད་པའི་རྟགས་སུ། སྔར་མཁན་སློབ་དང་བཙུན་མའི་སྡེ་དང་འགྲོགས་པ་ལས། ཕྱི་ནས་མཛེ་སྤྲང་གི་གྲོགས་དང་འགྲོགས་པར་བྱུང་། ལྔ་པ་ཡུལ་གྱི་ཕྱོགས་རིས་ཞིག་པའི་རྟགས་སུ། སྔར་མི་ཆོས་ཀྱི་ཡུལ་ཨེའི་ལབ་དང་། ལྷ་ཆོས་ཀྱི་ཡུལ་གཡོ་རུ་གྲ་ཐང་དུ་བཞུགས་པ་ལས། ཕྱིས་ནས་རྒྱལ་ཁམས་ཕྱོགས་མེད་དུ་གཤེགས་པར་བྱུང་། དེ་ལ་བཀའ་དངོས་དང་མི་འགལ་བ་ནི་ཉི་ཁྲི་ལས། གཟུགས་ནས་བཟུང་སྟེ་རྣམ་མཁྱེན་གྱི་བར་དུ། གཉིས་སུ་མེད་དེ་གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་མི་དད་དོ། །ཞེས་པ་དང་། གཟུགས་དང་གཟུགས་ཀྱི་དེ་བཞིན་ཉིད་འདི་ལ་གཉིས་སུ་མེད་དེ། གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་མི་དད་དོ། །ཞེས་པ་དགུང་ལོ་ཉི་ཤུ་རྩ་བདུན་ལོན་ཙ་ན་བླ་མ་རིན་པོ་ཆེའི་ཞལ་ནས། ངོ་སྤྲོད་ཀྱི་བརྒྱུད་པ་བར་མ་ཆད་ཅིང་བྱིན་རླབས་ཀྱི་ན་བུན་མ་ཡལ་བ་ཡིན་གསུངས། གཉིས་པ་ཉེ་བའི་བརྒྱུད་པ་ནི། ཨ་མ་ཇོ་མོ་ཡན་ཆོད་དུ་ཆོས་སྤྱིའི་བརྒྱུད་པ་ནི་ཡོད་ལ། གཅོད་ཡུལ་དུ་གྲགས་པ་ནི་མེད་གསུངས། ཨ་མ་ཇོ་མོ་ཡང་གང་ཟག་རང་རྒྱུད་པ་ནི་མ་ཡིན་ཏེ། ཡེ་ཤེས་ཀྱི་མཁའ་འགྲོ་མ་སྙིགས་མའི་དུས་འདིར་འགྲོ་བ་སེམས་ཅན་གྱི་དོན་ལ་བྱོན་པ་ཡིན་ནོ། །བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་བཀའ་རྒྱས་འབྲིང་ལ་གཟིགས་རྟོགས་མང་དུ་མཛད། རྟོགས་པ་ཁྱད་
24b
པར་ཅན་རྒྱུད་ལ་སྐྱེས། དེ་ནས་གྲྭ་པ་མངོན་ཤེས་ཅན་ལ་དབང་གཅིག་ཞུ་ཞུས་པས། ངས་ཁྱོད་ལ་དབང་བསྐུར་མི་ནུས། དབང་སྐྱོ་སྟོན་བསོད་ནམས་བླ་མར་ཞུས་ཤིག་གསུངས་ནས་ལུང་བསྟན། དེ་ལ་བར་ཆད་མི་འོང་ངམ་ཞུས་པས་མི་ཡོང་གསུངས། དེ་ཚེ་སྐྱབས་འགྲོ་ཡན་ལག་བརྒྱད་པ་མཛད་། ཕྱིས་སྐྱོ་སྟོན་བསོད་ནམས་བླ་མ་དང་མཇལ་དུས་འབུལ་བ་རྒྱ་ཆེན་པོ་ཕུལ་ཏེ། ང་ལ་དབང་ཞིག་གནང་བར་ཞུ་གྲྭ་པ་མངོན་ཤེས་ཅན་གྱི་ལུང་བསྟན་ཡིན་ཞུས་པས། དགེ་བཤེས་ཀྱིས་སྣོད་ལྡན་དུ་གཟིགས་ནས། ཨེའི་ལྷ་ཁང་དུ་དབང་བཞི་རྫོགས་པར་གནང་། དེའི་ནུབ་མོ་ཇོ་མོས་ལུས་ཁྲུ་གང་ཙམ་ས་ལ་མ་རེག་པར་ཞི་བའི་གར་སྟབས་ཉི་ཤུ་རྩ་བཞི་མཛད། གསུང་དབྱངས་སཾ་སྐྲཾ་ཏ་ལྷའི་སྐད་དུ་འབྱོན། ཐུགས་ཐོགས་པ་མེད་པའི་ཏིང་ངེ་འཛིན་ལ་མཉམ་པར་བཞག །ཁང་པའི་རྩིག་པ་ལ་ཐོགས་པ་མེད་པར་བྱོན་ནས་ཤིང་སྡོང་གསེར་ལག་ཅན་དུ། ཀླུ་དྲག་པོ་ཟླ་སྐྱོང་གནས་པའི་སར་ཐོགས་པ་མེད་པའི་ཏིང་ངེ་འཛིན་མཛད་པས། ཀླུ་དྲག་པོ་ཟླ་སྐྱོང་ན་རེ། སྔར་འདི་འདྲའི་ཆོས་བརྒྱུད་ཡོང་མ་མྱོང་། ཁྱོད་ཤ་ལ་དགའ་བའི་ཀླུ་རིགས་རྣམས་འདིར་འདུས་ཤིག་ཟེར་ནས། ཀླུ་ཐམས་ཅད་ཀྱིས་ཆོ་འཕྲུལ་སྣ་ཚོགས་བསྟན། དེར་ཨ་མས་སྐུ་ལུས་སྦྱིན་པར་བཏང་། ཐུགས་ཆོས་ཉིད་ཀྱི་གཏེར་དུ་སྦས་པས། ཀླུ་རྣམས་ཀྱིས་ཆོ་འཕྲུལ་ཇི་ལྟར་
25a
༄༅། །བསྟན་ཀྱང་མ་ཚུགས་སོ། །དེ་ནས་ཀླུ་རྣམས་ཀྱིས་ཕྱག་འཚལ་བ་དང་། བསྐོར་བ་བྱེད་པ་དང་། སྲོག་སྙིང་འབུལ་བར་བྱས། ཐོ་རངས་སྐྱ་རེངས་ཤར་བའི་དུས་ཐུགས་དམ་རྗེ་བཙུན་སྒྲོལ་མའི་ཞལ་གཟིགས། ལབ་ཀྱི་སྒྲོན་མ་ཁྱོད་ཆུ་མིག་གཉན་ཁྲོང་བརྒྱ་རྩ་ལ་སྒྲུབ་པ་མཐར་སྐྱོལ་དང་། ཕྱིར་མི་ལྡོག་པའི་ས་གནོན་པ་ཡིན་ནོ་གསུངས། གཞན་ཡང་ལུང་བསྟན་མང་དུ་མཛད། ནང་པར་མཆེད་གྲོགས་རྣམས་ཀྱིས་བཙལ་ནས་བླ་མའི་དྲུང་དུ་ཁྲིད། ཇོ་མོ་ཁྱོད་ཀྱིས་མདང་དབང་མ་ཐོབ་ལས་ཟད་ཟེར། བླ་མའི་ཞལ་ནས། མདང་འདུས་བྱས་རྫས་ཀྱི་དབང་དེ་ཁྱེད་རྣམས་ཀྱིས་ཐོབ། ཆོས་ཉིད་དོན་གྱི་དབང་དེ་ཇོ་མོས་ཐོབ་གསུངས། དེས་ན་ཨ་མའི་ཆོས་དེ་བཙན་པ་ལགས། དགེ་བཤེས་དབོན་སྟོན་ལས་རྫོགས་ཆེན་གྱི་སྐོར་རྣམས་གསན། གྲྭ་པ་མངོན་ཤེས་ཅན་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བཀའ་ཞལ་གདམས་ཀྱི་ཆོས་རྣམས་གསན། དགེ་བཤེས་ཤུང་བུ་ཞྭ་དམར་ཅན་ལས་དབང་དང་སེམས་སྒོམ་ཀྱི་སྐོར་རྣམས་གསན། དགེ་བཤེས་ཡང་རྩེ་བ་ལས་ཕྱག་རྒྱ་ཆེན་པོའི་སྐོར་རྣམས་གསན། དེ་རྣམས་ཀྱི་ནང་ནས་དགེ་བཤེས་བསོད་ནམས་བླ་མ་ནི་རྩ་བའི་བླ་མ་ཡིན་ནོ། །ཐོས་བསམ་གྱི་སྒྲོ་འདོགས་དེ་ཙམ་ཞིག་བཅད་ནས་ལོ་སུམ་ཅུ་རྩ་གསུམ་ཚུན་ཆད་ལ་བཙུན་མའི་གྲྭ་ཐོག་ཆོད་པ་ཅིག་མཛད།
25b
སུམ་ཅུ་རྩ་གསུམ་ལོན་པའི་ཚེ་ཨེ་ཆུང་ན། ཡོན་བདག་མོ་ལྷ་མོ་སྒྲོན་མ་བྱ་བ་བཟའ་མི་རབས་ཆད་གཉིས་འདུག་པས། ཟས་ནོར་གང་ཡོད་ཆོས་ཕྱོགས་ལ་གཏོང་བ་ཞིག་ཡོད་པས་དེ་གཉིས་ཀྱི་ཙར་འབུམ་དང་ཉི་ཁྲི་ཀློག་ཅིང་ཡོད་ཙ་ན། ཡུལ་ཕྱོགས་དེར་ཐོད་པ་བྷ་དྲ་བྱ་བ་ཞིག་འདུག་པས་དེ་ཡོན་བདག་གི་ཆོ་ག་ལ་བཀུག །དེའི་ལོ་རྒྱུས་ཟུར་ཙམ་བཤད་ན། རྒྱ་གར་གྱི་པཎྜི་ཏ་ཞིག་བོད་ཡུལ་དུ་སྐྱེ་བ་བཞེས་པ་ཡིན་ཅིང་། ཨེའི་ར་དཀར་བྱ་བར་སྐུ་འཁྲུངས། ཡབ་རཏྣ་སིདྡྷི་དང་ཡུམ་ས་མ་ཏི་བྱ་བར་གྲགས། མཚན་ནི་ཐོད་པ་བྷ་དྲ་བྱ་བ་ཡིན་ནོ། །ཡོན་བདག་མོ་དེའི་རྩར་ཇོ་མོས་ཀློག་འདོན། བྷ་དྲས་ཆོ་ག་བྱས་པའི་དུས་སུ་བྷ་དྲ་ཆོ་ག་མི་འདོན་པར་ཧ་རེ་བལྟ་ཞིང་འདུག །ཡོན་བདག་མོ་ན་རེ། སྟོན་པ་ཆོ་ག་མི་མཛད་པ་ཅི་ཡིན་ཟེར་བས། ང་ཆོ་ག་བྱེད་སྙིང་མི་འདོད་པར་བློ་བདེ་འབོལ་གྱིས་སོང་ཟེར། ཡོན་བདག་མོ་ན་རེ། ངེད་བཟའ་མི་གཉིས་ལའང་དེ་འདྲ་བྱུང་། དེ་ཅི་ཡིན་མི་དགའ་བ་ཨེ་ཡིན་བྱས་པས། བྷ་དྲ་ན་རེ་དེ་ཅི་ཡང་མ་ཡིན་ཇོ་མོ་འདི་བྱིན་རླབས་ཅན་གཅིག་འདུག །རང་ཅག་རྣམས་ལ་དེའི་བྱིན་རླབས་ཀྱི་འོད་ཟེར་འཕོག་པ་ཡིན་གསུངས། དེའི་ནུབ་མོ་མཁའ་འགྲོ་མ་སྐུ་མདོག་དམར་མོ་དཔྲལ་བར་མིག་གཅིག་ཡོང་པ་ཞིག་གིས། ཇོ་མོ་ཁྱོད་ཆོ་ག་བྱེད་མཁན་འདི་དང་ཚེ་སྔོན་གྱི་སྨོན་ལམ་ཡོད་པ་ཡིན་པས། ད་ལྟ་ལས་འཕྲོ་མཐུན་པར་ཐབས་ཤེས་མཛད་
26a
༄༅། །ཅིག་གསུངས། ང་བཙུན་མའི་གྲ་ཐོག་ཆོད་པས་དེ་འདྲ་བྱས་ན་ཉེས་པ་ཡང་འབྱུང་ཞིང་། མིས་ཀྱང་འཕྱ་བར་འོངས་ཞུས་པས། མཁའ་འགྲོ་མ་སྐུ་མདོག་དམར་མོ་དེ་དཀར་མོ་ཞིག་ཏུ་གྱུར་ནས། འགྲོ་བ་སེམས་ཅན་གྱི་དོན་འབྱུང་བ་ཡིན་པས་ཁྱེད་གཉིས་ཀྱི་སྲས་བརྒྱུད་ལ་མ་སྒོམ་པར་སངས་རྒྱས་པ་དང་། མ་སྒྲུབ་པར་ནུས་མཐུ་འབྱུང་བ་ཡིན། ད་རེས་ཁྱེད་གཉིས་ཐབས་ཤེས་གྱིས་ཤིག །ཕྱིར་མི་ལྡོག་པ་མཁའ་སྤྱོད་ཀྱི་གནས་སུ་ཕྱིན་པ་ཡིན་ནོ་གསུངས། གཞན་ཡང་ལུང་བསྟན་མང་དུ་མཛད་ནས་འཇའ་དང་འོད་ཀྱི་ངང་དུ་ཡལ་ནས་ཐལ། དེའི་སང་ཉིན་ཐོད་པ་བྷ་དྲ་འོངས་ནས། ཇོ་མོ་ལ་ཕྱག་དང་བསྐོར་བ་མང་དུ་བྱས་ནས་ནུབ་མོ་མུན་རུབ་ཙམ་ན། ཇོ་མོའི་གམ་དུ་ཕྱིན་ཏེ་ཁྱོད་ཀྱིས་གསུང་དྲི་མ་མེད་པར་བཀླགས་པའི་བྱིན་རླབས་དང་། གསུང་སྙན་གྲགས་པའི་བྱིན་རླབས་དང་། སངས་རྒྱས་ཀྱི་ཐུགས་རྗེ་དང་བདེན་པ་རྣམས་ཀྱི་བྱིན་རླབས་ཤིག་ཞུགས་བྱུང་བས། དེ་ཁྱོད་ཀྱི་བྱིན་རླབས་ཡིན། ང་ལ་དབང་བསྐུར་དང་གདམས་ངག་རྣམས་ཞུ་ཟེར། ཇོ་མོས་ཉི་ཁྲི་དུམ་གཅིག་མགོ་ལ་བཞག་ནས་དབང་བསྐུར་ཙ་ན། ཁོས་ཇོ་མོའི་ཕྱག་ཏུ་འཇུས་ནས་ང་ལ་ཐོགས་པ་མེད་པའི་བྱིན་རླབས་ཚེ་གཅིག་ལུས་གཅིག་འཚངས་རྒྱ་བའི་དབང་གཅིག་ཞུ་ཟེར་ནས་ཐབས་ཤེས་སུ་འགྲོགས་པས་འོད་ཀྱིས་
26b
ལྷ་ཁང་ཁྱབ་ནས་ཡོད་ཙ་ན། ཡོན་བདག་མོའི་ཆོས་ཁང་ལ་མེ་ཤོར་སྙམ་ནས་འོངས་ཏེ་ལྟས་པས་མ་རུང་ཇོ་མོ་རང་ཡང་འདུལ་ཁྲིམས་གཙང་ཟེར་བ་སྐྱེས་པའི་བདུད་ཀྱིས་བསླུས་པ་མ་ལགས་སམ་ཟེར་། ཇོ་མོ་ལ་རྐང་མཐིལ་ནས་སྦྲིད་ཆིལ་བ་ཞིག་བྱུང་བ་སྤྱི་གཙུག་ནས་བུད་དེ་ཐལ། དེའི་ཚེ་ཇོ་མོས་ཚིགས་སུ་བཅད་དེ་གསུངས་པ། ལུང་བསྟན་ཕལ་ཆེར་བདུད་ཀྱིས་བསླུས་པ་ཡིན། །ཕོ་མོ་གཉིས་འགྲོགས་བདུད་ཀྱིས་ཁྱེར་བ་ཡིན། །ཡོན་བདག་མོ་ཡང་རྐྱེན་གྱིས་དེད་པ་ཡིན། །འགྲོ་བའི་དོན་ཡང་ཅི་ནུས་ངས་མི་ཤེས། །ཞེས་གསུངས་སོ། །ཡོན་བདག་མོས་མི་ལ་མ་བཤད་པར་གསང་། བྷ་དྲས་ཞག་བདུན་ཆོ་ག་མཛད། ཇོ་མོས་ཟླ་བ་གཅིག་ལ་འབུམ་ཚར་སུམ་ཅུ་བཀླགས། དེ་ནས་ཇོ་མོ་ལ་ཡོན་བདག་མོས་ཀ་ཅ་གང་དྲག་རྣམས་ཡོན་དུ་ཕུལ། ཇོ་མོས་ཆོས་ཡོན་རྣམས་ཁྱེར་ནས་གཡོ་རུ་གྲྭ་ཐང་དུ་གྲྭ་པ་མངོན་ཤེས་ཅན་ལ་འབུལ་བ་བྱས། ཇོ་མོ་ཞཱ་ཆུང་མ་ཁྱོད་ངའི་དྲུང་དུ་སྡོམ་པ་བླང་པས་དེ་སྔ་ཚུལ་ཁྲིམས་གཙང་མར་བསྲུང་ཤིང་ད་ནི་སྔོན་གྱི་སྨོན་ལམ་གྱིས་ཐོད་པ་བྷ་དྲ་དང་ལས་འཕྲོ་མཐུན་པ་ཡིན་པས། ཞུམ་པ་མ་བྱེད་པར་འགྲོགས་ཤིག་གསུངས། ཡང་སྐྱོ་སྟོན་བསོད་ནམས་བླ་མའི་དྲུང་དུ་མཇལ་དུ་ཕྱིན་པའི་ཚེ་འདི་སྐད་དུ། ཐོད་པ་བྷ་དྲ་བྱ་བའི་ཆོ་ག་མཁན་པོ་ཅིག་གིས་ང་བདག་ཏུ་བྱས་ནས་
27a
༄༅། །ཡོད་པས། དབུས་གཙང་གི་ཁྲོམ་ཚོགས་ཐམས་ཅད་ཀྱིས་འབར་ཞིང་སྣང་ཟེར་ཞུས་པས། བསོད་ནམས་བླ་མའི་ཞལ་ནས། ངས་ཀྱང་ཐོས་ཚར་གཏམ་ངན་རླུང་གི་རྟ་ལ་བཞོན་བྱ་བ་ཡིན་སྐད། ང་ལ་ཡང་མདང་རྨི་ལམ་དུ་ཁྱོད་ཀྱི་འགྲོ་དོན་ཕྱོགས་མེད་དུ་འབྱུང་བ་ཡིན་ཟེར་བའི་ལུང་བསྟན་དང་། ཁྱེད་གཉིས་ཀྱི་གདུང་བརྒྱུད་ཀྱིས་མ་འོངས་པའི་དུས་སུ་སེམས་ཅན་འདྲེན་པ་འགའ་འབྱུང་ཟེར་བའི་ལུང་བསྟན་ཡང་བྱུང་། ཁྱེད་རང་ཞུམ་པར་མ་བྱེད་པར་ཐོད་པ་བྷ་དྲ་དང་ཐབས་ཤེས་གྱིས་ཤིག་གསུངས། དེ་ནས་ཇོ་མོའི་བླ་མ་རྣམ་གཉིས་ཀྱིས་ཇི་སྐད་གསུངས་པ་བཞིན་དུ་ཐུགས་མ་ཞུམ་པར་ཐོད་པ་བྷ་དྲ་དང་འགྲོགས་པས། ཇོ་མོ་བཀའ་ལོག་མ་ཟེར་ཞིང་ཀུན་གྱིས་འབར་བཤད་བྱེད་པར་བརྟེན་ནས་ད་ང་རྒྱལ་ཁམས་ཕྱོགས་མེད་དང་། མྱག་དྭགས་ཀོང་གསུམ་སོགས་གང་རུང་ཞིག་ཏུ་འགྲོ་དགོས་དགོངས་ཏེ་ཀོང་ཡུལ་དུ་བྱོན། ཐོད་པ་བྷ་དྲ་དང་འགྲོགས་པའི་སྲས་མིང་སྲིང་ལྔ་ཡོད་པ་ལས། སྲས་ཆེ་བ་ལ་གྲུབ་པ། དེ་འོག་གྲུབ་ཆུང་། དེ་འོག་ཡང་གྲུབ་བོ། །སྲས་མོ་ལ་ལྕམ་དང་ཀོང་ལྕམ་གཉིས། ཀོང་ཡུལ་དུ་ཇོ་མོས་ཀློག་མཛད། བྷ་དྲས་ཆོ་ག་མཛད་ཅིང་ལོ་མང་དུ་བཞུགས། དེ་ནས་ཇོ་མོ་དགོང་ལོ་ལྔ་བཅུ་ང་ལྔ་ལོན་ཙ་ན། ཐོད་པ་བྷ་དྲ་ཕ་ཡུལ་
27b
དུ་ཡར་བྱོན། བུ་ནོར་ཐམས་ཅད་ཕ་ཡུལ་དུ་བཞག །ཡབ་ཐོད་པ་བྷ་དྲ་འདི་ཉིད་ནམ་མཁའ་རྒྱལ་མཚན་གྱིས་བསྒྲིགས་པའི་རྣམ་ཐར་ན། སངས་རྒྱས་ཀྱི་སྤྲུལ་པ་འཁོར་ལོ་བདེ་མཆོག་གི་གྲུབ་ཐོབ་ཆེན་པོ་རྒྱ་གར་ནས་བོད་དུ་སྐུ་དེ་ཉིད་བྱོན་པར་གསུངས། རྗེ་ཀརྨ་པཀྴི། རང་བྱུང་རྡོ་རྗེ། གཡུང་སྟོན། ཆགས་མེད་རིན་པོ་ཆེ་རྣམས་དེའི་རྗེས་སུ་འབྲངས། འོན་ཀྱང་རྣམ་ཐར་དུ་མ་ཡོད་པས་མཐའ་གཅིག་ཏུ་མ་དེས་སོ། །མ་ཅིག་གི་སྲས་ལའང་མིང་སྲིང་ལྔ་རུ་འདོད་པ་དང་། བཞི་དང་གསུམ་དུ་འདོད་པ་ཡོད་ཀྱང་། ཡོངས་སུ་གྲགས་པ་རྒྱལ་བ་དོན་གྲུབ་དང་། ཐོང་སྨྱོན་བསམ་གྲུབ། ལྕམ་མོ་ལ་འདུས་གསུམ་ངེས་པར་སྣང་། མཚན་གྱི་རྣམ་གྲངས་ཙམ་དུ་ཟད། དེ་ནས་ཇོ་མོས་དབུས་གཙང་གི་རྒྱལ་ཁམས་ཕྱོགས་མེད་འགྲིམ་ཞིང་། ལ་སྟོད་དིང་རིར་དམ་པ་རྒྱ་གར་མཇལ་དུ་བྱོན་པས། དམ་པ་རྒྱ་གར་གྱི་མངོན་ཤེས་ཀྱིས་གཟིགས་ནས། ཡེ་ཤེས་ཀྱི་མཁའ་འགྲོ་མ་ལབ་ཀྱི་སྒྲོན་མ་སང་ནང་པར་བྱོན་པར་གདའ། ཁྱེད་དིང་རི་བ་རྣམས་བསུ་བ་ལ་ཆས་ཤིག་གསུངས། དེ་བཞིན་དུ་བགྱིས་ཏེ་དིང་རིར་བྱོན་ནས་ཞག་གསུམ་བཞི་བཞུགས། དམ་པ་དང་ཉམས་བསྡུར་མཛད་པས། དམ་པ་ཐུགས་མཉེས་ཏེ་ཇོ་མོ་ཁྱོད་ཀྱི་བསྟན་པ་ནི་ཡུན་རིང་འབྱུང་གསུང་། དེ་ནས་ཟངས་རི་མཁར་དམར་དུ་བྱོན་
28a
༄༅། །ཏེ་ཡོན་བདག་མོ་ཆོས་མཚོ་བྱ་བ་ཞིག་ལུས་ནི་བཙུན་མར་འདུག་ཆོས་ནི་མི་ཤེས་པར་སྣང་། གཉའ་ན་རི་དམར་པོ་ཟངས་རི་འཁྱིལ་པ་འདྲ་བ་འདུག་པས། གཞི་བདག་དེའི་མིང་དུ་ཟངས་རི་འཁྱིལ་བར་བཏགས། ཡོན་བདག་མོའི་རྩར་བཞུགས་ཤིང་ཡོད་ཙ་ན། ནམ་སྲོད་ལ་ཡོན་བདག་མོ་དེ་བྱུང་ནས། ཇོ་མོ་ཁྱོད་ཀྱི་མཚན་མ་ཅིག་ལབ་སྒྲོན་དུ་སྣང་། སྟེང་ཡ་གིར་དུར་ཁྲོད་ཡོད་པས་དེ་ལ་དགོན་པ་ཐོབ་ལ་བཞུགས། ངས་ཀྱང་ཡོན་བདག་བྱེད་པ་ཡིན་ཟེར། དེ་ནས་མི་དམར་རྟ་དམར་ཅན་ཞིག་བྱུང་ནས་ང་ཟངས་རིའི་གཞི་བདག་ཡིན། མཁར་འདི་ལ་ཟངས་རི་མཁར་དམར་ཟེར། ཇོ་མོ་བཙུན་མ་འདིའི་ཡོན་བདག་བྱེད་པས། རི་ཕ་གི་ལ་ང་འདུག་པ་ཡིན། འདི་གཉིས་ཀྱི་བར་ལ་བཞུགས་དང་ཟེར་སྐད། ཇོ་མོའི་དགོངས་པ་ལ་ཐོད་པ་བྷ་དྲ་ངེད་གཉིས་ཀྱི་ལུང་བསྟན་དང་ཨེན་ཙམ་མི་འདྲ་བས། འཁོར་བའི་སྡུག་བསྔལ་འབའ་ཞིག་དྲན་པ་དང་། ཁྲོམ་དེར་ཚོགས་པ་རྣམས་ཀྱིས་ཀྱང་འཕྱ་བར་འོངས་དགོངས་པར་མཛད་དོ། །དེའི་ཕྱི་ཉིན་ཡོན་བདག་མོ་དེ་བྱུང་ནས། ངེད་ཀྱི་གཞི་བདག་ཡ་གི་ནི་ཁྱད་པར་ཆོས་བྱེད་པ་ལ་བཟང་བ་ཡིན་ཟེར། དེ་ཅི་འདྲ་བྱས་པས་གཞི་བདག་དེ་རྨི་ལམ་ལ་བྱུང་ན་བཟང་བ་ཡིན་ཟེར། མདང་ངའི་རྨི་ལམ་དུ་གཞི་བདག་དེ་བྱུང་ནས། ཐོག་སྟེང་དུ་བཞུགས་
28b