ཞི་བྱེད་ཆོས་འབྱུང་།
མ་ཅིག་གི་སྐུའི་སྲས་རྒྱལ་བ་དོན་གྲུབ་ཀྱི་ལོ་རྒྱུས།
上一章
(མ་ཅིག་གི་སྐུའི་སྲས་རྒྱལ་བ་དོན་གྲུབ་ཀྱི་ལོ་རྒྱུས།)
༄༅། །མ་ཅིག་གི་སྐུའི་སྲས་རྒྱལ་བ་དོན་གྲུབ་ཀྱི་ལོ་རྒྱུས་ནི། དེ་ཡང་དགུང་ལོ་དྲུག་བདུན་གྱི་དུས་ནས་ཡུལ་དེའི་རི་རྩེ་ལ་སོགས་པར་དུད་འགྲོ་ཆུང་ངུ་རྣམས་བསད་ནས་བཟའ་ཞིང་། ཞག་མ་རེ་ཟུང་ཁྱིམ་དུ་མནོན་པར་རི་རྒྱུག་བྱས་པས་གྲོང་པ་ཀུན་གྱིས་ར་དགྲ་གྲུབ་པེ་
43a
༄༅། །ཟེར་ཞིང་འབར་བར་བྱེད་དོ། །མ་ཅིག་གིས་ཁོ་སྣོད་ལྡན་ཡིན་ཞིང་སེམས་ཅན་འདུལ་བའི་ཐབས་དང་གཞན་སྣང་དུ་དེ་ལྟར་སྟོན་པ་དགོངས་བཞིན་དུ། གྲོང་པ་ཀུན་ལ་འདི་སྐད་ཅེས། ར་དགྲ་གྲུབ་པེ་འདི་ངའི་རིགས་མ་ཡིན། ང་ལ་འདི་འདྲ་མ་སྐྱེས་ར་དགྲ་འདི་ཁྱོད་རང་རྣམས་ཀྱིས་གསོད་ཅིག་གསུངས་པས། ཐམས་ཅད་ཀྱིས་ཆོམ་པོར་བྱེད་ཅིང་མའི་དྲིན་ལས་གསོད་པར་མ་ནུས་སོ༑ །ཕྱིས་ཆེར་སྐྱེད་ནས་དགུང་ལོ་བཅུ་དྲུག་ལོན་དུས་སྐྱེ་བོ་ཕལ་པ་བཅུ་མན་ཆད་ཀྱིས་གླགས་མི་རྙེད་དོ། །དེའི་ཚེ་འགའ་ཞིག་གིས་འདི་ཕལ་པ་མ་ཡིན་སྤྲུལ་པའི་སྐུ་ཡིན་ཟེར་བའང་བྱུང་ཞིང་། ཐམས་ཅད་ཀྱིས་མི་འདི་བདུད་ཆེན་པོ་ཡིན་ཟེར་བར་ཁ་ཆམ་མོ། །དེའི་ཚེ་ཁྲམ་པ་ཐམས་ཅད་ཁོ་ལ་འདུས་ནས་ཆོམ་པོ་རྣམས་ཀྱིས་གཙོ་བོ་བྱས་སོ། །དགུང་ལོ་ཉི་ཤུའི་དུས་སུ་ཨ་བ་མགོ་ལེགས་བྱ་བ་ཁྲམ་པའི་སྡེ་དཔོན་ཆེན་པོ་ཞིག་ལ། བུ་མོ་ལས་ཀྱི་རིགས་སུ་གྱུར་པའི་སྒྲོན་མ་མཚོ་བྱ་བ་གཟུགས་དབྱིབས་ཤིན་ཏུ་ལེགས་ཤིང་། ཁ་དོག་ཅུང་ཟད་སྔོ་བའི་སྔོ་བསངས་མ་བྱ་བ་ཐམས་ཅད་ལ་མཁས་པ། སྤྱོད་ལམ་བཟང་ཞིང་ཕ་མ་ལ་བཀུར་བསྟི་དང་འཁོར་འབངས་ཡུལ་མི་ཀུན་ལ་བྱམས་པ། ལྷག་པར་དགེ་བའི་ཕྱོགས་ལ་སྲོག་ཀྱང་འདོར་ནུས་ཤིང་ཐམས་ཅད་ཀྱི་ཡིད་དུ་འོང་བ་ཞིག་ཡོད་པ་
43b
ལས། ཕ་མས་གང་སུ་ལ་བཏང་ཡང་འགྲོར་མི་ཉན་ཅིང་། ཚོང་དཔོན་དགེ་བ་འབུམ་བྱ་བའི་བུ་རྒྱལ་བུ་གཞོན་ནུ་བྱ་བ་རིགས་གཟུགས་བཟང་བ་ཅིག་ཡོད་པས། དེ་ལ་སེམས་ཆགས་ཤིང་སྐྱེས་པ་གཞན་ནི་གཅིག་ཀྱང་འདོད་པར་མ་གྱུར། ཡུལ་གྱི་རྒྱལ་པོ་དང་དཔོན་སྐྱ་ཐམས་ཅད་ཀྱིས་སུ་འདོད་བྱས་ཀྱང་། སུ་ལ་ཡང་བློ་མ་འཆོར་བས་ལོ་ཉི་ཤུ་ལོན། དེ་ནས་ར་དགྲ་དང་ལྷན་དུ་བསྡད་ནས་བུ་མོས་དགེ་བ་ལ་འབད་རྩོལ་ཆེར་བསྐྱེད་ཅིང་། ཁོ་རང་ནི་སྔར་བཞིན་མི་དགེ་བ་འབའ་ཞིག་ལ་རྩོལ་བར་བྱས་པས། དེའི་ཚེ་རྒྱལ་པོ་དཔོན་སྐྱ་ཡུལ་མི་ཕ་མ་ཉེ་འབྲེལ་ཐམས་ཅད་ཀྱིས་བུ་མོ་འདི་ར་དགྲ་དང་ལྷན་ཅིག་ཏུ་བསྡད་ཟེར་ཞིང་གཏམ་ངན་གྱིས་ཁྱབ་བོ། །དེ་ནས་དགུང་ལོ་ཉི་ཤུ་རྩ་བཞིར་སྲས་ཅིག་འཁྲུངས་པ་ལས་ཡུམ་སྒྲོན་མཚོས། བུ་འདི་ཚངས་དང་བརྒྱ་བྱིན་གྱིས་བྱིན་པ་ཡིན་ཟེར་ནས་མིང་ཚངས་དབང་རྒྱལ་དུ་བཏགས་སོ། །དེ་ནས་དགུང་ལོ་སུམ་ཅུའི་དུས་སྲས་ལོ་དྲུག་ལོན་པའི་ཚེ་ཚོང་དཔོན་གྱི་བུ་རྒྱལ་བུ་གཞོན་ནུ་ན་རེ། འདི་ངེད་ཀྱི་བུ་ཡིན་པས་ངེད་ལ་གཏོད་ཅིག་ཟེར། སྒྲོན་མཚོས་གྲུབ་པེ་ལ་སྨྲས་པས། དེ་ལྟར་གྱིས་ཤིག་ཁོ་ལ་གཏོད་གསུངས་པ་ལས། མས་དེ་བཞིན་དུ་བྱའོ་ཟེར་ནས་བུ་ཁྱེར་དེ་བུ་འདི་ཁྱེད་ཀྱི་བུ་མ་ཡིན་ཀྱང་ཁྱོད་ཀྱི་ཐུགས་དགོངས་རྫོགས་པར་གྱུར་ཅིག་བྱས་ནས་རྒྱལ་བུ་གཞོན་ནུ་ལ་གཏད་དོ། །
44a
༄༅། །དེ་ནས་སླར་ལོག་ནས་གྲུབ་པེ་ལ་མ་གཅིག་གི་བུ་གཅིག་བུ་འདི་གཞན་ལ་གཏོད་ནས་ཞེས་སྨྲས་པས། གྲུབ་པེ་ན་རེ། མི་སྐྱོན་ཁོང་ལ་ཡོད་པ་དང་རང་ལ་ཡོད་པ་གཉིས་ཐ་དད་མེད། ཁོང་དགའ་བ་ཡིན་པས་དེ་འདྲ་བ་བྱ་དགོས་སོ་ཟེར། བརྩད་པོ་ནི་དར་མ་ནས་ཟུང་ཟད་ཅིང་མདོག་ཤིན་ཏུ་སྔོན་པོར་གྱུར་ནས། ཐམས་ཅད་ཀྱིས་བརྩད་པོ་རྒྱལ་བུ་གཞོན་ནུ་བྱ་ཁུ་བྱུག་ལྟར་སྔོན་པོར་གྱུར་ཅིང་། བརྩད་པོ་ཁུ་བྱུག་ཅེས་པར་མཚན་ཆགས་སོ། །ཚངས་དབང་རྒྱལ་ནི་ལོ་བཅུ་དྲུག་ལོན་ནས་རང་ཉིད་ལ་ཚུར་གཏད་བྱུང་། ཡང་གྲུབ་པེས་སྐྱི་ཤོད་པའི་བུ་མོ་པདྨ་མཚོ་ཞེས་བྱ་བ་ཅིག་ཆུང་མར་བླངས་པས། དེ་ལའང་བུ་ཅིག་བྱུང་སྟེ། ཡུལ་མི་རྣམས་ན་རེ། བུ་འདི་ཁམ་བུ་འདྲ་བའི་ཡགས་པ་དང་ལེགས་པ་གཅིག་འདུག་པས། བུ་འདི་ལ་ཁམ་བུ་ཡག་ལེགས་མིང་དུ་ཐོགས་ཤིག་ཟེར་ནས། དེ་ཕྱིན་ཆད་ཁམ་བུ་ཡག་ལེགས་ཞེས་མིང་དུ་བཏགས། ཕྱིས་རབ་ཏུ་བྱུང་བའི་མཚན་ལ་བསོད་ནམས་རིན་ཆེན་དུ་གསོལ་ཏོ། །དེ་ནས་གྲུབ་པེ་ལོ་ཞེ་གཉིས་སོན་པ་ན་ཁྲམ་པ་བཅུ་གཉིས་དང་འགྲོགས་ཏེ་འཚོ་བ་སྒྲུབ་པའི་ཚེ། ཞུའི་ཆོས་ལུང་གི་ཕུག་པའི་ཡང་དབེན་ཕྲ་མོ་ཞེས་པ་ན། གཤིན་རྗེ་འཆར་ཀ་ནག་པོའི་སྒྲུབ་པ་བྱེད་ཅིང་ནུས་པ་ཐོན་པའི་སྔགས་མཁན་བཅུ་གཉིས་ཡོད་པས། དབེན་གནས་དེའི་ལྷོ་ཕྱོགས་རིང་བ་ན་བྲག་ནག་
44b
པོ་ཅོག་པའི་ཕྱག་ན་ཞེས་པའི་ཕུག་པ་ཤིན་ཏུ་ནག་ཅིང་མུན་པ་འཁྲིགས་པའི་ནང་དུ། མཚོ་ནག་མུན་པ་ཅན་ཞེས་བྱ་བར་ཆུ་གྲུ་གསུམ་གྱི་དབྱིབས་སུ་ཡོད་ཅིང་། དེ་ལ་སྔགས་པ་རྣམས་ཀྱི་གཏོར་ཆུ་བྱེད་པ་ཡིན་པ་ལས་ཆུ་འགེལ་པའི་གླང་ནག་པོ་ལོ་བཅུ་གཉིས་ལོན་བ་ཞིག་ཡོད་པས། དེ་ཁྲམ་པ་རྣམས་ཀྱིས་འཕྲོག་ནས་གླང་ལུང་དུ་སླེབ་མ་ཐག་བསད། གསོད་པའི་ཚེ་གླང་གིས་ཁ་ས་འོག་ཏུ་གཏད་དེ་སྐད་དྲག་པོ་བཏོན་པས་ས་འོག་ནས་འབུ་ཅོ་ཆེན་པོ་གྲགས་ཏེ་ཁྲམ་པ་ཐམས་ཅད་བྲེད་ཅིང་འདར་བར་གྱུར་ཏོ། །དེའི་ཚེ་གྲུབ་པེ་ལ་སྙིང་རྗེ་ཚད་མེད་པ་ཅིག་ཐུགས་ལ་འཁྲུངས། ཁྲམ་པ་རྣམས་གླང་ཤས་རྐྱེན་བྱས་ཏེ་དེ་ཉིད་དུ་ནད་ཀྱིས་ཐེབས་ཤིང་། ལྟས་ངན་སྣ་ཚོགས་དང་བཅས་ཟླ་བ་གཉིས་ཚུན་ཆད་ལ་མི་བཅུ་གཉིས་པོ་ཐམས་ཅད་འཆི། དེའི་ཤུལ་རྣམས་བྲེད་ནས་ར་དགྲ་འདི་ཁུག་ཅིག་ཟེར་ཞིང་ཟློག་པ་དང་བསྲུང་བ་ལ་འབད་པར་གྱུར་ཏོ། །དེའི་ཚེ་གླང་ཐོད་མགོ་ལེགས་ཀྱིས་བུ་མོ་ལ་ཁྱོད་ཀྱིས་ཟླ་བོ་རྣམས་ཤི་བ་མ་ཚོར་རམ། ཁྱོད་ལ་ལྟས་ངན་སྣ་ཚོགས་མ་བྱུང་ངམ། བསྲུང་བཟློག་འདྲ་མི་བྱེད་པ་ཅི་ཡིན་ཟེར། བུ་མོ་ན་རེ་དེ་རྣམས་བདེན་མོད་ཀྱང་། ངེད་ལ་བསྲུང་བཟློག་བྱེད་པའི་རྒྱུ་མེད་ཅིང་། གལ་ཏེ་རྒྱུ་ཡོད་ཀྱང་ད་ལན་གྱི་འདི་རྒྱུས་བཟློག་པར་དཀའ་བས། ད་རེས་ཀྱི་རྐྱེན་འདི་ནུས་པས་བཟློག་དགོས་པར་འདུག །ངེད་ཀྱི་གྲུབ་པེ་
45a
༄༅། །ཡུམ་གྱི་དྲུང་དུ་མཆིས་ཤིང་འཁོར་བཞི་དང་བྲལ་བའི་དུས་ལ་བབས། ཡུལ་མི་ཐམས་ཅད་ཀྱི་གཏམ་ངན་གཅོད་ཅིང་ཀུན་གྱི་སྐྱབས་གནས་སུ་བྱེད་པའི་ཕྱིར་དང་། སྔགས་པ་སྡིག་ཅན་རྣམས་བསྒྲལ་བའི་དུས་ལ་བབས་པས་ཡུམ་གྱི་དྲུང་དུ་ཆའོ་ཟེར་བ་ལ། མགོ་ལེགས་ན་རེ། དེ་ལྟའི་ནུས་པ་ཡོད་ན་འདོན་རན་ནས་གདའོ་ཟེར་རོ། །དེ་ནས་སྒྲོན་མཚོས་གྲུབ་པེ་ལ་སྨྲས་པ། རང་རེའི་ཟླ་བོ་རྣམས་ནི་འཆི། རང་ལའང་ལྟས་ངན་སྣ་ཚོགས་བྱུང་བས་འཇིག་རྟེན་གྱི་བྱ་བ་ནི་དེ་ཀ་ཡིན། འཇིག་རྟེན་པ་རྣམས་སྔར་ཁྱེད་ཀྱི་མིང་ཐོས་པ་ཙམ་གྱིས་བློ་འདར་བའི་འཇིགས་པ་སྐྱེས་འདུག་པས། ད་ནི་འཇིག་རྟེན་པ་ཐམས་ཅད་ཀྱི་སྐྱབས་གནས་དམ་པ་ཡང་བྱེད་རན། དེ་ལྟ་བུའི་རྟེན་འབྲེལ་ད་རེས་འགྲིག་པས་ཡུམ་གྱི་དྲུང་དུ་འདོད་དོ་ཟེར། གྲུབ་པེ་ན་རེ། དེ་ལྟར་ཡིན་ན་ད་རེས་ཅི་ནས་ཀྱང་མའི་དྲུང་དུ་གདམ་ངག་ཞུ་བར་འགྲོ་ཟེར་ཏེ། རྩམ་པ་ཁལ་རྒྱབ་གཉིས། ཤ་མཐུད་ཁལ་རྒྱབ་གཅིག །གཞན་ཡང་ཡོ་བྱད་ཁལ་རྒྱབ་གསུམ་དང་། ཁ་ཕྱིར་ལོག་པའི་བུ་ཚ་གསུམ་བཅས་དཔོན་གཡོག་བཞི་ཨ་མའི་དྲུང་དུ་བྱོན་ནོ། །དེའི་ནང་པར་རྒྱན་ནེ་མ་ན་རེ། མདང་ངའི་རྨི་ལམ་དུ་བུད་མེད་དཀར་མོ་བཞི་བྱུང་ནས་གྲུབ་པེ་འོང་བ་ཡོད་དོ་ཟེར་བ་ཅིག་རྨིས་ཞུས་པས། མ་ཅིག་གི་ཞལ་ནས། བསྟན་དགྲ་དེ་འོང་པ་ཡོད་བླ་དབྱེ་རུ་མ་བལྟ། ཁལ་ཕོག་
45b
རོགས་མ་བྱེད་ཅིག་གསུངས། རྒྱན་ནེས་ཁལ་མ་ཡོད་དམ་ཞུས་པས། ཁལ་མ་དྲུག་དང་རྐང་ཐང་བཞི་ཡོད་པས་ཁྱེད་རྣམས་དེར་མ་སོང་ཅིག །གཞན་ལ་ཡང་དེ་སྐད་སྒྲོགས་ཤིག །ཁལ་མའི་རྩར་ཟངས་རི་བ་སུ་ཕྱིན་ནའང་རྟེན་འབྲེལ་མི་ལེགས་ཤིང་། ཁོ་རང་བཞི་ལ་ཅི་བྱེད་བྱེད་དུ་ཆུག་ཅིག་གསུངས་པས། ཟངས་རི་བ་སུས་ཀྱང་མ་བལྟས་སོ། །དེ་ནས་གྲུབ་པེ་དཔོན་གཡོག་རྣམས་བླ་དབྱེར་སླེབ་ནས་ཁལ་མའི་བྲུང་བརྩིགས་ཏེ་བསྡད་པས། ཞག་གཅིག་སུ་དང་ཡང་མ་འཕྲད། ནང་བར་བལ་ཡུལ་གྱི་རྣལ་འབྱོར་པ་བཞི་མ་ཅིག་མཇལ་ནས་ཕྱིར་བྱུང་བས། དེར་གྲུབ་པེས་ཁྱེད་རྣམས་ནང་ནས་བྱོན་པ་ལགས་པས་མ་ཅིག་སྐུ་ཁམས་བཟང་ངམ། ནང་དུ་གཞན་མི་འདུག་གམ་བྱས་པས། དེ་བཞི་ན་རེ། མ་ཅིག་སྐུ་ཁམས་བཟང་ཞིང་གཞན་ཡང་མང་བར་འདུག་སྟེ་ཕྱིར་མི་བལྟ་བར་གདའ་བས། ཁྱེད་རང་ཐབས་མཛོད་ཟེར་ཏེ་སོང་ངོ་། །དེ་ནས་གྲུབ་པེ་ཨ་མའི་སྒོ་དྲུང་དུ་སོང་སྟེ་སྔགས་པ་དང་ཟླ་བོ་ཤི་བ་སོགས་རྒྱས་པར་སྨྲས་ཤིང་། བདག་ཐུགས་རྗེས་བཟུང་ཞིང་སྐྱབས་ཏུ་གསོལ་ཞེས་ལན་གསུམ་འབོད་པར་བྱས་སོ། །དེ་ནས་རྒྱན་ནེ་མ་ཐབས་ཀྱིས་སྒོར་ཕྱིན་ནས་ཨ་བོ་བཞི་ག་ནས་འོངས་ཞག་པོ་དུ་སོང་ཟེར་བས། ཞག་གཅིག་འདས་ཤིང་ཁྱེད་ཀྱིས་མ་ཅིག་ལ་ཞུ་རོགས་མི་བྱེད་དམ་བྱས་པས། བྱེད་ཟེར་ནས་རྒྱན་ནེ་མ་ཨ་མའི་དྲུང་དུ་སོང་སྟེ་ཞུ་བ་ཕུལ་བས། མ་
46a
༄༅། །ཅིག་གི་ཞལ་ནས། ཁོ་ཤི་བ་ཕྱིས་པ་ཡིན་དེ་སྔ་ནས་ཤི་དགོས་པ་ཡིན་པ་ལ། ངའི་མིག་སྔར་མ་འདུག་སོང་གྱིས་གསུངས། རྒྱན་ནེ་དང་བསོད་ནམས་རྒྱན་གཉིས་ཕྱིར་འོངས་ནས་དེ་སྐད་སྨྲས། དེ་ནས་བསོད་ནམས་རྒྱན་གྱིས་ཁལ་མ་དང་བུ་ཚ་དུ་ཡོད་ལོག་ཁྱེད་རང་བཞུགས་ཤིག་ཟེར། དེར་གྲུབ་པེའི་ཐུགས་དགོངས་ལ་ད་དུང་རྟན་འབྲེལ་གྱི་དུས་ཚིགས་མ་ཚང་བ་དང་། འཇིག་རྟེན་གྱི་མི་ཁ་གཏམ་ངན་གྱི་དྲི་མ་མ་དག་པ་ཡིན་ལས་ཆེ་བས། གཏམ་ངན་གྱི་དྲི་མ་སྦྱོང་བའི་ཕྱིར་མལ་ས་འདི་ཉིད་དུ་ཉལ་ནས་དཀའ་བ་སྤྱད་དེ་དྲི་མ་མྱུར་དུ་དག་པར་བྱའོ་སྙམ་སྟེ། བུ་མོ་གཉིས་ལ་ཁལ་མ་དང་ཡོ་བྱད་རྣམས་ཁྱེད་གཉིས་ཀྱིས་གཉེར། བུ་ཚ་གསུམ་ལ་ལམ་རྒྱགས་བསྐུར་ནས་ཕར་ལོག་ཅིག །ང་ཤི་བ་དང་འདྲ་བ་ཡིན་པས་མལ་འདིར་འཆི་བ་ཅིག་བྱེད། སྡིག་ཆེན་བསགས་ཡོད་པས་མའི་ཐུགས་རྗེས་ཨེ་བཟུང་མགོ་མའི་ཕྱོགས་སུ་བསྟན་ཟེར་ཞིང་། མལ་དེ་ཉིད་དུ་སྒོ་འགག་ལ་མགོ་གཏད་དེ་ཉལ་ལོ། །དེ་ནས་སྲས་མོ་རྒྱན་བཞིས་ཁལ་དང་ཡོ་བྱད་རྣམས་བྲང་ཁང་དུ་ཁྱེར། བུ་གསུམ་པོ་མའི་དྲུང་དུ་ཁྲིད་ནས་བཟའ་བ་གཏད་པ་ལས་མ་ཅིག་གི་ཞལ་ནས་། ཁྱེད་གསུམ་འདིར་སྡོད་དམ། ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་རེ་བྱེད་པ་འཐད་གསུངས་པས། བུ་གསུམ་གྱིས་གསུང་ལྡོག་མ་ནུས་
46b
པར་འཕྲལ་དུ་སྡོད་ལགས་ཞུས་ཏེ་བསྡད་པས། ཕྱིས་གཅོད་ཡུལ་གྱི་རྣལ་འབྱོར་པ་བཟང་པོ་རེ་བྱུང་ངོ་། །དེ་ནས་མཇལ་སྤྲོད་པ་དང་ཕྱི་ནང་ཐམས་ཅད་ཀྱིས་གྲུབ་པེ་ལ་ཞལ་མཇལ་གནང་བའི་ཞུ་ཕུལ་ཀྱང་མ་གསན། གྲུབ་པེ་ཡང་ངོ་ཆེན་བྱས་ཀྱང་བཟའ་བ་མ་ཟོས་པར་ལྟོགས་ཉལ་བྱས། མཚན་མོ་གཟིམས་ཁང་ལ་བསྐོར་བ་ནམ་མ་ལངས་ཀྱི་བར་དུ་བྱས་ཤིང་། ཉིན་མོ་མགོ་སྦྲིད་ཏེ་ཉལ། ཞག་དྲུག་སོང་བའི་ནུབ་མོ་ནས་བསྐོར་བ་མི་ནུས་པར་འགྱེལ་ལོ། །དེ་ནས་པུས་མོ་བཙུགས་ཏེ་གོག་བུ་བྱས་བསྐོར་ཞིང་། དེའི་ཕྱི་ནུབ་ནས་གོག་ཡང་མ་ནུས་ཏེ་འདུག་ཕྱག་འཚལ་བས་ནམ་དགུང་ཡོལ་ཙམ་ནས་དྲན་མེད་དུ་བརྒྱལ། ནང་པར་ཉི་མ་རྩེ་ཤར་དང་དབང་པོ་འགྱུ་ཞིང་དྲན་པ་རྙེད་པ་དུས་མཉམ་དུ་བྱུང་ཞིང་། ལུས་ཀྱང་ཡང་བ་ཞིག་ཏུ་གྱུར་འདུག་པས། དེ་ཨ་མས་བྱིན་གྱིས་བརླབས་པའི་རྟགས་ཡིན་སྙམ་དུ། ཐུན་མོང་མ་ཡིན་པའི་དད་པ་ཚད་མེད་པ་ཅིག་ལྷག་པར་སྐྱེས་སོ། །དེ་ཉི་དྲོས་ཙམ་ལ་མ་ཅིག་གི་ཞལ་ནས། ཆོས་ཀྱི་སེངྒེ་མི་སྡིག་ཅན་དེ་ཁྲིད་ལས་ཤོག་གསུངས། ཆོས་ཀྱི་སེངྒེ་སོང་ནས་དེ་ལྟར་བསྙད་པས། གྲུབ་པེ་དགའ་ཞིང་ལངས་ཏེ་མལ་དེ་ཉིད་ནས་ཕྱག་བཙལ་བཞིན་དུ་འོངས་ཙ་ན། འགའ་ཞིག་གིས་གྲུབ་པེ་འདི་བཟའ་བ་མ་བསྟེན་པར་ཞག་བདུན་སོང་ཡང་ལུས་ལ་གནོད་པ་མ་བྱུང་བ་འདི་ཉམས་བཟང་པོ་ཡོད་པ་འདྲ་ཟེར།
47a
༄༅། །ཁ་ཅིག་གིས་མ་ཡིས་བྱིན་གྱིས་བརླབས་པའི་རྟགས་ཡིན་ཟེར། ཡང་ཁ་ཅིག་ན་རེ། འདིའི་སྡིག་ལུས་ལ་ཉམས་པ་མེད་ཅིང་སྡིག་པའི་ཁ་མ་གང་བ་ཡིན་པས་མཐུ་ཆེན་བཅོ་བརྒྱད་ཀྱིས་ཀྱང་མ་ཐུབ་ཟེར་རོ། །དེ་ནས་མའི་སྐུ་མདུན་དུ་ཕྱིན་པའི་ཚེ་མ་ཅིག་སྤྱན་རས་གཟིགས་ཞལ་གཅིག་ཕྱག་གཉིས་པ་དངོས་སུ་མཇལ། ཕྱག་མང་དུ་འཚལ་ཞིང་མཆི་མ་འཁྲུགས་བཞིན་པར་སྔར་གླང་བརྐུས་ཏེ་ཟླ་བོ་ཤི་བ་སོགས་ཞིབ་ཏུ་ཞུས། དེ་ནས་བདག་ཐུགས་རྗེས་བཟུང་ནས་སྡིག་བསགས་པའི་རྣམ་སྨིན་ངན་སོང་ལས་སྐྱབ་ཏུ་གསོལ། ཞེས་ཀུ་ཅོ་འདོན་ནས་གསོལ་བ་བཏབ་པས། དེར་འདུས་པ་ཐམས་ཅད་ཀྱིས་གྲུབ་པེ་འདི་སྙིང་རེ་རྗེ་ད་ནི་འདི་ལ་དད་པ་སྐྱེས་འདུག་ཅེས་གླེང་། མ་ཅིག་གི་ཞལ་ནས། ཁྱོད་ཀུ་ཅོ་འདོན་པ་ཕྱིས་ཀྱང་ད་རེས་སྡོད་གསུངས། དེར་འདུག་སྟེ་བཟའ་བ་དྲངས་པས་གྲེ་བ་ནས་མ་ཕྱིན་ཚ་བ་ཅུང་ཟད་བཏུང་ངོ་། །བསོད་ནམས་རྒྱན་གྱིས་ད་དུང་ཚ་བ་དེ་ལ་ནན་ཏན་གྱིས་ལ་ཡུད་ཙམ་ངལ་བསོས་ཤིག་ཟེར་པས། ཨ་མའི་ཞལ་ནས། དེ་ལྟར་བྱེད་མི་དགོས་ད་སོང་ལ་གནས་སྤྱི་ལ་བསྐོར་བ་གྱིས་ཤིག་གསུངས། གྲོལ་བདེ་བས་དེ་ལྟར་མི་འོས་དེ་རིང་བདེ་བར་གནས་པ་དྲག་ཞུས་པས་ཀྱང་མ་གནང་། བསྐོར་བ་ལ་སོང་ཞག་དྲུག་འདིར་མ་འོང་གྲྭ་ཁང་
47b
དུ་ཉོལ་དང་། དེ་ནས་གདམ་ངག་སྟོན་གྱིས་གསུངས། གྲུབ་པས་ཇི་སྐད་གསུངས་པ་བཞིན་གྱིས་པས། ཞག་དྲུག་སོང་བའི་ནང་པར་ཨ་མའི་ཞལ་ནས། ད་ཡོ་བྱེད་རྣམས་འདིར་ཁྱེར་ཤོག་ལ་བུ་མོ་བཞིས་མཆོད་པ་དང་ཚོགས་གཏོར་བཤོམས། ཚོགས་ཀྱི་ཆོ་ག་འདོན་པ་ལ་བཞི་བཅུ་རྩ་གཉིས་དང་། གཞན་རྣམས་ཀྱང་ཚོགས་གྲལ་ལ་འབྱོན་པའི་བརྡ་ཐོང་གསུངས། དེ་ལྟར་བགྱིས་པས་གྲུབ་པེ་དཔོན་གཡོག་བཞི་ལ་མདོ་ལུགས་ཀྱི་ཏིང་ངེ་འཛིན་གྱི་དབང་བཞི་གཏོར་དབང་དང་བཅས་པ་མ་ལུས་པར་གནང་། གྲུབ་པེའི་ཁལ་མ་རྣམས་དང་དངོས་པོ་གང་ཡོད་ཟངས་རི་བ་རྣམས་ལ་གཏོང་སྒོ་མཛད། བུ་ཚ་གསུམ་པོ་སྟོང་སྡེ་ལ་བཅོལ་ནས་ཡོན་ཏན་སློབ་ཏུ་གཞུག །གྲུབ་པེ་ལ་དྲག་པོའི་ངན་སྔགས་བཟློག་པའི་དམིགས་པ་བསྟན་པས། ཞག་བཅོ་བརྒྱད་ནས་དམིགས་པ་ལེགས་པར་འཆུན། དེ་ནས་ཨ་མའི་ཞལ་ནས་ད་སོང་ལ་རྩ་འདུས་དབེན་ཕྲའི་བྱང་ངོས་ཧ་ཅང་མི་རིང་བ་ན། གངས་རལ་དམར་པོ་ཁ་དབེན་ཕྲར་ཕྱོགས་པ་དཀྱུས་ཤིན་ཏུ་རིང་པའི་ཕུག་པ་འདོམ་པ་བཅོ་བརྒྱད་ཙམ་ཡོད། དེར་ཉིན་མོ་ཕུག་པའི་སྦུགས་ལ་ཉོལ་ནས་སྒོམས། མཚན་མོ་ཕྱིར་ཐོན་ཏེ་དབེན་ཕྲའི་གཏོར་མ་འཕངས་སར་ཉལ་ནས་གཏོར་མ་བཟའ་ཞིང་སྒོམས་ལ། རྟགས་མ་ཐོན་བར་དུ་བཟའ་བ་དང་བཅས་པ་ཁྱེར་ལ་འབད་པར་གྱིས་ཤིག །ཆུ་ནི་ཕུག་པའི་སྒོར་ཡོད་ཅིང་།
48a
༄༅། །བུད་ཤིང་ནི་མཚན་མོ་འགྲོ་ཞོར་ལ་བཏུས་པར་བགྱིས་པས་རུང་གསུངས། ཇི་སྐད་གསུངས་པ་བཞིན་བགྱིས་པས། ཟླ་བ་གཅིག་དང་ཞག་བཅུ་གསུམ་ནས་སྔགས་པ་སྡིག་ཅན་གཅིག་འགུམ་པའི་ལྟས་བྱུང་། དེ་ནས་ཞག་རེ་ལ་རེ་རེ་འགུམ་ནས་ཟླ་གཉིས་ཚུན་ཆད་དུ་བཅུ་གཉིས་པོ་ཐམས་ཅད་བསྒྲལ་བས་དབེན་ཕྲ་སྟོངས་སོ། །དེ་ནས་གྲུབ་པེ་ཟངས་རི་ལ་བྱོན་ཞིང་མཐུ་ཆེ་བའི་གྲགས་པས་ཕྱོགས་ཀུན་ཁྱབ་པར་གྱུར། དྲག་སྔགས་བཟློག་པའི་དམིགས་པ་ཇི་ལྟར་ཉམས་སུ་བླངས་པའི་ཚུལ་རྣམས་མའི་སྙན་དུ་གསོལ་བས། ཨ་མའི་ཞལ་ནས། ཧ་ཅང་རང་ཡང་དྲག་ཐལ་བར་འདུག་གསུངས་ཤིང་། ང་ནི་ཁྱོད་ཀྱིས་དྲག་སྔགས་ཀྱི་དམིགས་པ་དེ་དག་ཞི་བར་བྱེད་པ་ཞི་བྱེད་ཀྱི་དམིགས་པ་བཅུ་བདུན་གྱིས་ལ། སྔགས་པ་རྣམས་ཀྱི་སྡིག་པ་འདག་པར་གྱིས་གསུངས་ནས་ཞི་བྱེད་ཀྱི་གདམས་པའི་དམིགས་པ་གནང་། ཟངས་རིའི་འོག་དུར་ཁྲོད་གླིང་དུ་ཟླ་བ་གསུམ་ཉམས་སུ་བླངས་པས། སྔགས་པ་རྣམས་ཀྱི་སྡིག་པ་བྱང་བའི་རྟགས་ཁྱད་པར་ཅན་བྱུང་ཞིང་། གྲུབ་པེ་ཉིད་ལའང་ཉམས་རྟོགས་ཁྱད་པར་ཅན་ཐུགས་ལ་འཁྲུངས། དེ་ལྟར་བྱུང་ཚུལ་རྣམས་ཡུམ་ལ་ཞུས་པས། ལེགས་སོ་གསུངས་ནས་ཟངས་རི་བ་ཐམས་ཅད་ལ་ཆོས་སྟོན་ཆེན་པོ་གནང་། གྲུབ་པེ་ལ་ཁྱིམ་པའི་ལུགས་ཀྱི་དགེ་བསྙེན་འབོགས་
48b
པར་མཛད་དེ། ད་ཁྱོད་མི་མཐུན་བདུད་སྡེ་ལས་རྒྱལ་ཞིང་རང་གཞན་གཉིས་ཀྱི་དོན་གྲུབ་པ་ཞིག་འོངས་བ་ཡིན་པས། དེའི་རྟེན་འབྲེལ་འགྲིག་པའི་ཕྱིར་མིང་རྒྱལ་བ་དོན་གྲུབ་ཏུ་ཐོགས་གསུངས། དེ་ནས་བཟུང་སྟེ་ཀུན་གྱིས་དེ་སྐད་དུ་སྒྲགས་སོ། །དེའི་ཚེ་བཀའ་བརྒྱུད་བྱིན་རླབས་ཀྱི་དབང་བརྒྱ་རྩ་མཛད། བཀའ་བརྒྱུད་དོན་གྱི་མན་ངག་དང་སྙན་བརྒྱུད་ཀྱི་ཁུངས་ཐམས་ཅད་བཀྲོལ་ནས་མ་ལུས་པར་གནང་། ད་ནི་ཁྱོད་ང་ལ་དད་པ་ཚད་མེད་པ་ཐོབ་འདུག་ཅིང་ངའི་བསྟན་པ་ལ་འཇུག་པ་ཡིན་པས། དེ་ལ་ང་རང་གི་ལུགས་ཀྱི་དམ་ཚིག་ཉི་ཤུ་རྩ་གཅིག་བསྲུང་དགོས། ངས་བསྲུང་བྱ་རྣམས་བཤད་ཀྱིས། ཁྱེད་སྟོང་སྡེ་དང་གྲོལ་སྡེ་རྣམ་གཉིས་ཀྱིས་མན་ངག་རྣམས་ཡི་གེར་ཐོབ་ལ་ཁོ་ལ་བྱིན་ཅིག །ཁོས་ཡི་གེ་མི་ཤེས་ཀྱང་ཟླ་བོར་ཀློག་ཏུ་བཅུག་སྟེ་གསལ་བཏབ་འོང་གི་གསུངས་སོ། །རྒྱལ་བ་དོན་གྲུབ་དེ་ཉིད་སྤྱན་རས་གཟིགས་ཕྱག་བཞི་པ་ལ་བརྟེན་ནས་གྲུབ་པ་བརྙེས་པར་གྲགས། དེ་ཡང་ཉིན་ཞག་ཕྲུགས་གཅིག་ལ་ཐུན་བརྒྱད་དུ་བགོས་ཤིང་། ཐུན་རེ་ལ་ཡིག་དྲུག་སྟོང་ཕྲག་ལྔ་རེ་མ་ཆག་པར་བཟླ་བའི་དམ་བཅའ་ཨ་མའི་སྤྱན་སྔ་ནས་བླངས་ཏེ་མི་འདའ་བར་མཛད། དེ་ནས་མ་ཅིག་དགུང་ལོ་རེ་དྲུག་སོན་པའི་དུས་སུ་རྒྱལ་བ་དོན་གྲུབ་ལ་འདི་སྐད་དུ། ད་ནི་བསྒྲུབ་པ་ཅིག་བྱེད་པར་འོས་པས་གླང་ལུང་གི་སྨད་སྔགས་པའི་གླང་གསོད་སར་སྒྲུབ་གནས་བཏབ་ན་འགྲོ་
49a
༄༅། །དོན་འབྱུང་བའི་རྟེན་འབྲེལ་ཡོད་གསུངས་པས། རྒྱལ་བ་དོན་གྲུབ་ཀྱིས་མདོ་སྔགས་ཟུང་འཇུག་གི་གདམ་ངག་ཐམས་ཅད་ཐུགས་སུ་ཆུད་པར་མཛད་ཅིང་། གླང་ལུང་དུ་བྱོན་ནས་མས་ལུང་བསྟན་པའི་སར་སྒྲུབ་ཁང་བཏབ་སྟེ། ཨ་མས་གསུངས་པའི་དམ་ཚིག་ཉེར་གཅིག་ལས་མི་འདའ་བར་སྒྲུབ་པ་ཁོ་ན་ལ་རྩེ་གཅིག་ཏུ་གཞོལ་བས། ལོ་གསུམ་ལ་གྲུབ་པ་ཐོབ་ནས་ཆོས་ཉིད་ཀྱི་བདེན་པ་མངོན་སུམ་དུ་གཟིགས། ངག་ལ་རྡོ་རྗེའི་གླུའི་བང་མཛོད་རྡོལ། ཐུགས་མཁྱེན་པ་དང་བརྩེ་བའི་ཡེ་ཤེས་གཉིས་ལ་ཐོགས་པ་མི་མངའ་བར་གྱུར། ཕྱིའི་ཡུལ་སྣང་ཐམས་ཅད་བདེན་མེད་སྟོང་པའི་གཟུགས་བརྙན་དུ་འཆར་ནས། རི་བྲག་སོགས་དངོས་པོ་ཐམས་ཅད་ལ་ཐོག་མེད་ཐལ་བྱུང་དུ་བཞུད་པར་མཛད་ཅིང་། གཞན་ཡང་གྲུབ་པ་བརྙེས་པའི་རྟགས་མཐའ་ཡས་པར་མངའ་དབང་སྒྱུར་བས། སྙན་པའི་གྲགས་པས་དབུས་གཙང་མངའ་རིས་བལ་པོ་སོགས་ཐམས་ཅད་ལ་ཁྱབ། བཟང་དགུའི་གཏུགས་ས་དང་ངན་དགུའི་བསྟེན་ས། འགྲོ་བ་མཐོང་ཐོས་དཔག་ཏུ་མེད་པ་འདྲེན་པའི་དམ་པར་གྱུར་ཏོ། ། ། །རྗེ་དེ་ཉིད་ལ་བརྒྱུད་འཛིན་ནི་བཤད་བརྒྱུད་འཛིན་པ་གཉིས་དང་། སྒྲུབ་བརྒྱུད་འཛིན་པ་གཅིག་སྟེ་གསུམ་མོ། །དེ་ལ་བཤད་རྒྱུད་འཛིན་པ་ནི་མཁས་པ་གཉན་ཆུང་ལོཙྪ་བ་ཅེས་སམ། གྲྭ་པ་ཧར་སྟོན་དང་།
49b