ཞི་བྱེད་ཆོས་འབྱུང་།
ཁུ་སྒོམ་ཆོས་ཀྱི་སེང་གེ།
上一章
下一章

(ཁུ་སྒོམ་ཆོས་ཀྱི་སེང་གེ།)

ཡང་མ་ཅིག་གིས་ཁུ་སྒོམ་ཆོས་ཀྱི་སེང་གེ་ལ་གནང་སྟེ་དེའི་ལོ་རྒྱུས་ནི་། རྫོགས་པ་ཆེན་པོ་ལ་སོགས་པའི་སྒོམ་ཁྲིད་མང་དུ་ཞུས་ཤིང་ཐུགས་དམ་ལ་རྩེ་གཅིག་ཏུ་མཛད་ཅིང་། མ་ཅིག་དང་མཇལ་ནས་ཐོག་མར་མཁའ་འགྲོ་ཉམས་ཀྱི་སྐོར་མ་ལུས་པ་ཞུས། ཕྱིས་མ་ཅིག་གྲོངས་ཁར་ཞབས་ལ་བསྐུ་མཉེད་བགྱིས་དང་གསུངས་ནས་བྱས་པའི་ཚེ། ད་ནི་ཡུན་རིང་མི་བཞུགས་པར་འདུག་སྙམ་ནས་འདི་སྐད་དུ། མ་ཅིག་ལགས་བདག་ལ་སྔར་གནང་བའི་ཆོས་དེ་རྣམས་ལས་གཞན་མི་གདའམ། ཡོད་ན་མ་ཅིག་ཀྱང་སྐུ་ན་ཤིན་ཏུ་བྱོན་ནས་གདའ་བས། བདག་ལ་ཞུ་ལོང་འོང་མི་འོང་གི་ངེས་པ་མ་མཆིས་པས་ན། ད་རེས་གདམས་པ་མ་ལུས་པར་ཞུ་ཞུས་པས། མ་ཅིག་གི་ཞལ་ནས་འོ་བུའི་ཞུ་བ་དེ་ཤིན་ཏུ་ལེགས་སོ། །སྔར་གྱི་གདམས་པ་དེ་རྣམས་མཁའ་འགྲོ་ཉམས་ཀྱི་སྐོར་བྱ་བ་ཡིན། ད་བཀའ་བརྒྱུད་དོན་གྱི་གདམས་པ་བྱ་བ་ཡང་དག་བར་རྫོགས་པའི་སངས་རྒྱས་ནས་བརྒྱུད་པ་ཟམ་མ་ཆད་པའི་གདམས་པ་ཡོད་པས། མི་ལྤགས་ལ་གསེར་འཐུམ་པ་ཡོང་བ་ཡིན་ནོ། །ཁྱོད་ཀྱིས་འགྲོ་བ་མང་པོ་ལ་ཕན་ཐོགས་པར་འདུག་གིས། རྩིག་གསེབ་ཀྱི་དར་གྱིས་བཏུམས་

50b

པའི་དཔེ་ཆ་མ་གི་ལོངས་ཤོག་གསུངས་ནས། བཀའ་རྒྱུད་དོན་གྱི་གདམས་པའི་སྐོར་མ་ལུས་པ་ལུང་དང་བཅས་པ་གནང་། དེ་ནས་གཉན་ཁྲོད་ཕྱོགས་མེད་དུ་འགྲིམ་ཞིང་། གཙོ་བོར་གཅོད་ལ་ཉམས་བཞེས་མཛད་པས་རྟོགས་ལྡན་གྱི་འཁྲུལ་ཞིག་ཆེན་པོ་ཅིག་བྱུང་། མ་ཅིག་གི་ཞལ་ནས། ཁྱོད་ཀྱིས་རྒྱལ་བ་དོན་གྲུབ་ལའང་སྦྱིན་ཅིག་གསུངས། ཕྱིས་ཁུ་སྒོམ་གྱིས་སྲས་ལ་ཟས་ནོར་གྱི་བསྙེན་བཀུར་བཟང་པོ་ཞུས་ཏེ་བུ་ཆོས་འདི་བཀའ་བརྒྱུད་དོན་གྱི་གདམས་པ་ཞེས་བྱ་བ་ཞིག་མ་ཅིག་གིས་བདག་ལ་གནང་ནས་ཡོད་པས། འདི་ཁྱེད་རང་ཆོས་བདག་ལགས་པས་འབུལ་བ་ཡིན་ཞུས་པས། སྲས་ན་རེ། གཅིག་ཏུ་ལུས་སེམས་བསྐྱེད་པའི་ཕ་མ་ཡིན། །གཉིས་སུ་སེམས་ཉིད་སྟོན་པའི་བླ་མ་ཡིན། །གསུམ་དུ་འགྲོ་བ་འདྲེན་པའི་དྲིན་ཅན་ཡིན། །གདམས་པ་གནང་རྒྱུ་ཡོད་ནའང་བདག་ལ་གནང་སྟེ་མཆི། །ང་ལ་མེད་པའི་གདམ་ངག་ཁྱོད་ལའང་དཀོན་གསུངས་ནས་ཞུ་རུ་མ་འདོད་དོ། །དེས་ན་བཀའ་བརྒྱུད་དོན་གྱི་ཆོས་སྐོར་རྣམས་སྲས་དོན་གྲུབ་ལ་མེད་པར་བཞེད་དོ། །བླ་མ་ཆོས་ཀྱི་སེང་གེ་ལ་ཆུ་མིག་ནག་པོ་དུག་ཟིན་བྱ་བར། སྐུ་ལ་མཛེ་ནད་བྱུང་ནས་གཅོད་ལ་བྱོན་པས། ཡུལ་མི་རྣམས་ན་རེ། སྔར་ཡང་གཅོད་མཁན་མང་པོ་མ་ལོག་པར་ཤི་བ་ཡིན། ཁྱེད་རང་ཡང་དེ་རུ་མ་གཤེགས་ཟེར་བ་མང་པོ་བྱུང་ཡང་མ་གསན་པར་བྱོན་ནས་གཅོད་

51a

༄༅།       །མཛད་པས། ཞག་གསུམ་ནས་མི་དམར་རྟ་དམར་ཅན་མང་པོ་བྱུང་ནས། དེའི་ནང་ནས་འཇིགས་སུ་རུང་བ་ཞིག་གིས་ཁྱོད་ངའི་གནས་འཕྲོག་པ་ཅི་ཡིན་ཟེར་ཞིང་། གྲིས་བྲང་གཤགས་ཏེ་སྙིང་དམར་རྩར་ཏེ་བཏོན་ནས་ལག་པར་ཁྲག་གོས་པ་གདོང་ལ་ཕྱིས་ཏེ་ཁྱེར་སོང་བས། དེར་ལངས་ནས་གདོང་པ་ལ་གཟིགས་པས་ཁྲག་གོས་འདུག །ད་ཁྱོད་ཞག་བདུན་ལས་མི་ཐུབ་ཟེར་ནས་ཤི་བར་ལུང་བསྟན། དེ་ནས་ཉི་དྲོས་ཙམ་ན་སྲིང་མོས་ཤ་དང་མར་ཐུད་ཞོ་ཆང་སོགས་ཁྱེར་ནས་བྱུང་སྟེ། སྲིང་མོ་ན་རེ། འདི་མིན་པའི་གནས་གཞན་ཅིག་ཏུ་འབྱོན་པར་ཞུ་ཟེར་བས། ང་ལ་ལྷ་འདྲེས་ཞག་བདུན་ལ་འཆི་ཟེར་བའི་འཆི་ལུང་བསྟན། གློ་སྙིང་གཏོན་ནས་བྱང་ཁོག་སྟོང་བར་སོང་སྙམ་བྱེད། ད་ངས་གཞན་དུ་འགྲོ་ཡང་མི་ནུས་པར་འདུག་གསུངས་པས་སྲིང་མོ་ངུ་ཡིན་ལོག་སོང་ངོ་། །དེ་ནས་ཞག་དྲུག་གི་ནང་བར་མི་དཀར་རྟ་དཀར་ཅན་མང་པོ་བྱུང་ནས། སྔར་གྱི་གློ་སྙིང་འདོན་པའི་མི་དེ་རྟ་ལས་བབས་ཏེ་དྲུང་དུ་འོངས། གློ་སྙིང་སྔར་བས་བཀྲ་བ་ཅིག་ཁྱེར་ནས་བྱང་ཁོག་ཏུ་བཅུག་བྱུང་བ་ལས། དེར་ཁྱོད་ཅི་བྱེད་ཡིན་ང་ལ་མི་དགོས་གསུངས་པས། ཁྱེད་དགོས་པས་ངས་གཏད་པ་ཡིན་། ཁྱོད་བྱང་ཆུབ་སེམས་དཔའ་ཆེན་པོར་འདུག་པས་བདག་ལ་ཆོས་འབྲེལ་ཞིག་ཀྱང་གནང་བར་

51b

ཞུ༑ ཁྱོད་ཀྱི་གྲགས་པས་ཕྱོགས་ཐམས་ཅད་ལ་ཁྱབ་སེམས་ཅན་མང་པོ་ལ་ཕན་ཐོགས་པར་འདུག་པས། བདག་གི་ལུས་ངག་ཡིད་གསུམ་བྲན་དུ་འབུལ། ད་ཕྱིན་ཆད་བདུད་ཀྱི་གཅོད་ཡུལ་ཉམས་སུ་ལེན་པ་དང་། ཁྱེད་ཀྱི་རྗེས་སུ་ཞུགས་པ་རྣམས་ལ་ཡང་ཞབས་ཏོག་བྱེད་ཟེར། དེ་ནས་སྲོད་ལ་མཛེ་ནད་སངས་དྲག་ཏུ་སོང་། དེའི་ནང་པར་སྲིང་མོས་རྩིས་མཁན་ཅིག་བོང་བུར་སྐྱོན་ཞིང་། རོ་བསྲེག་པའི་ཤིང་དང་བཅས་པ་ཁྱེར་ནས་སླེབ་པར་གདའོ། །དེ་ལྟ་བུར་གཉན་ཁྲོད་འགྲིམས་ཤིང་འགྲོ་བ་མང་པོ་སྨིན་གྲོལ་ལ་བཀོད་པ་མཛད་དོ། །དུས་ཕྱིས་སྙེ་མོ་ཁུའི་ལུང་དུ་གདན་ཕེབ་ནས་བཞུགས། དགུང་ལོ་ལྔ་བཅུ་ལ་བདེ་བར་གཤེགས་ཤིང་། གཤེགས་པའི་དུས་སུ་འཆི་བ་སླེབས་པ་ཉམས་རེ་དགའ་གསུང་ཞིང་ཡུན་རིང་དུ་བཞད་ཀྱིན་གདའ་སྐད་དོ། །དེ་ལ་བུ་ཆེན་མང་དུ་ཡོད་ཀྱང་ཆོས་འདིའི་བཀའ་དོལ་པ་ཟངས་ཐལ་ལ་བབས། དེའི་འཁྲུངས་ཡུལ་མཚུར་ཕུ་གདུང་རུས་དོལ་པ་དང་། སྐུ་མཆེད་བཞི་ཡོད་པའི་ནང་གི་ཆུང་ཤོས་ཡིན་ཅིང་། སྐུ་ན་གཞོན་ནུའི་དུས་དགེ་བཤེས་ཁྱུང་པོའི་དྲུང་དུ་དབུ་མ་རིགས་ཚོགས་དྲུག་ལ་སློབ་གཉེར་ལོ་བརྒྱད་མཛད། ཤིན་ཏུ་མཁས་པར་གྱུར་ཅིང་ཆེ་འདོན་གྱི་ཆས་ག་རྣམས་ཡུལ་དུ་ལེན་པར་བཏང་བས། གཉེན་ཚན་རྣམས་ན་རེ། ངེད་རང་རྣམས་ལའང་བུ་ལོན་མང་དུ་ཟུག་ཅིང་ཞིང་ཁ་ཐམས་ཅད་

52a

༄༅།       །ཤོར་ནས་མེད། ཁྱེད་ཀྱི་ཆེ་འདོན་བྱེད་པའི་འཁོས་ཀ་ངེད་ལ་མི་འདུག་པས། ཁྱེད་རང་དེ་རུ་གང་ལེགས་གྱིས་ཤིག་ཟེར་བའི་ལན་བསྐུར་བྱུང་། དེ་ནས་གཉེན་ཚན་གྱི་ཁོ་ཐག་རྩ་བ་ནས་ཆོད་དེ༑ རྟེན་མཆོད་དང་ཕྱག་དཔེ་ཐམས་ཅད་བླ་མ་དང་མཆེད་གྲོགས་རྣམས་ལ་ཕུལ། ད་ནི་ཚེ་འདི་བློས་བཏང་ཞིང་རི་ཁྲོད་ཆིག་རྐྱང་ཕེར་བའི་ཆོས་ཤིག་བཙལ་ཏེ། འཆི་ཆོས་བཤའ་མ་ཅིག་བྱ་དགོས་གསུང་ཞིང་། བླ་མ་དང་སློབ་དཔོན་ལ་ཆོས་འབུལ་བ་ནི་མ་ཡིན། ཀུན་སྤྱོད་བདེ་ཞིང་བག་ཡངས་པར་བྱ་བའི་ཕྱིར་དུ་ཆོས་གོས་དང་ཤམ་ཐབས་འབུལ་གསུངས་ནས་ཕུལ། སྐུ་ལ་ན་བཟའ་དཀར་པོ་གསོལ་ནས་ཕྱོགས་མེད་ཀྱི་རི་ཁྲོད་འགྲིམས་པས། ཁུ་སྒོམ་ཆོས་ཀྱི་སེངྒེ་དང་མཇལ་ནས་གདམས་པ་མང་དུ་ཞུས་ཤིང་། ཁྱད་པར་མ་ཅིག་གི་གཅོད་རྣམས་ཞུས་ཏེ་གཉན་ཁྲོད་འགྲིམ་ཞིང་ཉམས་སུ་བླངས་པས། རྟོགས་པ་ནམ་མཁའ་ལྟར་ཐོགས་རྡུགས་མེད་པ་འཁྲུངས། དགོན་པ་དང་། ཚོང་འདུས་དང་ཁྲོམ་གསེབ་ལ་སོགས་པར་བྱོན་ནས་ཆོས་གཏམ་མཛད་པས་སུས་ཀྱང་ཐུབ་པ་མ་བྱུང་བས། མི་རྣམས་ན་རེ། ན་བཟའ་སྐྱ་ལ་རིག་པ་ཟངས་ཐལ་ལ་སོང་བར་འདུག་ཟེར་བས། དེ་ནས་མཚན་དོལ་པ་ཟངས་ཐལ་དུ་གྲགས་སོ། །ཡར་ཀླུང་སྐྱ་དཔོན་དགོན་པར་བྱོན་པས། རྒྱ་སྟོན་ཆུང་གིས་ན་བླ་མ་རྒྱ་ནག་

52b

གཅེར་བུ་འཁོར་ཚན་ཅིག་ལ་ཆོས་གསུང་གིན་འདུག །ཅི་ཡིན་དགོངས་ནས་ཉན་པས། གཅོད་ཆོས་སུ་འདུག་ནས་གསན་པས་ཉོགས་སེ་བ་ལས་བློ་འཁུལ་ངེས་པ་རང་མི་འདུག །མཇུག་ཏུ་གཅོད་ཆོས་ཀྱི་གླེང་མོ་མང་དུ་མཛད་པས། བླ་མ་རྒྱ་ནག་ན་རེ། ད་ཅི་ནས་ཞོལ་ཡུལ་དུ་དར་བ་བཙལ་བ་ལགས་སོ་བཟོད་པར་གསོལ། དེ་བདག་ལ་ཁྱེད་ཀྱིས་གཅོད་སྐོར་མ་ལུས་པ་གནང་འཚལ་ཞུས་ཏེ། ཁྲབ་གཅིག་གསེར་ཞོ་གང་། ཤ་ནས་མར་གསུམ་གྱི་འབུལ་བ་བཟང་པོ་ཕུལ་པས། ཁྲབ་མ་བཞེས། ཤ་ནས་མར་སོགས་ཀྱི་ཚོགས་འཁོར་བཟང་པོ་མཛད། འཕྲོས་རྣམས་སྦྱིན་པར་བཏང་། གཅོད་སྐོར་ལ་སོགས་པའི་གདམས་པ་ཟབ་པར་གསུངས་སོ། །དེ་ནས་བླ་མ་དོལ་པ་ན་རེ། ད་ནི་བདག་གི་ཚེ་རིང་པོ་ཐུབ་པར་དཀའ་བས་ད་དུང་འོ་ཅག་གཉིས་ཐེངས་གསུམ་འཕྲད་དགོས་གསུངས་ནས་གཤེགས་སོ། །རྗེས་སུ་ལུང་སྨད་བྱང་ཚལ་དུ་གནས་ཕབ་སྟེ་གདུལ་བྱ་མང་པོ་སྨིན་གྲོལ་གྱི་ལམ་ལ་འགོད་པར་མཛད་ཅིང་། དེ་ནས་དགུང་ལོ་ང་དྲུག་ལ་དཔའ་བོ་མཁའ་འགྲོའི་བསུ་བ་དང་བཅས་ཏེ་ཞི་བར་གཤེགས་སོ། །        ། །