ཞི་བྱེད་ཆོས་འབྱུང་།
རས་པ།
上一章
(རས་པ།)
སངས་རྒྱས་དགེ་སློང་ལ་བུ་ཆེན་མང་དུ་ཡོད་ཀྱང་ཆོས་འདིའི་བཀའ་སུམ་སྟོན་ཞན་མེད་ཀྱང་ཟེར་ཞིང་། རས་པ་ལ་བབས་ཏེ། དེའི་འཁྲུངས་ཡུལ་ནི་གྲའི་བྱ་རོག་ཚང་། ཡབ་མཆོད་གནས་དཀོན་མཆོག །ཡུམ་མོན་རེ་མཚན་བྱམས་པ། ལོ་དྲུག་ལོན་ནས་གྲྭ་ཐང་དུ་བྱོན་ཞིང་ཚལ་པ་ལ་ཏིང་ངེ་འཛིན་གྱི་དབང་ཞུས། འགྲོ་དོན་འབྱུང་བར་ལུང་བསྟན་མཛད། ལོ་བདུན་ལ་འབྲི་ཀློག་བསླབས་པས་བརྡ་བསྟན་པ་ཙམ་གྱིས་མཁྱེན་ཅིང་། བཅུ་གཅིག་ལ་ཕས་ཕུར་པའི་འཕྲིན་ལས་ཟབ་མོ་བསླབ། རབ་ཏུ་བྱུང་སྟེ་འདུལ་བ་དང་སྔགས་ལ་སོགས་པ་ཟབ་ཆོས་མཐའ་ཡས་པའི་ཕུ་ཐག་བཅད། གཞན་ཡང་སངས་རྒྱས་དགེ་སློང་། ཁམ་བུ་ཡག་ལེགས། སྐྱོ་ཡེ་ཤེས་འབར་ལ་སོགས་པ་ལས་གཅོད་ཡུལ་གྱི་སྐོར་སོགས་གདམས་པ་བསམ་གྱིས་མི་ཁྱབ་པ་ཞུས་ནས་སྒྲོ་འདོགས་བཅད། དགུང་ལོ་ཉི་ཤུ་རྩ་གཅིག་ལ་སྙུན་ནད་དམ་པོ་ཅིག་གིས་ཟིན་པས། མཚམས་དང་ཁྲོ་བོའི་བཟླས་པ་སོགས་ཕན་དུ་རེ་བའི་རིམ་གྲོ་མ་མཛད་པར།
55a
༄༅། །བླ་མ་བསྒོམ་ཞིང་སྔར་ཞུས་པའི་གཅོད་ཀྱི་གདམས་པ་ཉམས་བཞེས་མཛད་པའི་སླད་དུ་། བདག་འཛིན་བློས་མ་བཏང་ན་བདག་མེད་ཀྱི་དོན་མི་རྟོགས་ཤིང་། གཉིས་འཛིན་གྱི་ཐག་པ་མ་བཅད་ན་གཉིས་མེད་ཀྱི་ཡེ་ཤེས་མི་སྐྱེ་བར་དགོངས་ནས། བདག་འཛིན་བློས་བཏང་ཞིང་ཡུལ་དང་ཉེ་དུའི་འཁྲི་བ་བཅད། ལུས་ཀྱི་གཅེས་འཛིན་སྤངས་ནས་གཉན་ས་དང་རི་ཁྲོད་ཁོ་ན་འགྲིམས་པས་ནད་ལས་གྲོལ་བ་ཡིན་གསུངས། མགུར་ལས་ཀྱང་། བླ་མ་རྣམས་དང་རང་སེམས་དང་། །དམ་ཆོས་ཕ་རོལ་ཕྱིན་པ་ལ། །ཤི་བསོས་ལུས་ངག་ཡིད་གུས་པས། །མི་བསྒོམ་རང་སར་རང་ལུགས་ལགས། །འཁོར་འདས་མཉམ་ཉིད་ཆེན་པོ་ལ། །གང་ལའང་རྩིས་གདབ་མི་བྱ་བར། །གཏད་མེད་ཏིག་མེད་གཡས་མེད་དུ། །དུས་མེད་བཞག་གོ་སྐལ་ལྡན་ཀུན། །ལུས་ངག་ཡིད་གསུམ་གཅེས་འཛིན་སྤངས། །མི་བསྒོམ་ཤེས་པ་རང་ལུགས་བཞག །ཐམས་ཅད་བཟའ་གཏད་མེད་པ་ཡིན། །ཏིག་ཏིག་པོ་ཚོ་འཁྲུལ་པ་ལགས། །སྙིང་བཏོན་རྒྱུ་མ་ལུད་ནའང་ལུད། །མགོ་དགུའི་སྦྲུལ་གྱིས་ལུས་འཁྲིལ་ནས། །འཕོ་བ་དགང་ཚལ་སོང་ནའང་སོང་། །ཅི་དགར་སྦྱིན་ནོ་སྐ་ལྡན་ཀུན། །འཁོར་བ་ཐོག་མ་མེད་པ་ནས། །སེམས་ཀྱིས་ལུས་ལ་གཅེས་པར་བཟུང་། །འདྲེས་ཁྱེར་འཁོར་བར་སྡུག་ཏུ་བཅུག །ལུས་སྦྱིན་པར་བཏང་ངོ་སྐལ་ལྡན་ཀུན། །སེམས་
55b
གློད་ལུས་པོ་རོ་བཞིན་བསྐྱུར། །སེམས་ཉིད་མ་བཅོས་ལྷུག་པར་ཞོག །ཁྲེས་སེ་བོར་ལ་བློ་ཡིས་ཐོངས། །ཆོས་དེ་ལས་མེད་དོ་སྐལ་ལྡན་ཀུན། །ཐམས་ཅད་སྐྱེ་མེད་བློ་ལས་འདས། །སྙེམས་མེད་འདྲེས་མེད་འཁྲིས་མེད་དུ། །ལྷོད་ཀྱིས་གློད་ལ་ཤིགས་ཀྱིས་བཤིག །ཞེ་འདོད་བདུད་ཡིན་སྐལ་ལྡན་ཀུན། །མི་ཕོད་རྫིས་ལ་འཁྲི་བ་ཆོད། །རང་སྐྱོན་བརྟགས་ལ་གཞན་ལ་ལྡོག །རང་མཚང་ཡུལ་ནས་འདོན་པ་དེ། །གདམས་པ་ལགས་སོ་སྐལ་ལྡན་ཀུན། །འཁོར་འདས་གཉིས་ཀྱི་ལ་ཁ་ལ། །སྒྲུབ་པ་མི་བྱེད་སུ་ཡིས་ཕོད། །བདག་འཛིན་ཐོངས་ལ་ཉམས་སུ་ལོང་། །ཞེན་ཆགས་མ་ཆེ་སྐལ་ལྡན་ཀུན༑ །ཞེས་གསུངས་ནས་བདག་འཛིན་རྩ་བ་ནས་སྤང་བར་མཛད་དོ། །ཡང་ཨེ་ཆུང་ན་གཉན་ས་ཅིག་ཏུ་གཅོད་ལ་བཞུགས་པའི་དུས་སུ་ཐུགས་དགོངས་ལ། ནད་དུ་མཛེ་བྱུང་། ཕྱི་ནས་གོས་མེད། ནང་ནས་ཟས་མེད། ཆུང་དུས་ཕ་ཁུ་ཤི །བརྩེ་དུངས་བྱེད་པའི་མི་ནི་སུ་ཡང་མེད། འཇིག་རྟེན་ནང་ལས་སྡུག་པ་ཡོད་རེ་སྙམ་པའི་ཚེ། མདུན་གྱི་ནམ་མཁར་སྒྲོལ་མའི་སྐུ་ལྟེ་བ་ཡན་ཆད་ལྗང་ཁུ་ལ། མན་ཆད་ཁ་དོག་སྣ་ལྔའི་ཐིག་ལེ་ཁྲ་ཆིག་གེ་བ་ཞིག་གི་ཞལ་ནས། རིགས་ཀྱི་བུ་དེ་ལྟ་བུའི་ཚུལ་བཞིན་མ་ཡིན་པ་ཡིད་ལ་མ་བྱེད་ཅིག །ཁྱེད་ཀྱི་ནང་དེ་འཁོར་བ་ཐོག་མེད་ཀྱི་ལས་མི་དགེ་བའི་འབྲས་བུའི་ལྷག་ཅུང་
56a
༄༅། །ཟད་ཀྱི་མཇུག་སྡུད་པ་ཡིན་ཞིང་། སྤྱིར་ལས་ཐམས་ཅད་མྱོང་བས་མཛད་པ་ཡིན་ཕྱིར་ཁྱེད་ཀྱི་དུ་ཁ་འདི་ཡང་སྡུག་བསྔལ་ཐམས་ཅད་ཀྱི་མཇུག་སྡུད་ཅིང་། བདེ་བ་ཐམས་ཅད་ཀྱི་མགོ་འདྲེན་པ་ཡིན་གསུངས་པས། ལས་མི་དགེ་བའི་འབྲས་བུར་མཁྱེན་ནས་ཐུགས་ལ་སྤྲོ་བ་ཆེན་པོ་འཁྲུངས་སོ། །གཞན་ཡང་ཕྱག་རྒྱ་ཆེན་པོའི་ཁྲིད་མཛད་པའི་དུས་སུ། སློབ་མ་བསགས་པ་ཆེ་ཆུང་དང་རྒྱུད་ཚོད་མཐོ་དམན་སོགས་ཁམས་དང་བག་ལ་ཉལ་བ་མ་ལུས་པར་མཁྱེན་ཅིང་། དབང་དང་བྱིན་རླབས་གནང་བའི་ཚེ་ཐུགས་གཏད་པ་ཙམ་གྱིས་རིག་པ་འུར་ཏེ། བྱིན་རླབས་རང་དབང་མེད་པར་འཇུག་པ་དང་། གཤིན་པོའི་རྣམ་ཤེས་དངོས་སུ་བཀུག་ནས་སྡིག་སྦྱོང་མཛད་པ་དང་། བསྐྱེད་རིམ་ལྷའི་རྣལ་འབྱོར་དང་སྐད་ཅིག་ཀྱང་མི་འབྲལ་ཞིང་། རྫོགས་རིམ་གཏུམ་མོས་གངས་ཁྲོད་དུ་རས་རྐྱང་ཐུབ་པ་དང་། སྒྱུ་ལུས་གཡང་སར་མཆོངས་ཀྱང་ཉམས་ཉེས་མེད་པ་དང་། འོད་གསལ་རྩིག་པ་ལ་སོགས་པར་ཟངས་ཐལ་དུ་འགྲོ་བ་དང་། རྨི་ལམ་དག་ཞིང་དུ་བགྲོད་ཅིང་ཆོས་ཉན་པ་དང་། འཕོ་བ་དམིགས་པ་གཏད་པ་ཙམ་གྱིས་དབུ་གཙུག་ནས་སྐུ་མཚལ་འདོན་པ་དང་། གྲོང་འཇུག་ཐོད་པ་ཇ་རིལ་ཚ་འུར་འུར་བ་དང་། འཕར་བ་དང་། ཕོ་ཉའི་ལམ་གྱིས་དངས་མ་དབང་དུ་སྡུད་པ་སོགས་ཀུན་ལ་
56b