ཞི་བྱེད་ཆོས་འབྱུང་།
སངས་རྒྱས་སྟོན་པ།སངས་རྒྱས་སྟོན་པ།
上一章
下一章

(སངས་རྒྱས་སྟོན་པ།)

དེ་ལ་བུ་ཆེན་མང་དུ་ཡོད་ཀྱང་ཆོས་འདིའི་བཀའ་སངས་རྒྱས་སྟོན་པ་ལ་བབས་ཏེ། དེ་ནི་ཉིད་ཀྱིས་མཛད་པའི་རྣམ་ཐར་ལས། དེ་ལ་བདག་གི་སྐྱེ་ས་ཁ་རག་རྩེའི་སིལ་མ་ལ་རུ། རུས་རིགས་བོན་རྒྱུད་དུ་སྐྱེས་པ་ཡིན། །ཆུང་དུ་ནས་ཆོས་ལ་མོས་པས་བོན་པོའི་གྲུབ་མཐར་མ་ཞུགས་པར། སྤྱོད་ལམ་ཐམས་ཅད་དུ་ཆོས་ཀྱི་སྣང་བ་མཆེད་པར་གྱུར་ཅིང་། ལོ་བརྒྱད་ལོན་དུས་འབྲི་ཀློག་ཤེས་པར་བསླབ། །ལོ་བཅུའི་དུས་གངས་བཟང་ནས་མ་ཅིག་སྤྲུལ་སྐུ་བྱོན་ནས་གཅོད་ཀྱི་ཆོས་དབང་སེམས་ལ་བསྐུར། ཞལ་གདམས་ཆིག་བརྒྱུད་རྣམས་གནང་

57a

༄༅།       །ནས་ལུང་བསྟན་མཛད། བཅུ་གཉིས་ཀྱི་དུས་སུ་སྔོན་གྱི་ལས་འཕྲོ་སད་ནས་འཁོར་བ་འདི་བཙོན་ཁང་དང་། དམྱལ་བའི་གནས་ལྟ་བུར་གོ་བ་ཅིག་བྱུང་། འཇིག་རྟེན་འཁོར་བའི་ཆོས་ཐམས་ཅད་མི་བདེན་ཞིང་རྫུན་པ་བསླུ་བའི་ཆོས་ཅན་དུ་གོ་ནས། ད་ནི་མྱུར་དུ་འཆི་བ་ཡིན་ཅི་ཡང་དགོས་པ་མེད་སྙམ་པའི་སྐྱོ་ཤས་དྲག་པོ་གཏན་དུ་སྐྱེ་བ་བྱུང་། དེའི་སྟོབས་ཀྱིས་རི་དང་གངས་སོགས་མཐོ་བའི་སར་ཕྱིན་པའི་དུས་སུ། རི་དྭགས་ཀླུང་ནས་ཐར་བའམ། དྲང་སྲོང་ནགས་གསེབ་ཏུ་སླེབ་པ་ལྟ་བུའི་དགའ་བ་དང་སྐྱོ་ཤས་འབྲེལ་བ་དང་། བླ་མ་གྲུབ་ཐོབ་ཅིག་དང་མཇལ་ནས་གདམ་ངག་བསྒོམ་ཤེས་པ་ཡིན་ན་དགའ་བ་ལ་སྙམ་པ་དང་། རྨི་ལམ་དུའང་ཆོས་བཤད་པ་དང་། མེ་ཏོག་འབུལ་བ་དང་། མཆོད་རྟེན་ལ་བསྐོར་བ་བྱེད་པ་ཤས་ཆེར་བྱུང་། དེ་ནས་ལོ་བཅུ་གསུམ་གྱི་དུས་བླ་མ་ཙ་རི་བ་ལ་རབ་བྱུང་ཞུས། བླ་མ་སུམ་སྟོན་རས་པ་ལ་བཀའ་བརྒྱུད་ཀྱི་ནམ་མཁའ་སྒོ་འབྱེད་དང་གཅོད་ཚར་གསུམ་ཞུས་ནས། ནོར་རྫས་དང་ཉམས་ལེན་གྱིས་མཉེས་པར་བྱས། བླ་མའི་ཞལ་ནས་ཁྱོད་ཀྱིས་གཅོད་འདིའི་སྒོ་ནས། སེམས་ཅན་ལ་ཕན་ཐོགས་པར་འདུག །ང་ལ་རྨི་ལམ་བཟང་པོ་ཅིག་བྱུང་གསུངས། གཞན་ཡང་བླ་མ་མཁས་གྲུབ་ཐམས་ཅད་ལ་མདོ་སྔགས་ཀྱི་ཟབ་ཆོས་མཐའ་ཡས་པར་ཞུས་ཤིང་། དགུང་ལོ་

57b

བཅུ་དགུ་ལ་བསྙེན་པར་རྫོགས་ཏེ་ཐོས་བསམ་གྱིས་སྒྲོ་འདོགས་བཅད། རྫེ་བཙུན་སྒྲོལ་མ་དང་ཚེ་དཔག་མེད་ཀྱི་ཞལ་གཟིགས་ཤིང་ལུང་བསྟན་པར་མཛད། སྒྱུ་ལུས་དང་རྨི་ལམ་སྦྱངས་པས་ཡི་དམ་མང་པོའི་ཞལ་གཟིགས་ཤིང་། དཔའ་བོ་མཁའ་འགྲོ་དང་ཆོས་སྐྱོང་བྲན་དུ་ཉན་པ། ཀླུ་ལ་སོགས་པའི་སྡེ་བརྒྱད་ཀྱི་ཆོ་འཕྲུལ་མི་རུང་བ་དུ་མ་སྟོན་ཅིང་གཞན་ལ་འཚེ་བར་བྱེད་པ་རྣམས་ལ། རྨི་ལམ་བཟུང་ནས་ཁྱུང་དང་རྟ་མགྲིན་ལ་སོགས་པ་རང་རང་གེ་གཉེན་པོར་སྤྲུལ་ནས་འདུལ་བར་མཛད་པས། རྒྱལ་བོ་དང་ཀླུ་ལ་སོགས་པས་རང་རང་གི་སྲོག་སྙིང་ཕུལ་ཏེ། ཇི་ལྟར་བསྒོ་བའི་བཀའ་ལ་ཉན་ཞིང་ལས་རྣམས་ཐོགས་མེད་དུ་སྒྲུབ་པ་དང་། སྐྱེ་བ་སྔ་ཕྱི་ཐམས་ཅད་དྲན་ཞིང་གཞན་ལ་ལུང་བསྟན་མཛད་པ་ལ་མངོན་ཤེས་ཐོགས་པ་མེད་པ་དང་། །གཞན་ཡང་རྫོགས་པའི་རིམ་པ་མཐའ་དག་ལ་མངའ་དབང་འབྱོར་པའི་རྣལ་འབྱོར་གྱི་དབང་ཕྱུག་དེ་ཉིད། བསམ་གཏན་བྲག་གི་དགོན་པ་སོགས་དབེན་གནས་རྣམས་སུ་རྩེ་གཅིག་ཏུ་བསྒྲུབ་པ་མཛད་པའི་ཚེ། ཡེ་ཤེས་ཀྱི་མཁའ་འགྲོ་མས་གྲུབ་ཐོབ་བརྒྱ་རྩ་བརྒྱད་འབྱུང་བར་ལུང་བསྟན། ཡང་ཚེས་བརྒྱད་ཀྱི་ཐོ་རངས་ཁ་ལ་སངས་རྒྱས་གཉན་སྟོན་འདི་སྐད་གསུངས། ང་ནི་ཤར་ཕྱོགས་བདེ་ཆེན་ཞིང་། །མེ་ཏོག་བཀྲམ་པ་ཞེས་བྱ་རུ། །བདེ་བར་གཤེགས་པ་འཇིག་རྟེན་མཁྱེན། །

58a

༄༅།       །སྐྱེས་བུ་འདུལ་བ་བླ་ན་མེད། །ལྷ་མིའི་སྟོན་པ་བཅོམ་ལྡན་འདས། །པདྨའི་དཔལ་ཞེས་སངས་རྒྱས་ནས། །ཐུབ་ཆེན་ཆོས་ཀྱི་འཁོར་ལོ་ཡིས། །གདུལ་བྱ་དཔག་མེད་གྲོལ་བྱེད་ཚེ། །བུ་ཁྱོད་འཁོར་གྱི་གཙོ་བོར་གྱུར། །ལན་གསུམ་གསུངས་ནས་བཀའ་རྒྱས་བཏབ། །སྙིང་རུས་ཆུང་ཡང་གདམ་ངག་ཟབ། །ནོར་འདོན་ཆུང་བས་ཞེ་བློ་བདེ། །ཉིན་པར་ནད་མང་ཐ་མལ་འདྲ། །རྨི་ལམ་རྒྱལ་བ་ལོངས་སྐུ་དངོས། །ཉིན་པར་མཉམ་བཞག་ཕྱག་རྒྱ་ཆེ། །བློ་འདས་བརྗོད་བྲལ་རང་ཤར་བྱུང་། །གཉིད་ལོག་བདེ་གསལ་མི་རྟོག་པའི། །འོད་གསལ་ལྷུན་གྲུབ་རང་ཤར་འབྱུང་། །ཟུང་འཇུག་གཟུགས་སྐུའི་རང་བཞིན་འཆར། །ལུས་ཀྱི་བདེ་བ་ལོངས་སྤྱོད་རྫོགས། །ངག་ནི་གསལ་བ་སྤྲུལ་པའི་སྐུ། །སེམས་ནི་རྟོག་མེད་ཆོས་ཀྱི་སྐུ། །དབྱེར་མེད་བདེ་བ་ཆེན་པོའི་སྐུ། །སྐུ་ནི་རྒྱལ་བ་སྐུ་གསུམ་དང་། །ལུས་ངག་ཡིད་གསུམ་དབྱེར་མེད་ལྟོས། །དག་སྣང་སྦྱོངས་ཤིག་རིགས་ཀྱི་བུ། །འབྲལ་མེད་སྒོམས་ཤིག་རིགས་ཀྱི་བུ། །གསོལ་བ་ཐོབས་ཅིག་རིགས་ཀྱི་བུ། །ཡིད་ཆེས་གྱིས་ཤིག་རིགས་ཀྱི་བུ། །བདག་གི་རྣམ་ཐར་ཟུར་ཙམ་འདི། །བུ་ཡི་དམ་པ་སློབ་མའི་མཆོག །དག་སྣང་མོས་གུས་ཐོབ་པ་ཡི། །བརྒྱུད་འཛིན་རྣམས་ཀྱི་དོན་དུ་བཀོད། །དགེ་དེས་འགྲོ་རྣམས་སྒྲོལ་བར་ཤོག །ཅེས་

58b

པ་སངས་རྒྱས་སྟོན་པའི་རྣམ་ཐར་ཟུར་ཙམ་བཀོད་པའོ། །        ། །