ཞི་བྱེད་ཆོས་འབྱུང་།
གཅོད་ལོག་བསྟན་པ།
上一章
下一章

(གཅོད་ལོག་བསྟན་པ།)

གཅོད་ལོག་གི་ལོ་རྒྱུས་ནི། མ་ཅིག་གི་ཞལ་ནས། ལེགས་པར་ཉོན་དང་ཆོས་ལོག་འབྱུང་བ་འདི་ལྟར་ཡིན་ནོ་བུ་སློབ་ཀུན། །སྔོན་སངས་རྒྱས་ཞལ་བཞུགས་པའི་དུས་སུ། ང་ལྷའི་གླིང་ནོར་བུ་ཕུན་ཚོགས་བྱ་བ་ན་ཡོད་པ་ལས་གྲོགས་ལྷ་མོ་བདུན་དང་འགྲོགས་ནས། མེ་ཏོག་དང་རིན་པོ་ཆེའི་པདྨ་ལ་སོགས་པ་མང་པོ་ཐོགས་ཏེ་སངས་རྒྱས་བཅོམ་ལྡན་འདས་ལ་ཕྱག་འཚལ་བ་དང་། མཆོད་པའི་ཕྱིར་དུ་འོངས་ཏེ་བཅོམ་ལྡན་འདས་ལ་མེ་ཏོག་ལ་

71a

༄༅།       །སོགས་པས་མཆོད་ཅིང་། ཞབས་ལ་མགོ་བོས་བཏུད་དེ་ཕྱག་འཚལ་བསྐོར་བ་ལན་གསུམ་བྱས་ནས་མདུན་དུ་འཁོད་པ་ལས། བཅོམ་ལྡན་འདས་ཀྱི་ཞལ་ནས། ལྷ་མོ་ཁྱོད་འདིར་འོངས་པ་ལེགས་སོ། །ང་ཡོངས་སུ་མྱ་ངན་ལས་འདས་ཤིང་མ་འོངས་པའི་དུས་རིང་བ་ཞིག་ན་རྡོ་རྗེ་གདན་འདིར་མུ་སྟེགས་པ་འདུལ་དགོས་པ་ཡོད། དེ་ནས་བོད་ཀྱི་མི་དང་མི་མ་ཡིན་གདུག་པ་ཅན་ཐམས་ཅད་འདུལ་བའི་སྐལ་པ་ཡོད་པས། དེ་ལྟར་དུ་སྨོན་ལམ་ཐོབ་ཅིག་དུས་འདིར་ཡིན་ནོ་ཞེས་བཀའ་སྩལ་ཏོ། །བདག་བློ་ཞུམ་པས་དེ་ལྟར་མི་ནུས་གསོལ་ཀྱང་མ་གནང་སྟེ། གནས་བརྟན་རབ་འབྱོར་གྱིས་སྨོན་ལམ་ཐོབ་ཅིག་བདག་གིས་གྲོགས་བྱའོ་གསུངས། དེ་ནས་སངས་རྒྱས་ལ་ཕྱག་འཚལ་ཏེ་མདུན་དུ་འཁོད་ནས་སྨོན་ལམ་བཏབ་པའི་སྐབས་སུ། བྱ་གཅན་གྱིས་ཕུག་རོན་ཅིག་བདས་ཏེ་མདུན་དུ་བབས་བྱུང་བ་བྱི་ལ་ནག་པོ་ཞིག་གིས་བཟུང་བ་བཤུགས་པས། བྱི་ལས་ངའི་ལག་མགོ་འདྲད་པས་སྣ་ལ་སོར་བརྡེག་ཅིག་རྒྱབ་པ་ལས་དར་ཅིག་བརྒྱལ་ཏེ་འགྱེལ་ལོ། །ཕུག་རོན་གྱི་སྲོག་སྐྱབས་ཀྱང་བདག་གི་སྨོན་ལམ་ཆད་པས། སངས་རྒྱས་ཀྱི་ཞལ་ནས་ལྷ་མོ་ཁྱོད་ཀྱིས་མུ་སྟེགས་ཐུལ་བ་ཡོད་ཀྱང་། དུས་ཀྱི་མཐའ་ལ་བོད་དུ་ཁྱོད་ཀྱི་བསྟན་པའི་སྨད་དུ་མུ་སྟེགས་ཀྱི་གནོན་པ་ཅིག་འོང་བར་འདུག་གསུངས།

71b

དེ་མི་འབྱུང་བར་ཐུགས་རྗེས་བཟུང་དུ་གསོལ་ཞུས་པས། རྟེན་འབྲེལ་ལས་ཀྱི་གནད་ཀྱིས་འོང་བ་ལ་མི་འབྱུང་བའི་ཐབས་དང་མི་ལྡན་ནོ། །ཞེས་གསུངས་ཏེ་རབ་འབྱོར་ལ་སྤྱན་གྱིས་གཟིགས་པས་རབ་འབྱོར་དར་ཅིག་ཅང་མི་སྨྲ་བར་དགོངས་པ་ལ་བཞུགས་ཏེ། དེ་ནས། མུ་སྟེགས་ཝ་ཚོགས་སེང་གེས་གཅོད་པར་བྱེད། །ཅེས་གསུངས་པས། དེས་ན་རང་རེ་མ་བུ་རྣམས་ཀྱིས་ལན་ཅིག་བཟློག་པར་མི་ནུས་ཤིང་། ཕྱིས་མ་འོངས་པའི་དུས་སུ་སེངྒེའི་མིང་ཅན་གྱིས་བཟློག་པར་གསུངས་པ་ཡིན་འདུག་ཅིང་། ད་ལྟ་ངའི་བརྒྱུད་འཛིན་རྣམས་ཀྱི་ནང་ནས་དང་པོར་གྲུབ་པ་ཐོབ་པའི་ཆོས་ཀྱི་སེངྒེ་དང་། ཡོན་ཏན་ཤིན་ཏུ་ཆེ་བའི་སེངྒེའི་མིང་ཅན་བཞི་འདུག་པ་ལས། ངས་ཆོས་ལོག་གང་གིས་སེལ་བའི་རྟེན་འབྲེལ་བརྟགས་པས་ཆོས་ཀྱི་སེང་གེས་སེལ་བའི་རྟེན་འབྲེལ་འགྲིག་པ་ཅིག་བྱུང་། དེ་ཡང་དམན་པའི་སྤྱོད་པ་ཤིན་ཏུ་སྦས་པའི་བརྟུལ་ཞུགས་ཀྱི་སྒོ་ནས་ཆོས་ལོག་སེལ་དགོས་ཏེ། མ་སྦས་ན་མུ་སྟེགས་མཐུ་སྟོབས་ཆེ་བས་བར་ཆད་གཏོང་ཞིང་ཚེའི་གེགས་སུ་གྱུར་པས། དེ་བས་ན་སྤྱོད་པ་དམན་པ་དང་སྦས་པ་ནི་ཤིན་ཏུ་མན་ངག་དམ་པ་ཡིན་ཅིང་། དེ་ལྟར་བྱས་པས་མེ་སྟག་གིས་ནགས་ཚལ་བསྲེགས་པ་བཞིན་དུ་རིམ་གྱིས་ཆོས་ལོག་སེལ་བའི་དགོས་པ་ཡོད་པ་ཡིན། ད་དུང་ཆོས་སེང་འབྱུང་ཚུལ་རྗེས་སུ་འཆད་དོ། །དེ་ལྟར་དམན་སྤྱོད་སྦས་པའི་

72a

༄༅།       །ཚུལ་ལ་རྟེན་ནས་མུ་སྟེགས་ལེ་ལོར་གྱུར་པས། ཆོས་ལོག་སེལ་བའི་ཉེར་འཚེ་ཆ་ཤས་ཙམ་ཡང་འབྱུང་བ་མ་ཡིན་ནོ། །དེ་ཡང་སྔོན་པདྨ་རྒྱལ་པོ་བོད་འདིར་ལྷ་འདྲེ་འདུལ་བ་ལ་བྱོན་པའི་དུས་སུའང་མཚན་སྦས་(པདྨ་འབྱུང་གནས།)ཏེ། མཚན་གཞན་ཞིག་(རྡོ་རྗེ་གྲོ་ལོད་དུ།)གསོལ་ནས་བྱོན་པས་ལྷ་འདྲེ་རྣམས་ཟོན་བྱེད་མ་ཁོམ་པར་མྱུར་དུ་བཏུལ་བར་མཛད་པ་མཚན་སྦས་པའི་རྟེན་འབྲེལ་ཡིན་པས། དེ་ལྟར་པདྨ་རྒྱལ་པོས་ཀྱང་རྟེན་འབྲེལ་གྱི་ཆ་ལ་བརྟེན་པར་མཛད་དགོས་ན། རང་རེའི་ཆོས་ཀྱི་སེངྒེ་རྟེན་འབྲེལ་ལ་ལྟོས་དགོས་པ་སྨོས་ཅི་དགོས། འོན་ཀྱང་ཆོས་ཀྱི་སེངྒེ་ལ་སྡེ་བརྒྱད་ལ་སོགས་པའི་ལྷ་འདྲེ་རྣམས་ཀྱིས་གནོད་པར་མི་བྱེད་པར་བསྟན་པ་བསྲུང་བར་བྱེད་པ་ཡིན་ཏེ། སྡེ་བརྒྱད་ལས་མུ་སྟེགས་ཀྱི་མཐུ་སྟོབས་ཤིན་ཏུ་ཆེ་བས་ཐབས་མཁས་པར་བྱེད་པ་གལ་ཆེ། ཐབས་མ་མཁས་ན་ནུས་པས་མུ་སྟེགས་བཟློག་པར་མི་ནུས་པས། དམན་སྤྱོད་སྦས་ཚུལ་གྱི་ཐབས་ལ་མཁས་པ་མཆོག་ཏུ་གཅེས་སོ་བུ། དེའང་ད་ནི་རིང་པོ་མི་ཐོགས་པར་ད་ནས་ལོ་ལྔ་བཅུའི་དུས་སུ་མུ་སྟེགས་ཀྱི་སྤྲུལ་པ་ཕོ་མོ་གཉིས་འབྱུང་སྟེ། གཅིག་ནི་རྒྱ་གར་ཁ་ཆེའི་ཡུལ་དུ་བདག་པོ་མེད་པའི་བུད་མེད་ཆོས་མཁན་མ་ཅིག་ལ་བུ་ཞིག་བཙས་ཤིང་། དེ་ཡང་དཔྲལ་བར་

72b

བག་གཟུགས་ནག་པོའི་ཤ་མཚན་ཡོད་པས། མིང་དུ་ཐོད་པ་བྷ་དྲ་ཞེས་བཏགས་པ་དེ་མངའ་རིས་ནས་ཚུར་འོངས་ཏེ། ང་ཐོད་སྨྱོན་བསམ་གྲུབ་ཀྱི་སྐྱེ་བ་ཡིན། ཐོད་པ་བྷ་དྲ་དང་དྲེགས་པ་ཟིལ་གནོན་ཞེས་པ་ཡིན། ཕྱག་རྒྱ་ཆེན་པོའི་གཅོད་ཉམས་སུ་ལེན་ནས་སྣང་སྲིད་ཀྱི་གདུག་པ་ཅན་ཐམས་ཅད་ཚར་གཅོད་པའི་ལས་མཐའ་ལ་མཁས་ཟེར་ཞིང་། ཁྲག་ཐབ་དང་། དུག་ཐབ་དང་། རྫས་ཐབ་དང་། སྔོ་ཐབ་ཞེས་པ་ལ་སོགས་པའི་ཐབས་ཀྱིས་བཟློག་པ་དང་། ཡང་གཞོབ་ཆེན་དང་། བསུར་ཆེན་དང་། འཕྱུར་ལུད་ཆེན་པོ་བཏང་བ་ལ་སོགས་པའི་ཐབས་སྣ་ཚོགས་པ་བྱེད་ཅིང་བལ་ཡུལ་དུ་འོང་བ་དང་། གཅིག་ནི་ཧོར་ནག་གི་ཡུལ་མཐར་ལྗོངས་བཀྲ་ཞེས་པའི་གྲོང་ཁྱེར་དུ་བདག་པོ་ཞེས་པའི་བུད་མེད་སྨད་ཚོང་མ་ཅིག་ལ་བུ་མོ་ཞིག་བཙས་ཏེ། དེ་ཡང་ཤ་མདོག་ཤིན་ཏུ་དཀར་ལ་གཟུགས་དང་བྱད་བཞིན་ལེགས་པ། དཔྲལ་བར་ཡུལ་བདག་ཅོག་ལ་མཚལ་མདོག་གི་གཟུགས་ཤ་མཚན་དུ་ཡོད་པས་མོ་ན་རེ། ངའི་བུ་མོ་འདི་ཟོ་དོར་གྱི་བུ་མོ་ཡིན་པས་ཅོ་ལབ་སྒྲོན་དུ་མིང་བཏགས་པ་ཡིན་ཟེར། དེ་ནས་ཐམས་ཅད་ཀྱིས་ལབ་སྒྲོན་ཞེས་བོད་པར་བྱེད་དོ། །བུ་མོ་གཟུགས་མཛེས་པས་མི་ཀུན་རྩོད་པར་བྱེད་པ་ལས། བུ་མོ་ན་རེ། དེ་ལྟ་བུ་མི་བྱེད་དོ་ཟེར་ཞིང་སྐྲ་སྤུངས་ཏེ་རས་དཀར་པོའི་ཤམ་ཐབས་དང་། རྒྱན་གོས་དཀར་པོ་གྱོན་ཅིང་རྣ་བར་གསེར་གྱི་རྣ་ཆ་སོགས་རྒྱན་དུ་མས་སྤྲས་

73a

༄༅།       །ཏེ། ཁ་ནས་ཕཊཿསྒྲ་འདོན་ཞིང་ང་མ་ལབ་སྒྲོན་མའི་སྐྱེ་བ་ཡིན། ལ་སྟད་ཏལ་བརྒྱུད་བལ་ཡུལ་དུ་འགྲོ་ཟེར་ནས་རིམ་པར་ཕྱིན་པས། བལ་ཡུལ་དུ་སླེབས་བྷ་དྲ་དང་འཕྲད་པར་བྱས་ཏེ་གཙང་དུ་འོངས། དེ་ནས་ཡར་ལྷ་སར་འོངས་ཏེ་ཆགས་པའི་དབང་གིས་སྐྱེས་པ་བསྡུས་ནས་ཆགས་པ་སྦྱོར་ཏེ། ལོག་པའི་ལམ་མི་དགེ་བའི་ལས་ལ་སྦྱོར་བར་བྱེད་ཅིང་། གཞན་ཡང་འཇིག་རྟེན་པ་ཐམས་ཅད་ལ་མི་དགེ་བའི་ལས་སྣ་ཚོགས་བསླབས་ནས་ངའི་བསྟན་པ་མཐའ་དག་གཤེག་ཅིང་བསླུས་སོ། །ཐམས་ཅད་ཀྱིས་ཨ་མ་ལབ་སྒྲོན་ཡིན་པར་འདུག་ཟེར་དེ་སྐད་དུ་སྨྲ་ཞིང་ང་ཡིན་པར་སེམས་སོ། །དེ་གཉིས་འདུལ་བར་བྱེད་པ་ལ་ཐོད་སྨྱོན་ངེད་མ་བུ་གཉིས་འོངས་ཏེ། དེ་ཡང་ཐོད་སྨྱོན་འདི་དག་པའི་སྒྱུ་ལུས་འོད་གསལ་ཆེན་པོ་མངོན་དུ་བྱས་ཏེ། འོག་མིན་དུ་འཇའ་ལུས་འོད་སྐུར་སངས་རྒྱས་པ་ཡིན་ཀྱང་། སྤྲུལ་པ་ཅིག་འདིར་ཚངས་དབང་རྒྱལ་གྱི་བུར་སྐྱེས་ནས་མིང་ཐོད་སྨྱོན་བསམ་གྲུབ་ཏུ་བཏགས་ཤིང་། དེ་ནས་རིམ་པར་བལ་ཡུལ་གཡར་མོའི་སྟེང་དུ་འབྱོན་ཞིང་ཐོད་པ་བྷ་དྲར་བརྫུས་པ་དེ་འདུལ་བར་བྱེད། འཇིག་རྟེན་མི་ཡུལ་གྱི་འགྲོ་དོན་རེ་ཞིག་རྫོགས་ནས་ཆོས་དབྱིངས་སྐྱེ་བ་མེད་པར་གནས་ཀྱང་། སྐྱེ་བའི་ཆོ་འཕྲུལ་ཐོད་སྨྱོན་གྱི་བུ་མོར་སྟོན་ཏེ་མིང་ལེན་སྟོ་མར་གྲགས་ཤིང་། རིམ་གྱིས་ཅོ་

73b

ལབ་སྒྲོན་འདུལ་བར་བྱེད་དོ། །དེ་ནས་གཟུང་སྟེ་རེ་ཞིག་ཆོས་ལོག་མུ་སྟེགས་ཀྱི་སྤྲུལ་པ་ཆེན་པོ་མི་འོང་བར་འདུག །ཁྱེད་བརྒྱུད་འཛིན་རྣམས་ཀྱི་ཆོས་ལུགས་ལ་སྲོལ་གསུམ་ཡོད་པ་ལས། གསུམ་ཀ་ལ་མཁས་པ་ཐོད་སྨྱོན་དང་སེངྒེ་གཉིས་ཡིན། གཉིས་དང་རེ་རེ་ཙམ་ལེགས་པར་ཤེས་པ་ཁྱེད་ཕོ་མོ་བཅོ་ལྔ་དང་། ནང་གི་སློབ་མ་བཅུ་དྲུག་པོ་འདི་རྣམས་རྒྱུད་གཞུང་བརྡའ་སྐོར་དང་བཅས་པའི་ཁ་ལོང་ཤེས་པ་ཡིན། གཞན་བརྒྱུད་པ་འཛིན་པ་མང་ཡང་རྒྱུད་གཞུང་དང་བརྡ་སྐོར་ཐམས་ཅད་ཤེས་པ་མེད། གདམས་པ་སྐོར་རེ་བ་ཡིན་པས་ཆོས་གང་དུ་དར་ཚུལ་ཀུན་ལ་ལུང་སྟོན་པའི་ཚད་མ་མཆིས་སོ། །ཁྱོད་བཅུ་དྲུག་ལས་ཐོད་སྨྱོན་གྱི་ཆོས་སྐོར་རྣམས་སྟོད་མངའ་རིས་སུ་དར་ཞིང་། མཐར་ཧོར་ཡུལ་བྱང་ཕྱོགས་སུ་དར་ཆ་ཆེ་བ་འོང་། རྒྱལ་བ་དོན་གྲུབ་ཀྱི་དབུས་འདིར་ལན་ཅིག་དར་ཞིང་ཕྱིས་ཁམས་སུ་དར་བ་འོང་། སྟོང་སྡེའི་ལྷོ་བྲག་དུ་དར་ཀྱང་བལ་པོར་དར་བ་འོང་། གྲོལ་སྡེའི་དྭགས་པོ་དང་མྱང་པོ་ལ་དར་ཀྱང་ཕྱིས་ཀོང་པོ་ལ་དར་བ་འོང་། རྩེ་སྟོན་གྱི་གཉལ་དང་ལོ་རོ་ལ་དར་ཞིང་ཕྱིས་མང་ཡུལ་དུ་དར་བ་འོང་། ཆོས་ཀྱི་སེངྒེའི་ལན་གཅིག་གཙང་སྟོད་དུ་དར་ཞིང་ཕྱིས་ཤང་ཁ་ལ་དར་བ་འོང་། དོལ་བཟང་ཐལ་སོགས་ཁོང་བརྒྱད་པོའི་ཕྱོགས་ཐམས་ཅད་དུ་ཐོ་རེ་བ་ཞིག་ལས་ཧ་ཅང་གི་ཁྱབ་ཆེ་བ་མི་འོང་།

74a

༄༅།       །བུ་མོ་བཞིའི་ཆོས་སྐོར་ལན་ཅིག་སྲིན་མོའི་ཡན་ལག་གི་མཐིལ་བཞིར་སྦ་བར་བྱས་ཏེ། མཐར་ཁམས་ཀྱི་སྨད་དུ་འབོར་རབ་སྒང་སྟེང་རྣམས་སུ་དར་བ་འོང་། ཆོས་ལོག་ནི་ཐོད་སྨྱོན་གྱི་ཆོས་སྐོར་ལ་མི་འོང་ཞིང་། ཁྱོད་བཅུ་དྲུག་པོའི་ཆོས་སྐོར་ལ་འོང་བ་ཡིན། ཁྱད་པར་ཁམས་སུ་ཆོས་ལོག་རྒྱས་པ་འོང་། ཆོས་ལོག་དེ་དག་བསལ་བའི་ཕྱིར་དུ་བུ་མོ་བཞིའི་ཆོས་སྐོར་རྣམས་གཏེར་དུ་སྦ་བ་དང་། ཆོས་སེང་གི་ཆོས་སྐོར་ཁ་ཡར་ཅིག་ལྷོ་བྲག་འབྲུག་ཐང་བྲག་ལ་སྦ་བ་དང་། རྣམ་བཤད་མདོར་བསྡུས་དང་། དམ་ཚིག་ཉེར་གཅིག་པ་འདིའི་མཐར་ཆོས་བརྒྱ་རྩ་གཅིག་སྦྱར་བ་སོགས་དཔེ་ཁ་ཤས་ཞིག་སྲིན་མོའི་སྙིང་ཁ་ལྷ་སའི་ལྗོངས་སྐྱོ་ཐང་དུ་སྦ་བར་བྱས་ཏེ། ཕྱིས་ཆོས་ལོག་འབྱུང་བའི་ཚེ་གཏེར་ཆོས་འདི་རྣམས་ཀྱིས་ཆོས་ལོག་སེལ་བའི་རྟེན་འབྲེལ་ཡོད་པ་ཡིན། གཏེར་དུ་མ་སྦས་པའི་དཔེ་བཅོས་བསླད་མ་ཕོག་པ་འགའ་ཞིག་ཆོས་ལོག་དུས་སུ་སྤྱོད་ཀྱང་། རང་ཤུགས་ཀྱིས་ནུབ་ནས་ཉམས་ལེན་བྱེད་མཁན་མི་འོང་། དཔེ་འགའ་ཞིག་ངན་སྤྱོད་ཀྱིས་བསླད་ནས་ཕྱིས་བསལ་དཀའ་ཞིང་ཅིར་ཡང་མི་བཏུབ་པར་སོང་བ་རྣམས་ནི་ངེས་པར་དོར་བྱ་ཁོ་ན་སྟེ། དེ་ལྟ་བས་ན་ཆོས་ལོགས་སེལ་བའི་དབང་པོ་གཏེར་ཆོས་རྣམས་ལ་བྱེད་པ་འོང་བ་ཡིན་ནོ། །ཞེས་གསུངས་སོ། །

(གཅོད་ཡང་དག་བསྟན་པ།)

དེ་ལྟ་བུའི་གཅོད་ལོག་གིས་མ་

74b

གོས་པའི་རྟགས་གང་ཡོད་སྙམ་ན། གཅོད་ནི་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་འཁོར་འདས་ཀྱི་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་གཉིས་ཟུང་དུ་འཇུག་པ་གཞིར་བཞག །དེའི་སྟེང་དུ་གསང་ཆེན་བླ་ན་མེད་པའི་ལམ་རིམ་པ་གཉིས་དང་ལྡན་པ། འཇིག་རྟེན་ཚེ་འདིའི་བྱ་བཞག་ངན་སྐྱུགས་བཞིན་དུ་དོར་ནས་དུར་ཁྲོད་དང་རི་ཁྲོད་ཕྱོགས་མེད་དུ་ཉུལ་བ་ཞིག་དགོས། མ་ཅིག་གི་ཞལ་ནས། ངོ་བོ་ངེས་ཚིག་དང་ལྡན་པ་ང་ཡི་བསྟན་པ་སྟེ། གསུངས་པ་ལྟར་ངོ་བོ་སྣང་སྲིད་འཁོར་འདས་ལྷ་འདྲེ་བདག་གཞན་ཐམས་ཅད་སྐྱེ་མེད་ཀ་དག་ཏུ་རྟོགས་པ། ངེས་ཚིག་སྲིད་པའི་རྩ་བ་བདག་ལྟ་ལྷན་སྐྱེས་ཉོན་མོངས་པ་ཅན་གྱི་མ་རིག་པ་སོགས་རྟེན་འབྲེལ་བཅུ་གཉིས་ཀྱི་ཡ་གྱལ་དེ་ཀ་སྙེམས་བྱེད་གཅོད་བྱ་ཡིན་ལ། གཅོད་བྱེད་རང་རིག་ཡེ་ཤེས་སོ། །དབྱེ་བ། གཉན་ས་རི་ཁྲོད་འགྲིམས་པ་ཕྱི་ཡི་གཅོད། །ཕུང་པོ་གཟན་དུ་བསྐྱུར་བ་ནང་གི་གཅོད། །ཉག་གཅིག་རྩད་ནས་གཅོད་པ་དོན་གྱི་གཅོད། །ཅེས་གསུངས་པ་ལྟར་རོ། །འོ་ན་རྒྱུ་ཕ་རོལ་ཏུ་ཕྱིན་པའི་བྱང་ཆུབ་ཀྱི་སེམས་གཉིས་ཀྱི་སྟེང་དུ། གསང་སྔགས་རྡོ་རྗེ་ཐེག་པའི་རིམ་གཉིས་དགོས་ན་གཅོད་ཅེས་ཟུར་སྐད་མི་འཐད་སྙམ་ནམ་ཡིན་ཏེ། ལམ་དེ་རྣམས་ཕྱི་དུས་སུ་མ་བཞག་པ་གཙོ་བོ་སེམས་ཀྱི་འཁུ་འཁྲིགས་བཙན་ཐབས་སུ་གཅོད་པ། རྐྱེན་ངན་པ་མི་མཐུན་འགལ་རྐྱེན་བར་ཆད་ཐམས་ཅད་ལམ་དུ་ཁྱེར་བ། གྲོགས་སུ་བཅོལ་བ། བདུད་བཞི་

75a

༄༅།       །ཅིག་ཅར་དུ་གཅོད་ཅིང་མཐུན་རྐྱེན་ཐམས་ཅད་བློས་བཏང་ནས། མི་སློབ་པའི་ཟུང་འཇུག་ཞག་གཅིག་གིས་རྟོགས་པར་བྱེད་པའི་ཁྱད་པར་རོ། །མདོ་སྔགས་ཟུང་དུ་འཇུག་པའི་ཆོས་དེ་རྣམས་ཀྱང་གཞན་ལ་ལྟོས་མི་དགོས་པ་ཡོད་དེ། དེ་ཡང་ཟུང་བཞི་ཡ་བརྒྱད་དུ་གྲགས་པས། ཕ་བརྒྱུད་མ་བརྒྱུད་གཉིས། བཀའ་བརྒྱུད་ཉམས་བརྒྱུད་གཉིས། ས་ཆོས་གནམ་ཆོས་གཉིས། རྒྱ་ཆོས་བོད་ཆོས་གཉིས་ལས། ཡང་ནང་གསེས་ཀྱིས་དབྱེ་ན། གཞུང་ཊིཀ་ཅན་དང་ཁ་འཐོར་ཊིཀ་མེད་གཉིས། མདོ་ལུགས་དང་སྔགས་ལུགས་གཉིས། ཟུང་འཇུག་དང་མདོར་བསྡུས་གཉིས། བཀའ་མ་དང་གཏེར་མ་གཉིས་ཏེ་ཟུང་བཞི་ཡ་བརྒྱད་དུ་འདུས་སོ། །དེ་ཡང་རྒྱལ་བ་དོན་གྲུབ་ལ་མདོ་ལུགས་གཙོ་བོར་གསུངས། ཐོད་སྨྱོན་བསམ་གྲུབ་ལ་སྔགས་ལུགས་གཙོ་བོར་གསུངས། ཁུ་སྒོམ་ཆོས་སེང་ལ་མདོ་སྔགས་ཟུང་འཇུག་ཏུ་གསུངས་ཤིང་། དེ་ནས་རིམ་བཞིན་བརྒྱུད་དེ་ཕྱིས་སུ་གྲུབ་ཆེན་ཀརྨ་པཀྴི་ནས་གནམ་མཚོ་བ་དང་། རྗེ་རང་བྱུང་རྡོ་རྗེ་སོགས་ནས་བརྒྱུད་རིམ་གོང་དུ་སྨོས་པ་ལྟར་མདོ་སྔགས་ཟུང་འཇུག་ཏུ་བརྒྱུད་པ་འདི་ད་ལྟའི་བར་དུ་དར་ཆ་ཡང་ཤིན་ཏུ་ཆེའོ། །ཡང་དོན་ཡོད་རྡོ་རྗེ་ནས་སྔགས་ལུགས་གཙོ་ཆེ་བ་ཟབ་དོན་དུ་གྲགས་པ་ནི། རྙིང་ཕྱོགས་ཀུན་དང་དགེ་ལྡན་སོགས་ཡོངས་ལ་གྲགས་པ་འདི་རྣམས་

75b

ཡིན་ཅིང་། དེའི་བརྒྱུད་རིམ་ཆོས་རྒྱལ་གཏེར་བདག་གླིང་པ་ནས་བདག་གི་བླ་མ་རྣམ་གཉིས་ཀྱི་བར་དུ་བརྒྱུད་འདེབས་སུ་གསལ་ལོ། །པཎ་ཆེན་དོན་ཡོད་རྡོ་རྗེ། སངས་རྒྱས་བསྟན་པ། འཇམ་དབྱངས་མགོན་པོ་རྣམས་མཚན་གྱི་རྣམ་གྲངས་ཡིན་ཡང་། ཁ་ཅིག་སོ་སོར་འཁྲུལ་ནས་བླ་མ་གཉིས་ཀྱི་བརྒྱུད་འདེབས་བྱས་པའང་འདུག །ཡང་བཀའ་བབས་ཀྱི་བུ་ཆེན་བཅུ་དྲུག་ངོས་འཛིན་ཚུལ་ནི། སྲས་པོ་གསུམ་སྲས་མོ་ལྔ་རང་དང་མཉམ་པའི་སྲས་བརྒྱད་དེ་བཅུ་དྲུག་གོ །དེ་ཡང་སྐུ་ལས་འཁྲུངས་པའི་སྲས་གསུམ་བཞུགས་པ་ལས་ཉི་ཟླ་ལྟ་བུ་གཉིས་ནི། ཐོད་སྨྱོན་བསམ་གྲུབ་བམ་རྗེ་བཙུན་ཟིལ་གནོན་ཆེན་པོ་དང་། གྲུབ་པེའམ་རྒྱལ་བ་དོན་གྲུབ་བོ། །སྲས་མོ་ལ་འདུས་སྒྲོན་མ་དང་གསུམ། ཐུགས་སྲས་ཁུ་སྒོམ་ཆོས་ཀྱི་སེངྒེ་དང་བཞི། སྲས་མོ་བཞི་ནི། ལབ་ལུང་བར་གྱི་འགྲོ་མཚོ་རྒྱན། གངས་པར་རྩེ་གྲོང་གི་ཞང་དཔལ་ལྡན་འཇམ་དཔལ་རྒྱན། སྣོན་སྡེའི་རྡོ་ཚ་འབུམ་མཚོ་རིན་ཆེན་རྒྱན། འཕན་ཡུལ་ཉང་མོ་བསོད་ནམས་རྒྱན་ཏེ་ཤེར་ཕྱིན་མཛེས་པར་བྱེད་པའི་རྒྱན་བཞིར་གྲགས། མཉམ་པའི་སྲས་བརྒྱད་ནི། མཁྱེན་པ་རང་དང་མཉམ་པ་དྭགས་པོ་རོང་གི་སྐྱེ་མེད་དགའ་ཡན། རྟོགས་པ་མཉམ་པ་ལ་སྟོད་ཕ་དྲུག་གི་བུ་ཕོ་སྐོར་སེངྒེ། བྱིན་རླབས་མཉམ་པ་བྱང་སྨྲྀ་ཏིའི་སྨྱོན་པ་རང་སངས། བརྟུལ་ཞུགས་མཉམ་པ་བསམ་ཡས་པ་དོལ་པ་ཟངས་ཐལ། ནུས་པ་མཉམ་པ་ལྷོ་

76a

༄༅།       །བྲག་ལྟམ་ཤུལ་གྱི་ཞིག་བོ་ཧུར་ཐོན། ཐུགས་རྗེ་མཉམ་པ་འཕན་ཡུལ་གྱི་སྐལ་ལྡན་སེངྒེ་། མངོན་ཤེས་དང་རྫུ་འཕྲུལ་མཉམ་པ་མ་གྲོའི་རྒྱ་སྒོམ་ཧག་སྟོན། འགྲོ་དོན་མ་དང་མཉམ་པ་ཀོང་པོའི་རྗེ་བཙུན་ཟིལ་གནོན་དང་བརྒྱད་དོ། །སྟོང་སྡེ་ངག་གི་དབང་ཕྱུག་དང་གྲོལ་སྡེ་རྒྱལ་བའི་འབྱུང་གནས་གཉིས་ལུགས་གཞན་དུ་བུ་ཆེན་བཅུ་དྲུག་གི་གྲངས་སུ་འདུག་ཀྱང་སྐབས་འདིར་བརྒྱུད་འཛིན་བརྒྱ་རྩའི་གཙོ་བོར་བཞེང་། ཡང་གཉན་ཆུང་ལོ་ཙྪ་བ་དང་གྲ་བ་ཧར་ཐོན་ཞེས་པ་བརྒྱུད་འདེབས་ལ་ལེགས་པར་མ་དཔྱད་ན་སོ་སོར་གོ་ཉེན་འདུག་པས། མཚན་གཉིས་སུ་འཁྲུལ་པར་མི་བྱ་ཞིང་། རྒྱལ་བའི་སྲས་ཁམ་བུ་ཡག་ལེགས་ཀྱི་བླ་མར་གྱུར་པ་དེ་ཉིད་ཡིན་ནོ། །བདག་གི་བླ་མ་རྣམ་གཉིས་ཀྱི་རྣམ་ཐར་ནི་བསམ་གྱིས་མི་ཁྱབ་ཅིང་བརྗོད་ཀྱིས་མི་ལང་པ་ལགས་ཀྱང་། འདིར་རགས་བསྡུས་ཙམ་བརྗོད་ན། མངའ་བདག་ཡེ་ཤེས་རྒྱ་མཚོ་ནི། འཁྲུངས་ཡུལ་དཀར་མཛེས་ཆུ་ལེན་ལ་མགོ་ཚང་བྱ་བར། ཡབ་བཀྲ་ཤིས་དང་ཡུམ་གྲ་ཁོ་མཚོ་བྱ་བ་གཉིས་ལ་སྲས་གསུམ་ཡོད་པའི་འབྲིང་པོ་ལགས་ཤིང་། སྐུ་བལྟམས་པའི་དུས་བྲག་བླ་མ་ཞེས་པ་བསྐྱེད་རྫོགས་ལ་མངའ་བརྙེས་པ་ཞིག་བཞུགས་པའི་ཞལ་ནས། མདང་ངའི་རྨི་ལམ་དུ་ཙོང་ཁ་བརྒྱད་ཅུའི་ཐང་སྐུ་འདི་ལས་སེང་གེ་དཀར་མོ་ཅིག་ཐོན་ནས་རྗེ་ཀརྨ་པའི་སྐུ་འདི་ལ་

76b

ཐིམ་སོང་བ་རྨིས་པས། དེས་ན་ཁྱེའུ་འདི་ཀརྨ་པ་ཡིན་པར་ངེས་གསུངས། དེ་ཡང་གཟུགས་མཛེས་ཤིང་ལྟ་ན་སྡུག་པ་ནི་ཀུན་གྱི་ཡིད་དུ་འོང་ཞིང་། གཞོན་ནུ་ནས་ཆོས་དང་འཇིག་རྟེན་གྱི་བྱ་བ་གང་ལ་ཡང་ཐོགས་པ་མེད་པར་མཁྱེན་པ་ཞིག་སྟེ། དགུང་ལོ་ཉེར་གསུམ་ལ་ལྕགས་ཕྲུག་སྟག་ཟེར་བཞིག་གི་ཆུང་མ་དབང་ཤེད་ཀྱིས་ཁབ་ཏུ་བཞེས། ཉེར་བཞི་པ་ལ་ལྷ་ལྡན་དུ་ཚོང་དང་གནས་མཇལ་ལ་བྱོན་པའི་སྐབས་སུ། བཟང་ཇ་རྟ་ཁལ་བརྒྱ་ལྷག་ཙམ་དང་བཅས་ཏེ་ལམ་དུ་ཞུགས་པ་ལས། དེང་ཁོག་ཉི་མའི་གདན་སྟེང་སར་སླེབ་པ་དང་། མར་ཟུར་བ་དང་མགུ་ལོག་སྟོང་པ་གཉིས་མཁོན་ཡོད་པས་མགུ་ལོག་པའི་དམག་གིས་མི་ནོར་དང་བཅས་པ་མགུ་ལོག་ཏུ་ཁྲིད། སྐུ་རྒྱན་གསེར་དངུལ་ཐམས་ཅད་བཀྲོལ་ཏེ་ལམ་དུ་ཁལ་མ་ལ་བསྡམས་ནས་སྙི་ཆུ་ལ་བསྐྱུར་བས། དེའི་ཚེ་བུད་མེད་རིན་པོ་ཆེའི་རྒྱན་ལྡན་ལྔས་ཕྱག་ནས་བཟུང་བའི་ཐུགས་སྣང་ཤར་མ་ཐག་ཏུ་ཆུའི་ཕར་ཀར་སླེབས། ཤོར་གྱིས་དོགས་ཏེ་ཟླ་བོ་དང་བཅས་པ་དོང་དུ་བཅུག་སྟེ་བསྲུང་མི་བཞག་པར་བྱས། རེ་ཞིག་ནས་མི་ཚང་རྣམས་ཀྱིས་ཟླ་བ་རེ་རེ་ཉར་བྱས། ལོ་གཅིག་སོང་བ་དང་མར་ཟུར་པ་དང་གྱོད་འགྲིགས་ཏེ་རྟ་དང་མེ་མདའ་ལུས་ཆས་རྣམས་སྤྲད་ནས་རང་ཡུལ་དུ་བཏང་། མགུ་ལོག་ཏུ་བཞུགས་ཚེ་རྡོ་གྲུབ་ཆེན་རིན་པོ་ཆེའི་བུ་སློབ་རྣམས་དང་འཕྲད་ནས་རྣམ་ཐར་ཐོས་པས་སྔོན་གྱི་ལས་སྨོན་སད་དེ། ཚེ་

77a

༄༅།       །འདིའི་བདེ་སྐྱིད་དང་བྱ་བ་ལ་སྙིང་པོ་མི་འདུག་པས། བླ་མ་དེ་དང་མྱུར་དུ་མཇལ་ཚེ་འདི་བློས་བཏང་ནས་རི་ཁྲོད་ཕྱོགས་མེད་དུ་འགྲིམ་ཞིང་། ཚེ་གཅིག་གི་སངས་རྒྱས་ཐོབ་པ་ཞིག་བྱ་དགོས་དགོངས་ཏེ་ཞེ་དམ་དྲག་པོ་ཡང་ཡང་མཛད་ནས་དཀོན་མཆོག་གཟུ་དཔང་བཞག །དགུང་ལོ་ཉེར་ལྔ་ལ་ཁྱིམ་གཞིས་ཆ་གསུམ་དུ་བཏང་ནས། ཆ་གཅིག་བླ་མ་དང་། ཆ་གཅིག་བུད་མེད་དང་། ཆ་གཅིག་རང་གི་ཆོས་སྒྲུབ་པའི་མཐུན་རྐྱེན་དུ་བཞག་སྟེ། བུད་མེད་ལ་ཁྱེད་ཀྱིས་ཁྱིམ་གཞིས་གཟུང་ལ་ཁྱིམ་ཐབ་གྱིས་ཤིག །བདག་དམ་པའི་ཆོས་ཞིག་མ་བྱས་པའི་ཐབས་མི་འདུག་བྱས་པས། མོ་ན་རེ། དེ་ལྟའི་ཁ་ཆད་མེད་ཅིང་ཁྱད་པར་མི་གཞན་ལས་འཕྲོགས་པ་ཡིན་པས་དེ་ལའང་ངོ་ཚ། ངས་ཆོས་ཀྱི་བར་ཆད་ནི་མི་བྱེད་ཁྱོད་ཆོས་བསྒྲུབ་ན་ང་ཡང་དེ་ལས་འོས་མེད་ཟེར་མ་ཉན་པས། འོ་ན་རང་རེ་ཕོ་མོ་གཉིས་འགྲོགས་ཆོས་ཀྱི་བར་ཆད་ཡིན་པས། བླ་མར་དགོས་པ་མེད་ཀྱང་རང་གཞན་ཚོགས་རྫོགས་པའི་ཕྱིར་བླ་མ་ལ་འབུལ་བ་ཡིན་བྱས་པས། ཆོས་བྱུང་ན་གང་ལྟར་བྱས་ཀྱང་རུང་ཟེར། དེ་ནས་ཁང་མར་བླ་མ་ལ་ལོ་རྒྱུས་ཞིག་སྙད་དགོངས་ཏེ་དྲུང་དུ་ཕྱིན་པས་བླ་མས་མཁྱེན་ནས། ཧ་ཧ་ཁྱོད་ཀྱི་བླ་མ་ལྤགས་ཚག་གྱོན་པ་དེའི་སར་རྒྱུག་གསུང་ཞིང་ཐོད་པ་དུམ་བུ་གཅིག་པ་ཞིག་རིན་པོ་ཆེ་དང་གྲོས་བཀང་སྟེ་

77b

གནང་། དེ་ནས་གཞན་སུས་ཀྱང་མ་ཚོར་བར་བྱས་མཚན་མོ་རྟ་དྲེལ་ལ་ཆས་བཀལ་ཏེ་རྡོ་གྲུབ་སྒར་དུ་བྱོན། རང་གི་ཁྱིམ་ཐབ་དེ་ཉིད་ཀྱིས་གཙོས་པའི་རྒྱུ་དངོས་ཅི་ཡོད་མ་ལུས་པར་བརྒྱ་འབུལ་གཅིག་ཏུ་བྱས་ཏེ་བླ་མ་ལ་ཕུལ་ཞིང་། ཁྱིམ་ཐབ་དེའི་གཙུག་ཕུད་བཞེས་དགོས་པའི་ཞུ་བ་ཕུལ་བས་རེ་ཞིག་མི་འོང་གསུངས། བུད་མེད་དེའི་ལུས་སྦྲུམ་མ་ཡིན་པར་དགོངས་པ་ལགས། ཕྱིས་ཟླ་བ་བཅུ་ནས་བུ་མོ་ཞིག་བཙས་སོ། །དེ་ནས་བླ་མའི་ཞལ་ནས། ད་ནི་སྐྲ་བཅད་མིང་སྤོས་ལུས་བསྒྱུར་བ་ཡིན་གསུངས་ཏེ་མིང་བསོད་ནམས་དཔལ་མོར་བཏགས། གཉིས་ཀ་ལ་ཀློང་ཆེན་སྙིང་ཐིག་དང་གཅོད་ཡུལ་གྱི་མན་ངག་མ་ལུས་པ་གནང་། མཚན་ཡེ་ཤེས་རྒྱ་མཚོ་འཕྲིན་ལས་ཐོགས་མེད་རྩལ་དུ་གསོལ། ཐུགས་སྲས་ཟླ་བ་ལྟ་བུ་འཁོར་ལོ་སྡོམ་པ་མི་གཟུགས་སུ་གྲུབ་པ་ཡིན་གསུངས། བླ་མའི་ཞབས་རྩར་ལོ་བཞི་ཙམ་བཞུགས། དེའི་ཚེ་བླ་མའི་ཞལ་ནས། ཁྱེད་རང་ཙ་རི་བསྐོར་ནས་དྭགས་ལྷ་སྒམ་པོར་ནཱ་རོ་ཆོས་དྲུག་ཞུ་རུ་སོང་གསུངས། དེ་ལྟར་བྱས་ཏེ་དབུས་གཙང་གནས་ཆེན་རྣམས་སུ་གནས་འབྲེལ་མཛད་དེ་སླར་ཁམས་སུ་བྱོན། རྫོགས་ཆེན་རིན་པོ་ཆེས་ཁྱེད་རས་ཆུང་པ་དངོས་སུ་འདུག་གསུང་ནས་དབུ་བཏུགས་མཛད། རྡོ་གྲུབ་རིན་པོ་ཆེ་ཆོས་དབྱིངས་སུ་གཤེགས་ཚར་བའི་སྐུ་གདུང་གི་ཆ་རྐྱེན་རྣམས་ལེགས་པར་

78a

༄༅།       །བསྒྲུབས། དེ་ནས་གནས་ཆེན་གངས་ཁྲོད་ལྷ་མོ་ཕུག་ཏུ་ལོ་དྲུག་བཞུགས། རྩ་རླུང་ལ་རང་དབང་ཐོབ་པར་གྱུར། སྒྱུ་ལུས་ལ་མངའ་བརྙེས་ཤིང་འོད་གསལ་རྫོགས་པ་ཆེན་པོའི་རྟོགས་པ་མངོན་དུ་གྱུར་པར་མཛད། དེ་བེའི་ཁྲི་ཆེན་ཕུག་པར་ཕུར་པ་རྒྱུད་ལུགས་ཀྱི་བསྙེན་པ་དུང་ཕྱུར་གསུངས། སྟོང་འཁོར་གནས་སུ་ལོ་གཅིག་བཞུགས། རོང་མཚར་དུ་རི་ཁྲོད་གཅིག་བཏབ་སྟེ་གཏན་དུ་སྐུ་མཚམས་ཁོ་ན་ལ་བརྩོན་པར་བཞུགས་ཤིང་། སྐུ་མདུན་དུ་བྱུང་ཚད་ལ་ཆོས་འབྲེལ་དང་སྨོན་ལམ་ཕུན་སུམ་ཚོགས་པར་མཛད་པ་དང་། གཞན་ཡང་ནད་གདོན་དྲག་པོས་གཟིར་བ་ལ་ཐུགས་གཏད་པ་ཙམ་གྱིས་མྱུར་དུ་གྲོལ་བ་དང་། ཐག་རིང་གི་ཚེ་འདས་རྣམས་ལ་རྒྱང་འཕོ་མཛད་པའི་ཚེ་རོ་འགུལ་བ་དང་། ཀཱ་ལིར་ཚལ་པ་བྱུང་བ་སོགས་མཐོ་རིས་སུ་དྲངས་རྟགས་ཀུན་གྱི་མཐུན་སྣང་དུ་གྲུབ་པ་དང་། ལྷ་ཀླུ་གནོད་སྦྱིན་སོགས་འདས་མ་འདས་ཀྱི་ལྷས་དཀོར་ནོར་སྤེལ་བ། བར་དོའི་རྣམ་ཤེས་བཀུག་སྟེ་སྲིའུ་སྤེལ་བ། རྐུན་ཇག་སོགས་ལ་ཐོག་སེར་དྲག་པོས་ཚར་བཅད་པ་སོགས་འཕྲིན་ལས་ཐོགས་པ་མེད་པ། སྐུ་ལུས་ཟང་ཐལ་དུ་བྱུང་བས་འབྱུང་བ་བཞིས་གནོད་པས་མི་ཚུགས་ཤིང་། བཙན་དུག་ཁྱོར་གང་ཙམ་བཞེས་ཀྱང་ཉམས་ཉེས་མི་འབྱུང་བ། ཐུགས་བཟའ་གཏད་

78b

དང་བྲལ་ཞིང་འཇིག་རྟེན་གྱི་མི་དང་སྤྱོད་ལམ་མི་མཐུན་པ་སོགས་ངོ་མཚར་བའི་གནས་བརྗོད་ཀྱིས་མི་ལང་ངོ་། །དེ་ནས་དགུང་ལོ་རེ་གཅིག་ལ་ཕེབས་པའི་ཚེ་བླ་མའི་ཞལ་ནས། ང་རྫོགས་པ་ཆེན་པོའི་རྣལ་འབྱོར་གྱི་ཤི་ལུགས་རབ་འབྲིང་གསུམ་ཡོད་པའི་ནང་ནས་སྤྲང་པོ་ལྟར་ཤི་བ་ཡིན་གསུངས་ཏེ། སྐུའི་བཀོད་པ་རེ་ཞིག་བསྡུ་བར་མཛད་ཅིང་། ཐུགས་ནང་གསལ་གཞོན་ནུ་བུམ་པའི་སྐུར་མངོན་དུ་མཛད་པར་གྱུར་ཏོ། །དེའི་ཚེ་ནམ་མཁའ་ཤིན་ཏུ་གཡའ་དག་ཅིང་ས་གཞིར་དྲོད་སྐྱེས། སྐུ་གདུང་ཞུགས་ལ་ཕུལ་བས་གདུང་མཁར་མདའ་ལྟར་ཚུགས། གདུང་ཆེན་སྨུག་པོ་སོགས་འབྱོན་པས། གདུང་གཡོག་པ་དགེ་ཕྱོགས་ཀྱི་གྲྭ་པ་ཡིན་པས་སྒྲུབ་པ་ལ་འདི་འདྲ་བྱུང་ན་ལྟས་ངན་ཡིན་ཟེར་གདུང་མཁར་བཤིག་ཅིང་། གདུང་ཆེན་རྣམས་སྦས་པ་བྱུང་། སླར་གདུང་རུས་རྣམས་སཙྪ་བཞེངས་པ་སོགས་རྗེས་ཀྱི་བྱ་བ་རྣམས་ལེགས་པར་གྲུབ་པ་ཡིན་ནོ། །        ། །