ཞི་བྱེད་ཆོས་འབྱུང་།
བཞི་པ། ཞི་བྱེད་བརྒྱུད་པའི་ལོ་རྒྱུས།
上一章
(བཞི་པ། ཞི་བྱེད་བརྒྱུད་པའི་ལོ་རྒྱུས།)
༈བཞི་པ་ཞི་བྱེད་བརྒྱུད་པའི་ལོ་རྒྱུས་ནི། མདོ་སྡེ་གདམས་ངག་འབོགས་པའི་རྒྱལ་པོ་ལས། རྒྱུ་ལ་མོས་པ་རྒྱུ་ཆོས་ཀྱི། །འཁོར་ལོ་རབ་ཏུ་བསྐོར་བྱས་ནས། །རྡོ་རྗེ་ཐེག་པའི་ཉེ་ལམ་ཞིག །མ་འོངས་དུས་ན་འབྱུང་བར་འགྱུར། །ཞེས་དང་། ཀུན་བྱེད་རྒྱལ་པོ་ལས། ཐེག་པ་རྣམ་པ་གཉིས་ཡིན་ཏེ། །མཚན་ཉིད་རྒྱུ་ཡི་ཐེག་པ་དང་། །འབྲས་བུ་རྡོ་རྗེ་ཐེག་པའོ། །ཞེས་པ་ལྟར་གཉིས་ལས་འདི་ཕྱི་མ། དེ་ལ་རྒྱ་གར་འཕགས་པའི་ཡུལ་དུ་གསང་སྔགས་གསར་རྙིང་གཉིས་སུ་འབྱེད་པའི་སྲོལ་མེད་ནའང་། གངས་ལྗོངས་འདིར་འགྱུར་སྔ་ཕྱིའི་དབང་གིས་གསང་སྔགས་གསར་རྙིང་ཞེས་གཉིས་སུ། གྲགས་ཏེ། དེ་ཡང་རྒྱལ་བློན་སྔ་དར་གྱི་དུས་སུ་འཕགས་བོད་ཀྱི་པཎ་གྲུབ་ཤིང་རྟའི་སྲོལ་འབྱེད་ཆེན་པོ་རྣམས་ཀྱིས་བསྒྱུར་བཤད་ཀྱིས་གཏན་ལ་ཕབས་པ་རྣམས་ལ་གསང་སྔགས་རྙིང་མ་དང་། ཕྱིས་ལོ་ཆེན་རིན་ཆེན་བཟང་བོས་འགྱུར་འགོ་བརྩོམ་པ་ནས་བཟུང་སྟེ་པཎ་གྲུབ་ཆེན་པོ་རྣམས་ཀྱིས་དར་རྒྱས་སུ་མཛད་པ་རྣམས་ལ་གསང་སྔགས་གསར་མ་ཞེས་ཡོངས་སུ་གྲགས་པ་ལས་འདི་ཕྱི་མ་ཡིན། དེ་ལ་ཡང་རྒྱུད་སྡེ་ཆེན་པོ་བཞི་ལས་འདི་རྣལ་འབྱོར་བླ་ན་མེད་པའི་རྒྱུད། དེ་ལའང་ཕ་མ་དང་གཉིས་མེད་སོགས་རྒྱུད་ཀྱི་བཞུགས་ཚུལ་ལམ་དབྱེ་བསྡུ་ཇི་སྙིད་མཆིས་པ་ལས་འདི་ནི་ཨཱ་ལི་ཀཱ་ལི་ཆུ་ཀླུང་
82b
ཆེན་པོའི་རྒྱུད་ཀྱི་དགོངས་དོན་དངོས་དང་། གཞན་ཡང་འཇམ་དཔལ་ལས་ཀྱང་ཐུགས་གསུང་སྐུའི་འབྲས་བུ་མངོན་དུ་བྱ་ཚུལ་དུ་མ་གསུངས་པ་ལས་འདི་ཐུགས་ཀྱི་འབྲས་བུ་དང་། དེ་ལ་ཡང་ཡེ་ཤེས་མཐར་ཕྱིན་པ་སོགས་ཁྱད་པར་ལྔ་ཡོད་པ་ལས་སྐབས་འདིར་གསུམ་པ་དེ་རྟོགས་པའི་ཕན་ཡོན་ནི། མཚན་བརྗོད་ལས། ཡེ་ཤེས་དབང་བསྐུར་ཅོད་པན་ཅན། །རྫོགས་པའི་སངས་རྒྱས་རྒྱན་དུ་ཐོགས། །སྡུག་བསྔལ་གསུམ་གྱི་སྡུག་བསྔལ་ཞི། །གསུམ་སེལ་མཐའ་ཡས་གྲོལ་གསུམ་ཐོབ། །ཅེས་པའི་དོན་ཡིན་ལུགས་གཉིས་སུ་མེད་པར་རྟོགས་པས་ཉོན་མོངས་པ་ལྔ་མ་སྤངས་པར་རང་སར་གྲོལ་བ་ནི། བུམ་པ་ལ་སོགས་པའི་དབང་ལ་ལྟོས་མི་དགོས་པར་ཡེ་ཤེས་ཆིག་རྫོགས་ཀྱི་དབང་ཐོབ་པ་ཞེས་བྱ་སྟེ། ཇི་སྐད་དུ། སེམས་ཀྱི་ཆོས་ལ་དབང་ཐོབ་ན། །རྫས་ཚིག་མཚན་མའི་དབང་རྣམས་ཀུན། །མ་བསྐུར་ཀྱང་ནི་ཐོབ་པར་འགྱུར། །ཞེས་པ་ལྟ་བུ་དང་། རྫོགས་པའི་སངས་རྒྱས་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཚད་མེད་པ་བཞི་དང་། སྦྱིན་སོགས་ཕ་རོལ་ཏུ་ཕྱིན་པ་དྲུག་གམ་བཅུ་རྫོགས་ཏེ་ཡེ་ཤེས་ལྔ་མངོན་དུ་གྱུར་པས། དེའི་གཟུགས་བརྙན་སངས་རྒྱས་ལྔར་ཤར་བ་གསལ་ཞིང་མཛེས་པའི་ཕྱིར་རྒྱན་དུ་ཐོགས་ཞེས་པའོ། །སྡུག་བསྔལ་ཞེས་སོགས་ནི། དེ་ཉིད་རྟོགས་པས་རྩ་བ་དུག་གསུམ་
83a
༄༅། །དང་། དེས་བསྐྱེད་པའི་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་དང་། འགྱུར་བའི་སྡུག་བསྔལ་དང་། སྡུག་བསྔལ་གྱི་སྡུག་བསྔལ་ཏེ་གསུམ་ཞི་ཞིང་བསལ་ནས། འགྲོ་བ་མཐའ་ཡས་པའི་དོན་གནས་སྐབས་སུ་ཉན་རང་བྱང་སེམས་གསུམ་གྱི་གྲོལ་བ་ཐོབ་པ་དང་། མཐར་ཐུག་འབྲས་བུ་སྐུ་གསུམ་ཐོབ་ཞེས་པའོ། །རྗེ་བཙུན་མི་ཕམ་མགོན་པོས་ཀྱང་། །འགྲོ་བ་སྡུག་བསྔལ་གདུངས་པ་ལ། །ཞི་བྱེད་བསིལ་ལྡན་དྲི་མེད་བཤད། །ཅེས་གསུངས་པ་ལྟར་བྱེད་ལས་ལ་མིང་དུ་བཏགས་པ་དང་། སྤྱི་མིང་སྒོས་སུ་ཐོགས་པ་དམ་ཆོས་སྡུག་བསྔལ་ཞི་བྱེད་ཀྱི་ཆོས་སྐོར་དེ་ལ་ཡང་། སྤྱིར་བཀའ་བབས་ཀྱི་ཤིང་རྟའི་སྲོལ་འབྱེད་ནམ་མཁའི་རྒྱུ་སྐར་ལྟ་བུ་ལས་འདི་ནི་རྗེ་བཙུན་རྒྱ་གར་དམ་པའི་ལུགས་ཡིན་ཅིང་། དེ་ཡང་རྗེ་བཙུན་དམ་པ་རིན་པོ་ཆེ་དེ་ཉིད་དེས་དོན་ཡིན་ལུགས་ཀྱི་དབང་བྱས་ན། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ངོ་བོ་ལས་མ་གཡོས་བཞིན་དུ། ཐུགས་རྗེའི་རང་རྩལ་མ་འགགས་པའི་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པ་གང་ལ་གང་འདུལ་གྱི་རྣམ་པར་རོལ་པས་གདུལ་བྱ་སོ་སོའི་སྐལ་བ་དང་འཚམས་པར་དོན་མཛད་དེ། ཕལ་པོ་ཆེ་ལས། ཀྱེ་རིགས་ཀྱི་བུ་དེ་བཞིན་གཤེགས་པའི་སྤྲུལ་པ་ནི་ཚད་མེད་དེ། འགྲོ་བ་གང་དང་གང་གིས་འདུལ་བ་དེ་དང་དེའི་གཟུགས་དང་། ཁ་དོག་དང་མིང་གིས་དོན་
83b