བུ་སྟོན་ཞབས་ཀྱིས་མཛད་པའི་བདེ་མཆོག་ཆོས་འབྱུང་།
༡. སྦྱང་བྱ་འདོད་ཆགས་རིགས་བཞིའི་སྒོ་ནས་རྒྱུད་སྡེ་བཞིར་དབྱེ་བ།
上一章
下一章

(༡. སྦྱང་བྱ་འདོད་ཆགས་རིགས་བཞིའི་སྒོ་ནས་རྒྱུད་སྡེ་བཞིར་དབྱེ་བ།)

སམྤུ་ཊ་ལས། རྒོད་དང་ལྟ་དང་ལག་བཅངས་དང་། །གཉིས་གཉིས་འཁྱུད་དང་རྣམ་པ་བཞི། །སྲིན་བུའི་ཚུལ་གྱིས་རྒྱུད་བཞིར་གནས་ཞེས་གསུངས་པས། འདོད་པ་ཁམས་ན་འདོད་ཆགས་རིགས་བཞི་སྟེ། མཛོད་ལས། གཉིས་གཉིས་འཁྱུད་དང་ལག་བཅངས་དང་། །རྒོད་དང་བལྟས་པས་འགྲིག་པ་ཡིན་ཞེས་སུམ་ཅུ་རྩ་གསུམ་པ་མན་ཆད་གཉིས་གཉིས་འཁྱུད་པ་དང་། འཐབ་བྲལ་པས་འཁྱུད་པ་དང་། དགའ་ལྡན་པ་ལག་པ་བཅངས་པ་དང་།

9a

༄༅།        །འཕྲུལ་དགའ་བ་རྒོད་པ་དང་། གཞན་འཕྲུལ་དབང་བྱེད་པ་བལྟས་པས་ཚིམས་པའི་འདོད་ཆགས་ཡོད་ལ། གཟུགས་ཁམས་ཡན་ཆད་འདོད་པ་ལ་འདོད་ཆགས་དང་བྲལ་བའི་ཚུལ་དུ་གནས་སོ། །དེ་ལ་འདོད་ཆགས་དང་བྲལ་བའི་གང་ཟག་གདུལ་བར་བྱ་བའི་ཕྱིར་དུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་བསྟན་ཅིང་། འདོད་ཆགས་ཅན་གྱི་གང་ཟག་ཆགས་བྲལ་གྱི་ལམ་གྱིས་མི་འདུལ་བ་ལ་གསང་སྔགས་བསྟན་པ་ཡིན་ཏེ། སྒྲོན་གསལ་ལས། སྐྱེ་བོ་འདོད་ཆགས་ཅན་དོན་དུ་ཞེས་སོ། །དེ་ལ་གཞན་འཕྲུལ་དབང་བྱེད་པ་ལ་སོགས་པ་བལྟས་པས་ཚིམ་པའི་གཉེན་པོར་བྱ་བའི་རྒྱུད་ལྷ་ཕོ་མོ་ཕན་ཚུན་བལྟས་པ་ཙམ་གྱིས་ཚིམ་པའི་དགའ་བའི་བདེ་བ་ལམ་དུ་བྱེད་པ་བྱ་བའི་རྒྱུད་གསུངས་ཏེ་ཆོ་ག་ཞིབ་མོ་ལས། བཅོམ་ལྡན་འདས་ཞལ་ཁྲོ་གཉེར་ཅན་ལ་གཏོད་པར་བྱ་ཞིང་ཞེས་པ་དང་། གཡས་ཕྱོགས་ན་ལྷ་མོ་སྒྲོལ་མ་འཛུམ་བག་དང་བཅས་ཤིང་ལུས་བཏུད་པ་མཆོག་སྦྱིན་པའི་ཕྱག་རྒྱ་ལ་མིག་གཏད་པར་བྱའོ། །གཡོན་དུ་པདྨའི་རིགས་མཛེས་མ་འཛུམ་བག་དང་བཅས་པ་གསང་སྔགས་ཀྱི་ཚུལ་དང་རྗེས་སུ་མཐུན་ཅིང་དོན་ཡོད་ཞགས་པ་ལ་མིག་གཏད་པར་བྱའོ། །ཞེས་སོ། །འཕྲུལ་དགའ་བ་རྒོད་པས་ཚིམ་པའི་ཆགས་པའི་གཉེན་པོར་ལྷ་ཕོ་མོ་ཕན་ཚུན་རྒོད་པ་ཙམ་གྱིས་ཚིམས་པའི་མཆོག་དགའི་བདེ་བ་ལམ་དུ་བྱེད་པ་སྤྱོད་པའི་རྒྱུད་གསུངས་ཏེ། རྣམ་སྣང་མངོན་བྱང་ལས། དེ་ཡི་གཡས་སུ་ལྷ་མོ་ནི། །ལྷ་མོ་ཅུང་ཟད་འཛུམ་པའི་ཞལ། །འོད་ཀྱི་དཀྱིལ་འཁོར་འདོམ་གང་བ། །མཚུངས་མེད་སྐུ་ནི་རབ་ཏུ་དང་། །དེ་ནི་ཤཱཀྱ་ཐུབ་པའི་ཡུམ། །

9b

ཞེས་སོ། །དགའ་ལྡན་པ་ལག་བཅངས་ཀྱིས་ཚིམ་པའི་གཉེན་པོར་ལྷ་ཕོ་མོ་ཕན་ཚུན་ལག་པ་བཅངས་པ་ཙམ་གྱིས་ཚིམ་པའི་ཁྱད་དགའི་བདེ་བ་ལམ་དུ་བྱེད་པ་རྣལ་འབྱོར་གྱི་རྒྱུད་གསུངས་ཏེ། རྩེ་མོ་ལས། ལྷ་མོ་རྡོ་རྗེ་ཅ་ཅོ་སྒྲོགས། །དབུས་འཁྱུད་རང་གི་ལྷ་མོ་དེ། །དེ་ཡི་གློ་ན་མགོ་བསྒྱུར་ཞིང་། །འཛུམ་བཅས་ཀུན་ཏུ་བལྟས་པ་དེ། །བཅོམ་ལྡན་འདས་ཀྱི་ཕྱག་ལ་འཇུས་ཞེས་སོ། །སུམ་ཅུ་རྩ་སུམ་པ་མན་ཆོད་དབང་པོ་གཉིས་ཀྱིས་གཉིས་སྤྲོད་ཀྱིས་ཚིམ་པའི་ཆགས་བའི་གཉེན་པོར་ལྷ་ཕོ་མོ་ཕན་ཚུན་སྙོམས་པར་འཇུག་པས་ཚིམ་པའི་ལྷན་ཅིག་སྐྱེས་དགའི་བདེ་བ་ལམ་དུ་བྱེད་པ་རྣལ་འབྱོར་ཆེན་པོའི་རྒྱུད་གསུངས་ཏེ། དཔལ་གསང་བ་འདུས་པ་ལས། དེ་བཞིན་གཤེགས་པའི་བཙུན་མོ་མཆོག །སྤྱན་ལ་སོགས་པ་བསྒོམ་པར་བྱ། །དབང་པོ་གཉིས་ནི་མཉམ་སྦྱར་ལ། །སངས་རྒྱས་དངོས་གྲུབ་ཐོབ་པར་འགྱུར་ཞེས་སོ། །འོ་ན་འཐབ་བྲལ་བ་འཁྱུད་པ་ཙམ་གྱིས་ཚིམ་པའི་བདེ་བ་ཡང་ཡོད་པས་རྒྱུད་སྡེ་ལྔ་ཡོད་པར་འགྱུར་རོ་ཞེ་ན་སྐྱོན་མེད་དེ། འཁྱུད་པ་ནི་ལག་བཅངས་ལ་སོགས་པ་སྔ་མ་རྣམས་ཀྱི་སྐབས་སུའང་སྲིད་ལ། དབང་པོ་གཉིས་སྤྲོད་པ་ལའང་ཡོད་པས་ཕན་ཚུན་གྱི་ནང་དུ་འདུས་པས་སྐྱོན་མེད་ལ། དེ་ལྟར་ཐབས་རྒྱུད་དགའ་བ་བཞིས་སྤང་བྱ་སྔར་གྱི་ཆགས་པ་དང་། དེ་ཉམས་པའི་ཆགས་བྲལ་བཞི་བཅོམ་ནས་འགྱུར་མེད་དུ་གྱུར་པ་ནི་འབྲས་བུའི་རྒྱུད་དོ། །