བུ་སྟོན་ཞབས་ཀྱིས་མཛད་པའི་བདེ་མཆོག་ཆོས་འབྱུང་།
༢. གང་ཟག་མི་རིགས་བཞིའི་སྒོ་ནས་རྒྱུད་སྡེ་བཞིར་དབྱེ་བ།
上一章
下一章

(༢. གང་ཟག་མི་རིགས་བཞིའི་སྒོ་ནས་རྒྱུད་སྡེ་བཞིར་དབྱེ་བ།)

གཉིས་པ་ནི་མི་རིགས་བཞི་རྗེས་སུ་བཟུང་བའི་ཕྱིར་རྒྱུད་སྡེ་བཞི་གསུངས་ཏེ། བྲམ་ཟེའི་རིགས་ཁྲུས་དང་གཙང་སྦྲ་ལ་དགའ་བ་དཀའ་ཐུབ་དང་

10a

༄༅།        །དཀའ་སྤྱད་ཀྱིས་གྲོལ་བར་བལྟ་ཞིང་རིགས་གཙོ་བོར་འཛིན་པས་བཟླས་བརྗོད་དང་སྦྱིན་སྲེག་གིས་གྲོལ་བར་ལྟ་བ་དག་རྗེས་སུ་བཟུང་བའི་དོན་དུ་བྱ་བའི་རྒྱུད་གསུངས་ཏེ། དཔུངས་བཟང་ལས། ལུས་ལ་ས་ཡིས་དྲིལ་ཕྱིས་བྱས་ནས་སུ། །ཆུ་ཆེན་རྙོག་པ་མེད་པར་ཞུགས་ནས་ཀྱང་། །ཇི་ཙམ་འདོད་པའི་བར་དུ་ཁྲུས་བྱས་ཏེ། །ཞེས་གསུངས་པ་བཞིན་ནོ། །ཡང་རྗེའུ་རིགས་དཀའ་ཐུབ་དཀའ་སྤྱད་དྲག་པོ་མི་ནུས་ཤིང་སྨད་པའི་ལས་ལ་མི་འཇུག་པ་རྣམས་ལ་ནང་ཐབས་དང་ཤེས་རབ་ཀྱི་རྣལ་འབྱོར་དང་ཕྱིའི་བྱ་བ་གཉིས་ཀ་སྟོན་པ་སྤྱོད་པའི་རྒྱུད་གསུངས་ཏེ། རྣམ་སྣང་མངོན་བྱང་ལས། ཕྱི་དང་ནང་གི་སྦྱོར་བ་ཡིས། །མན་ངག་བཞི་པ་ངས་བཤད་པ། །དེ་ཡང་འཇིག་རྟེན་པ་ཡིས་ཏེ། །དམིགས་པ་ཅན་ནི་བླ་མེད་པའོ་ཞེས་སོ། །ཡང་རྒྱལ་རིགས་དཀའ་སྤྱད་རྣམས་མི་ནུས་ཤིང་། འདོད་ཡོན་ལྔའི་བདེ་བ་ལ་སྤྱོད་པ་རྣམས་རྗེས་སུ་གཟུང་བའི་དོན་དུ་རྣལ་འབྱོར་གྱི་རྒྱུད་གསུངས་ཏེ། འཇིག་རྟེན་གསུམ་རྒྱལ་གྱི་རྟོག་པའི་འགྲེལ་པ་ལས། དཔེར་ན་འཇིག་རྟེན་གྱི་རྒྱལ་པོ་ཆེན་པོ། ལ་ལས་ཀྱི་སྒོ་འདིར་སྨྲས་པ་ཐམས་ཅད་དགོས་པ་བཞིན་དུ་ཆོས་ཀྱི་རྒྱལ་པོ་ཆེན་པོ་རྣམ་པར་སྣང་མཛད་དང་། ཕྱག་ན་རྡོ་རྗེའི་འཁོར་ལོ་ཐམས་ཅད་ཀྱང་ཚུལ་དེ་ལྟར་བལྟའོ་ཞེས་སོ། །ཡང་དམངས་རིགས་གཙང་སྨེ་མེད་པར་ཐམས་ཅད་ཟ་ཞིང་བྱ་བ་ངན་པ་ཐམས་ཅད་བྱེད་པ་རྣམ་རྟོག་ཤས་ཆུང་བ་ལ་རྣམ་པར་མི་རྟོག་པའི་སྒོ་ནས་

10b

ཤ་ལྔ་བདུན་རྩི་ལྔ་ལ་སོགས་པ་ཟ་ཞིང་སྨད་པའི་ལས་རྣམས་དགོངས་པའི་ཚིག་གིས་སྟོན་པ་རྣལ་འབྱོར་བླ་མེད་ཀྱི་རྒྱུད་རྣམས་བསྟན་ཏེ། མཉམ་སྦྱོར་ལས། དེ་ཉིད་རྣལ་འབྱོར་འདི་ཡིས་ནི། །ཐམས་ཅད་འགྲུབ་པར་བྱེད་པས་ན། །ངན་ཟོས་ངན་བྱས་ཐམས་ཅད་ཀྱིས། །ཉེས་པ་དག་ཏུ་ཡོང་མི་འགྱུར་ཞེས་སོ། །འདི་ནི་བླ་མ་རྣམས་ཀྱི་གསུངས་ལས་འབྱུང་བ་བཞིན་བཤད་རྒྱུད་རྡོ་རྗེ་ཕྲེང་བའི་འགྲེལ་པ་སློབ་དཔོན་ཨ་ལངྐ་ཀ་ལ་ཤས་མཛད་པ་ལས་བྱུང་ངོ་། །