བུ་སྟོན་ཞབས་ཀྱིས་མཛད་པའི་བདེ་མཆོག་ཆོས་འབྱུང་།
༡. བརྗོད་བྱ་རིགས་ཀྱི་སྒོ་ནས་དབྱེ་བ།
上一章
下一章

(༡. བརྗོད་བྱ་རིགས་ཀྱི་སྒོ་ནས་དབྱེ་བ།)

རྩེ་མོར་རིགས་ནི་རྣམ་པ་དུ་ཡིན་བརྗོད། །རིགས་ནི་རྣམ་པ་བརྒྱར་གསུངས་ཏེ། །མདོ་རུ་བསྡུ་ན་རྣམ་པ་ལྔ། །སངས་རྒྱས་རྡོ་རྗེ་རིན་ཆེན་དང་། །ཆོས་དང་ལས་དང་རྣམ་པ་ལྔ་ཞེས་བཤད་པས། རྩེ་མོ་རིགས་བསྡུས་ཀྱི་སྐབས་སུ་རིགས་ཆེན་ལྔ་པོ་རེ་རེ་རིགས་ཆུང་ལྔ་ལྔ་བཤད་པའི་ཕྱིར་ཉི་ཤུ་རྩ་ལྔ། དེ་རེ་རེ་ལ་སྙིང་པོ་དང་ཕྱག་རྒྱ་དང་གསང་སྔགས་དང་རིགས་སྔགས་ཀྱིས་བསྒྱུར་བས་རིགས་བརྒྱ་ཡོད་ཀྱང་བསྡུ་ན་རིགས་ལྔར་འདུས་ཏེ། དེས་ནས་དེ་སྟོན་པའི་རྒྱུད་ལྔ་ཡོད་པ་ཡིན་ནོ། །འདི་དག་གི་ཁྱད་པར་རྒྱས་པར་རྒྱུད་སྡེ་སྤྱིའི་རྣམ་གཞག་ཆེན་མོར་ཤེས་པར་བྱའོ། །དེ་ཡང་བསྡུས་ན་བཞིར་འདུས་པ་ཡིན་ཏེ། དེ་ཉིད་བསྡུས་པ་དང་དཔལ་མཆོག་དུམ་བུ་བཞི་རིགས་བཞིར་བསྡུས་ནས་བསྟན་པ་ནི། ལས་ཀྱི་རིགས་རིན་པོ་ཆེའི་ནང་དུ་འདུས་

22b

ཏེ། སེམས་ཅན་གྱི་བསམ་པ་ཡོངས་སུ་རྫོགས་པར་བྱེད་ནུས་པ་རིན་པོ་ཆེ་ཡིན་ལ་ཡོངས་སུ་རྫོགས་པར་བྱ་བ་ནི་ལས་ཡིན་པས་བྱ་བ་དང་བྱེད་པ་པོ་ཐ་མི་དད་པའི་ཕྱིར་རོ། །སངས་རྒྱས་གསང་བ་ལས་ཀྱི་རིགས་ནི་དེ་ཉིད་བསྡུས་པའི་རྒྱུད་འདིར་ལོགས་ཤིག་ཏུ་མ་ཕྱེ་སྟེ་དེ་ནི་རིན་པོ་ཆེའི་ནང་དུ་འདུས་པའི་ཕྱིར་རོ། །དེ་ལྟར་བཞིར་འདུས་པའི་རྒྱུ་མཚན་ཡང་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་མཛད་པ་བཞི། ཕྱག་རྒྱ་བཞི། སྤང་བྱ་བཞི། འབྲས་བུ་ཡེ་ཤེས་བཞིར་གྲངས་ངེས་པའི་ཕྱིར་ཏེ། སྐུའི་བཀོད་པ་མི་ཟད་པའི་མཛོད་རྣམ་པར་སྤྲུལ་པ་ནི་དེ་བཞིན་གཤེགས་པའི་རིགས། གསུང་གི་ནི་པདྨའི་རིགས། ཐུགས་ཀྱི་ནི་རྡོ་རྗེའི་རིགས། མཛད་པ་ནི་ནོར་བུའི་རིགས་སོ། །དེ་བཞིན་གཤེགས་པའི་རིགས་ནི་ཕྱག་རྒྱ་ཆེན་པོའོ། །རྡོ་རྗེའི་རིགས་ནི་དམ་ཚིག་གི་ཕྱག་རྒྱའོ། །པད་མའི་རིགས་ནི་ཆོས་ཀྱི་ཕྱག་རྒྱའོ། །ནོར་བུའི་རིགས་ནི་ལས་ཀྱི་ཕྱག་རྒྱར་འགྲེལ་ཆེན་ནས་བཤད་དོ། །སྤང་བྱ་ནི། ཀུན་གཞི་དང་། ཉོན་ཡིད་དང་། ཡིད་ཤེས་དང་། དབང་ཤེས་ལྔའི་གཉེན་པོར་དུམ་བུ་བཞི་རིམ་པ་བཞིན་དུ་དཔལ་མཆོག་གི་འགྲེལ་ཆེན་ནས་བཤད་དོ། །ཡེ་ཤེས་མེ་ལོང་ལྟ་བུ་ལ་སོགས་པ་བཞིའི་རང་བཞིན་དུམ་བུ་བཞི་རིམ་པ་བཞིན་དུ་དཔལ་མཆོག་འགྲེལ་ཆེན་དུ་བཤད་དོ། །བདུད་རྩི་འབྱུང་བ་ཞེས་བྱ་བ་ལས་རྡོ་རྗེ་སེམས་དཔའི་རིགས་སུ་ཁྲོ་བོའི་རིགས་འདུས་པས་རིགས་གསུམ་དུ་འདུས་པར་བཤད་ཅེས་སངས་རྒྱས་གསང་བ་གསུང་ངོ་། །