བུ་སྟོན་ཞབས་ཀྱིས་མཛད་པའི་བདེ་མཆོག་ཆོས་འབྱུང་།
༣ རྫོགས་རིམ་གྱི་ཁྱད་པར་གྱི་དབྱེ་བ།
上一章
下一章

(༣ རྫོགས་རིམ་གྱི་ཁྱད་པར་གྱི་དབྱེ་བ།)

གསུམ་པ་ནི། རྫོགས་རིམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཐབས་ཕྱག་རྒྱ་ཆེན་མོ་ལ་སྦྱོར་བས་དེ་ཁོ་ན་ཉིད་ལ་འཇུག་པར་སྟོན་པ་མ་རྒྱུད། རང་བྱིན་བརླབས་དང་མངོན་པར་བྱང་ཆུབ་པའི་རིམས་པ་གཙོ་བོར་སྟོན་པ་ཕ་རྒྱུད། གུར་ལས། ཤེས་རབ་ཕ་རོལ་ཕྱིན་པའི་ཐབས། །འདི་ནི་རྣལ་འབྱོར་མར་བརྗོད་དོ། །ཕྱག་རྒྱ་ཆེན་པོ་རབ་སྦྱོར་བས། །གང་ཕྱིར་དེ་ཉིད་ལ་འཇུག་པ། །རྣལ་འབྱོར་མའི་རྒྱུད་ཅེས་བྱ་ཞེས་དང་། མཁའ་འགྲོ་རྒྱ་མཚོར། རྣལ་འབྱོར་རྣམས་ལ་རྒྱུད་རྒྱལ་དུ། །དེ་དང་དེ་ཡི་ཚིག་དབྱེ་ཤེས། །འོད་གསལ་སྒྱུ་མ་དག་གིས་ནི། །སྒྱུ་མའི་འཇིག་རྟེན་ལ་བཤད་དོ། །ཞེས་དང་། ཡང་རྩ་

26b

དང་རླུང་གི་དེ་ཉིད་གཙོ་བོར་སྟོན་པ་ནི་མ་རྒྱུད་དང་ཕ་རྒྱུད་དེ། ཞལ་ལུང་གི་འགྲེལ་པ་ལས། རྣལ་འབྱོར་བླ་ན་མེད་པའི་རྒྱུད་རྣམས་ཀྱི་མན་ངག་སྟེ། མཁའ་འགྲོ་མའི་རྒྱུད་རྣམས་རྩ་གཙོ་བོར་བྱེད་པའི་རྒྱུད་དེ་དེས་རྟོགས་པའོ། །རྣལ་འབྱོར་ཐབས་གཙོ་བོར་བྱེད་པའི་རྒྱུད་ནི་རླུང་གི་དེ་ཉིད་གཙོ་བས་དེས་རྟོགས་པར་བྱེད་པའོ་ཞེས་སོ། །