བུ་སྟོན་ཞབས་ཀྱིས་མཛད་པའི་བདེ་མཆོག་ཆོས་འབྱུང་།
དང་པོ། རྒྱུད་ཇི་ལྟར་གསུངས་བའི་ཚུལ།
上一章
下一章

(དང་པོ། རྒྱུད་ཇི་ལྟར་གསུངས་བའི་ཚུལ།)

སློབ་དཔོན་བྷ་བ་བྷ་དྲ་དང་། སྐལ་ལྡན་གྲགས་པ་སོགས་

35a

༄༅།        །བདེ་མཆོག་གི་རྒྱུད་ནི། ཐོག་མ་མེད་པའི་དུས་སུ་ཐུབ་པ་སངས་རྒྱས་ནས་གསུང་ལ། ཆོས་གཞན་རྣམས་བསྐལ་པ་འཇིགས་འཆགས་ཀྱི་དབང་གིས་ནུབ་ཀྱང་བདེ་མཆོག་ཡུལ་ཉི་ཤུ་རྩ་བཞི་ན་གནས་པའི་དཔའ་བོ་དཔའ་མོས་ཉམས་སུ་བླངས་ཏེ་གནས་པའི་ཕྱིར་མ་ནུབ་པས། ཐུབ་པ་ཟས་གཙང་གི་སྲས་སུ་གྱུར་ནས་བསྐྱར་ནས་གསུངས་པ་མེད། ཆོས་གཞན་རྣམས་དང་པོར་གསུངས་ཀྱང་། བར་སྐབས་སུ་ནུབ་པའི་ཕྱིར། ཤཱཀ་ཐུབ་ཀྱིས་བསྐྱར་ནས་གསུངས་པར་འདོད་ལ། སློབ་དཔོན་རྡོ་རྗེས་མཛད་པའི་འགྲེལ་པ་ཚིག་དོན་རབ་གསལ་དུ། གཉིས་ལྡན་གྱི་དུས་སུ་དྲག་པོ་དབང་ཕྱུག་ཆེན་པོ་བཏུལ་བའི་ཚེ་གསུངས་པར་འདོད་ཀྱང་། བོད་ཀྱི་བླ་མ་དག་རྩོད་ལྡན་གྱི་དུས་སུ་བཞེད་དེ། དེ་ལ་དབང་ཕྱུག་ཆེན་པོ་ལ་སྐུ་བཞི་ཡོད་དེ། ཞི་བའི་སྐུ་དཀར་པོ་ལག་པ་བཞི་པ་ཆུང་མ་དཀར་མོ་དང་སྙོམས་པར་འཇུག་པ། རི་རབ་ཀྱི་བྱང་ཤར་ན་གནས། རྒྱས་པའི་སྐུ་སེར་པོ། མགོ་བོ་བརྒྱད་ཡོད་པ་ཆུང་མ་རལ་གཅིག་མ་དང་སྙོམས་པར་འཇུག་པ་རི་རབ་ཀྱི་དབུས་ན་གནས། དབང་གི་སྐུ་དམར་པོ་ཆུང་མ་དམར་མོ་དང་སྙོམས་པར་འཇུག་པ་གཞན་འཕྲུལ་དབང་བྱེད་ན་གནས། མངོན་སྤྱོད་ཀྱི་སྐུ་དྲག་པོ་འཇིགས་བྱེད་ནག་པོ་ཆུང་མ་དུས་མཚན་མ་དང་སྙོམས་པར་འཇུག་པ་འཛམ་བུའི་གླིང་གི་དབུས་མ་ག་དྷ་ན་གནས་པའོ། །དེའི་ཚེ་ནམ་མཁའ་ནས་ལྷ་

35b

བཞི་དང་དྲི་ཟ་བཞི་བྱུང་ནས་འཛམ་བུའི་གླིང་གི་ཡུལ་ཆེན་པོ་བརྒྱད་བཟུང་སྟེ། པུ་ལླི་ར་མ་ལ་ཡ་ནི་ཤར་ཕྱོགས་བྷང་ག་ལའི་ལྷོ་ན། མཚོ་མ་ལ་ཡའི་ཆུ་ཀླུང་གི་གནས། ཌ་ལི་ཏ་འདུག་པའི་གནས་ན། རྡོ་རྗེའི་ལིང་ག་མགོ་ལྟ་བུས་མཚན་པ་ཡོད་པའོ་གསུང་། ཁ་ཅིག །དེ་ནི་པུཪྞ་གི་རི་དང་གནད་གཅིག་སྟེ་ཨུ་རྒྱན་གྱི་བྱང་ན་ཡོད་གསུང་། ཛ་ལནྡྷ་ར་ནི་གུ་གེའི་ནུབ་ན། ཐོ་ལིང་གི་གཙང་པོ་ཤ་བ་རུ། གར་ཤའི་གཙང་པོ་པི་པ་ཤ་ན། ཤི་ལ་ཛེའི་གཙང་པོ་མེ་ར་བེ་དང་གསུམ་འདུས་པའི་མདོ་ན། གྲོང་ཁྱེར་ཆེན་པོ་གཅིག་ཡོད། དེའི་ཉེ་ལོགས་ན་རྡོའི་ལིང་ག་ཁ་ཕུབ་ལྟ་བུ་ཕྱོགས་གཅིག་ན་བུ་ག་དང་བཅས་པ་ཡོད་ལ། དེའི་ཉེ་ལོགས་ན་ཞིང་སྐྱོང་ལྷ་མོ་ཛྭ་ལ་མུ་ཁཱི་ཞེས་བྱ་བ་རྡོ་ལ་རང་འཁྲུངས་སུ་ཡོད་པ་ཁ་བུབ་ཏུ་ཉལ་བ། དེ་ལ་གཙུག་ལག་ཁང་བརྩིགས་པ་ཡོད། དེ་ནས་རྒྱང་གྲགས་གཅིག་གི་ཕ་རོལ་ན་སྒྲུབ་པའི་གནས་བྲག་ཕུག་བརྒྱ། ཆུ་མིག་བརྒྱ། ཤིང་དྲུང་བརྒྱ་ཡོད་པའི་ཐད་ཀའི་བྲག་དཀྱིལ་ནས་ཆུ་འབབ་པ། དེ་ལ་མུ་སྟེགས་པ་རྣམས་ཁྲུས་བྱེད་པ་ཡོད་དོ། །ཨོ་ཌི་ཡ་ན་ཞེས་རྩ་རྒྱུད་ནས་འབྱུང་རྡོ་རྗེ་མཁའ་འགྲོ་ནས་ཨོ་ཌྱ་ཡ་ན་ཞེས་འབྱུང་སྟེ། དེ་སྐད་ཟུར་ཆགས་ནས་ཨུ་རྒྱན་ཞེས་གྲགས་པ། རྒྱལ་པོ་ཨིནྡྲ་བྷཱུ་ཏི་བྱོན་པའི་ཡུལ་དེ་ཡིན་ནོ། །ཨར་བུ་ད་ནི། ལྷོ་ཕྱོགས་ན་རི་དབུས་མཐོ་བ། མཐའ་དམའ་བ་འབྲང་རྒྱས་འདྲ་བ། ནག་ཚལ་

36a

༄༅།        །འཐུག་པོས་བསྐོར་བ། སྒྲུབ་པའི་གནས་ཤིན་ཏུ་ཉམས་དགའ་བ་ཡོད་དོ། །གོ་དྭ་བ་རཱི་ནི་མཆོག་སྦྱིན་ཞེས་བྱ་སྟེ། བ་ཡུལ་དུ་བ་དཀར་མོ་ཞིག་གིས་འོ་མས་མཆོད་སྦྱིན་བྱས་པའི་ཤུལ་དུ་བརྐོས་པས་དབང་ཕྱུག་ཆེན་པོའི་ལིང་ག་ཞིག་བྱུང་། དེ་རི་འབིགས་བྱེད་དང་ཉེ་བ་རྡོ་རྗེ་གདན་ནས་ཟླ་བ་ཕྱེད་དང་གཉིས་ཕྱིན་པའི་སར་ཁྱེར་ཏེ་མཆོད་པས་གྲུབ་ཆུ་བྱུང་བའི་གནས་ལ་གྲགས་སོ། །རྭ་མེ་ཤྭ་རི་ནི། དགའ་བའི་དབང་ཕྱུག་སྟེ། ཤར་ཕྱོགས་རྒྱལ་པོ་དགའ་བའི་དབང་ཕྱུག་གི་གྲོང་ཁྱེར་ན་སྒྲུབ་གནས་རྡོ་རྗེའི་ལིང་ག་རྟའི་རྔོག་མ་ལྟ་བུས་མཚན་པ་ཡོད་དོ། །དེ་བི་ཀོ་ཊི་ནི་ལྷ་མོའི་ལྗོང་སྟེ། ཤར་ཕྱོགས་བེ་རེན་དྲའི་ས་ཕྱོགས། གྲོ་མོའི་ལྷོ་ཐད་ན་གྲོང་ཁྱེར་པཉྩ་པ་ཞེས་བྱ་བའི་རྒྱང་གྲགས་བཞིའི་ཕ་རོལ་ན། དེ་བི་ཀོ་ཊིའི་ལྷ་ཁང་ཡོད་དོ། །མཱ་ལ་བ་ནི་ནུབ་ཕྱོགས་ན་ཕྲེང་བ་ཅན་ཞེས་བྱ་བའི་ཡུལ་ན་སྒྲུབ་གནས་རི་གཡས་གཡོན་གཉིས་མཐོ་བ་ཕྲག་པ་ལྟ་བུའི་མཚོན་པའི་སྒྲུབ་གནས་ཡོད་དེ། དེ་རྣམས་ནི་ནམ་མཁའ་ནས་བྱུང་བའི་ལྷ་དང་དྲི་ཟས་གཟུང་བའི་ཕྱིར་མཁའ་སྤྱོད་ཀྱི་གནས་སུ་གྲགས་སོ། །ཀཱ་མ་རཱུ་པ་ནི་འདོད་པའི་གཟུགས་ཏེ། དམྱལ་གྱི་ལྷོ་ཐད་ན་གྲོང་ཁྱེར་ཆེན་པོ་ཞིག་ཡོད། དེའི་ཕྱོགས་གཅིག་ནས་སྒྲུབ་གནས་རྡོ་རྗེའི་ལིང་ག་མཆན་ཁུང་ལྟ་བུས་མཚན་པའི་ཆོས་འབྱུང་མི་གང་ཙམ་གྱིས་མཐོ་བ་གཅིག་ཡོད་དོ། །

36b

ཨོ་དྲ་ནི། ལྷོ་ཕྱོགས་ན་རྒྱལ་པོ་ཤིང་རྟ་བཅུ་པའི་ཡུལ་ན་རྡོའི་ལིང་ག་ནུ་མ་ལྟ་བུས་མཚན་པའི་སྒྲུབ་གནས་ཡོད་དོ། །ཏྲི་ཤ་ཀུ་ནི་ནི། སྟག་གཟིག་གི་ཡུལ་ན་ཆུ་བོ་གང་གཱ་དང་། གནྟི་དང་། ས་རུ་པ་གསུམ་འདུས་པའི་མདོ་ན་ངང་པ་ལ་སོགས་པ་སྙན་པ་སྒྲོགས་པའི་སྒྲུབ་གནས་རྡོའི་ལིང་ག་ལྟེ་བ་ལྟ་བུས་མཚན་པའི་བསྒྲུབ་གནས་ཡོད་དོ། །ཀོ་ས་ལ་ནི། རྒྱལ་པོ་གསལ་རྒྱལ་གྱི་ཡུལ་ཏེ། སྔོན་དགེ་བ་ཞེས་བྱ་བས་བརྩིགས་པའི་ཕྱིར་དགེ་བ་ཅན་ཞེས་བྱ་སྟེ། དེའི་རྒྱང་གྲགས་གཅིག་གི་ཕ་རོལ་ན་རྡོའི་ལིང་ག་སྣ་ལྟ་བུས་མཚན་པ་ཡོད་དོ། །ཀ་ལིཾ་ག་ནི། མང་ནང་གི་རྒྱབ། རྡོ་རྗེ་གདན་ནས་དཔག་ཚད་བཅུ་གཉིས་ཀྱི་ཚུ་རོལ་ན་གླང་པོ་འཛིན་པའི་ས་ཞེས་བྱ་བའི་སྒྲུབ་གནས་ཡོད་དོ། །ཁ་ཅིག་རྡོ་རྗེ་གདན་ནས་དཔག་ཚད་དྲུག་ཅུ་ལྷོ་ནུབ་ཏུ་ཕྱིན་པ་ན་ཡོད་ཐམས་ཅད་སྒྲོལ་གྱི་ཡུལ་ཡིན་གསུངས། ལམྤ་ཀ་ནི། གར་ལོག་གི་རྒྱབ་བྲག་དང་ཆུ་འཐབ་པའི་འགྲམ་ན་སྒྲུབ་གནས་ཤིན་ཏུ་དབེན་པ་ཡོད་དོ། །ཀཱན་ཙཱི་ནི། རྒྱ་གར་ལྷོ་ཕྱོགས་ཆོས་ཀྱི་གྲགས་པའི་ཡུལ་དང་ཉེ་བ་ན་གྲོང་ཁྱེར་གྱི་མཆོག་ཅེས་གྲགས་པ། སྔོན་དྭ་རི་ཀ་པས་གྲུབ་པ་བརྙེས་པའི་ས་ཕྱོགས་ཏེ། དེ་ལྟར་སྒྲུབ་གནས་གསེར་གྱི་ལིང་ག་ལྟ་བུས་མཚན་པ་ཡོད། ཧི་མཱ་ལ་ཡ་ནི་གངས་ཅན་ཏེ། ཁ་ཅིག །ཏི་སེ་ན་རྡོའི་ལིང་ག་ཁྲུ་གང་ཙམ་ཅིག་ལ་ཆུ་འབབ་པ་དེ་ལ་ངོས་འཛིན། ཁ་ཅིག་བོད་སྤྱི་ལ་ངོས་འཛིན།

37a

༄༅།        །དེ་རྣམས་ས་སྟེང་ནས་བྱུང་བའི་གནོད་སྦྱིན་བཞི་དང་། སྲིན་པོ་བཞིས་རིམ་པ་བཞིན་བཟུང་བའི་ཕྱིར་ས་ལ་སྤྱོད་པའི་གནས་སུ་གྲགས་སོ། །པྲེ་ཏ་པུ་རཱི་ནི། པུ་ཧྲངས་ན། ལུང་པ་ཞིག་གི་དབུས་ན་རྡོའི་ཕོ་མཚན་མི་གཟུགས་ཆེ་བ་ཙམ། དེའི་དཀྱིལ་ན་ཡར་ཆུ་ཚན་འཕྱུར་ནས་ཡོང་བའི་གནས་དེ་ཡིན་ནོ། །ཁ་ཅིག་རྒྱ་ནག་ན་ཡོད་ཟེར། གྲྀ་ཧ་དེ་བ་ཏཱ་ནི། ལི་ཡུལ་ལྗང་ར་སྨུག་པོ་ན། རྡོའི་ལིང་ག་སྙིང་ལྟ་བུས་མཚན་པའི་སྒྲུབ་གནས་ཡོད་དོ། །སཽ་རཱཥྚ་ནི། ཡུལ་འཁོར་བཟང་པོ་ཅན་ཞེས་པ་སྟེ། ནུབ་ཕྱོགས་སུ་ཟླ་བ་ཕྱེད་དང་གསུམ་ཕྱིན་པ་ན། སོ་མ་ནཱ་ཐ་ཞེས་བྱ་བའི་ཕྱི་པའི་རྟེན་ཡོད་པའོ། །ཁ་ཅིག་མུམྨུ་ནི་ལ་འདོད། སུ་བཪྞྞ་དྭཱི་པ་ནི། གསེར་གླིང་སྟེ། གསེར་གླིང་རྒྱལ་པོའི་གླིང་ཆུང་ཅིག་ཡིན་ནོ། །ན་ག་ར་ནི། ནུབ་ཕྱོགས་ན། ན་ག་རའི་ཡི་གེ་འབྱུང་བའི་ཡུལ་དེ་ཡིན་ནོ། །ལང་ཀ་པུ་རི་དང་། པུ་ཧྲངས་ལ་འདོད་པ་ནི་མི་འཐད་དོ། །སིནྡྷུ་ནི། ཆུ་བོ་ཆེན་པོ་སིནྡྷུ་འབབ་པའི་སའི་ཆ། རྒྱ་གར་ལྷོ་ཕྱོགས་ན་ཡོད། མ་རུ་ནི། ཛ་ལན་དྷ་ར་དང་ཉེ་བའི་བྱང་ཕྱོགས་ན། བྲག་ཕུབ་ཞིག་ན་རྡོའི་མཚན་མ། རྐང་པའི་མཐེ་བོང་ལྟ་བུ་འཁྲུལ་པ་བཏོན་པས་མི་ཐོན་པ་ཞིག་ཡོད་དེ། གནས་དེ་ནི་ཤིན་ཏུ་འཇིགས་ཟེར་རོ། །ཀུ་ལུ་ཏཱ་ནི། གར་ཞའི་རྒྱབ། ཉུང་ཏིའི་ཕུག་ན། སྒྲུབ་གནས་ཕུག་ཐུར་དུ་བརྐོས་པའི་རིང་པོ་

37b

ཞིག་ན་རྡོའི་ལིང་ག་པུས་མོ་ལྟ་བུའི་མཚན་མ་ཡོད་དོ། །དེ་རྣམས་ནི་ས་འོག་ནས་ཀླུ་བཞི་དང་ལྷ་མ་ཡིན་བཞི་བྱུང་ནས། རིམ་པ་བཞིན་བཟུང་བས་ས་འོག་ན་སྤྱོད་པ་ཡིན་ནོ། །མི་འམ་ཅི་བཞི་དང་། ཕྲ་མེན་མའམ་མོ་བཞི་སྟེ་བརྒྱད་ཀྱི་གཏུམ་དྲག་ལ་སོགས་པའི་དུར་ཁྲོད་ཆེན་པོ་བརྒྱད་བཟུང་ངོ་། །ཁ་ཅིག །འཐུང་གཅོད་དང་། ཉེ་བའི་འཐུང་གཅོད། གྲོང་མཐའ་དང་། ཉེ་བའི་གྲོང་མཐའ་གཟུང་ཟེར་རོ། །ཐམས་ཅད་ཀྱང་སྲིད་པ་གསུམ་ལ་དབང་དུ་བྱ་བའམ་བདག་པོ་འདོད་པས། ལྷ་དབང་ཕྱུག་ཆེན་པོ་སྤྱན་དྲངས་ཏེ་མཆོད་པ་བྱེད་པ་ལ་དབང་ཕྱུག་ཆེན་པོ་ཨུ་མ་དང་འཁྱུད་ཅིང་རོལ་བས་འགྲོར་མི་ཁོམ་ཏེ། དེའི་སྤྲུལ་པ་རྡོའི་ལིང་ག་མགོ་ལྟ་བུ་ལ་སོགས་པའི་ཉི་ཤུ་རྩ་བཞི་སྤྲུལ་ནས་ཡུལ་རེ་རེར་རྟེན་རེ་རེ་བཞག་གོ །དེ་རྣམས་ཀྱང་རྟེན་ལ་དམིགས་ནས་མཆོད་ཅིང་ཚོགས་འཁོར་བྱེད་དོ། །ལྷ་དེ་རྣམས་ཀྱང་འདོད་ཆགས་ཤས་ཆེ་བས་སྤྱོད་ལམ་དུས་བཞིར་ཆུང་མ་དང་འཁྱུད། ཞེ་སྡང་ཤས་ཆེ་བས་མི་མང་པོ་བསད་ནས་མི་ཤ་དང་མི་ཁྲག་ལ་རོལ། གཏི་མུག་ཤས་ཆེ་བས་ལས་རྒྱུ་འབྲས་དང་དེ་ཁོ་ནའི་དོན་ལ་རྨོངས། རེ་རེའང་འཁོར་གདུག་པ་ཅན་མང་པོས་ནི་བསྐོར། འདོད་ཡོན་ལྔ་ནི་རང་དགར་སྤྱོད། འཛམ་བུ་གླིང་ཐམས་ཅད་དབང་དུ་བསྡུས་ནས་དྲེགས་པའི་རློམ་ཚིག་སྨྲ་ཞིང་། ལས་ལོག་པ་ལ་རང་ཡང་ཞུགས་ནས་གཞན་ཡང་འགོད་པར་བྱེད་དོ། །དུས་ནི་དེའི་ཚེའོ། །སྟོན་པ་ནི།

38a

༄༅།        །རྡོ་རྗེ་འཆང་ཆེན་པོ་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ་མངོན་བྱང་ལྔས་མངོན་པར་རྫོགས་པར་སངས་རྒྱས་ཏེ། ཆོས་སྐུ་དབྱིངས་དང་ཡེ་ཤེས་ཀྱི་ངང་ལས་གསང་བ་མཆོག་གི་གནས་འོག་མིན་གྱི་ཕོ་བྲང་དུ། འཁོར་དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་ཚད་མེད་པ་འདུས་པ་ལ། འོད་གསལ་ལྷན་ཅིག་སྐྱེས་པའི་ཆོས་བསྟན་ཏོ། །དེ་ནི་ལོངས་སྐུ་རྒྱུའི་ཧེ་རུ་ཀས་ཆོས་བསྟན་ཚུལ་ལོ། །དེ་ནས་དྲག་པོ་འཇིགས་བྱེད་འཁོར་བཅས་གདུལ་བའི་དུས་ལ་བབ་པར་མཁྱེན་ནས། སྤྲུལ་སྐུ་འབྲས་བུའི་ཧེ་རུ་ཀར་བཞེངས་ཏེ་རི་རབ་ཀྱི་རྩེ་མོར་བྱོན་པ་ལ་མི་བསྐྱོད་པས་གཞལ་ཡས་ཁང་གདན་དང་བཅས་པ་ཕུལ། རིམ་འབྱུང་གིས་འཇམ་དབྱངས་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས། དཔའ་བོ་ཉི་ཤུ་རྩ་བཞི་དང་། རྡོ་རྗེ་ཕོ་ཉ་མོ་ལ་སོགས་པ་རྣམས་དཔའ་མོ་ཉི་ཤུ་རྩ་བཞིར་སྤྲུལ་ཏེ་ཕུལ། མན་སྙེར། གང་དུ་ཀུན་ཏུ་བཟང་པོ་དང་འཇམ་དཔལ་དང་འཇིག་རྟེན་དབང་ཕྱུག་དང་། སའི་སྙིང་པོ་དང་། ཕྱག་ན་རྡོ་རྗེ་དང་། བྱམས་པ་དང་། ནམ་མཁའི་སྙིང་པོ་དང་། ནམ་མཁའ་མཛོད་དང་། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང་། སྤོས་ཀྱི་གླང་པོ་དང་། བློ་གྲོས་མི་ཟད་པ་དང་། ཡེ་ཤེས་ཏོག་དང་། སྤོབས་པ་བརྩེགས་དང་། མྱ་ངན་དང་མུན་པ་ཐམས་ཅད་ངེས་པར་འཇོམས་པའི་བློ་གྲོས་དང་། ངན་སོང་ཀུན་འཇོམས་དང་། དྲ་བ་ཅན་གྱི་འོད་དང་། ཟླ་བའི་འོད་དང་། རིན་ཆེན་འོད་དང་།

38b

ཉི་མའི་འོད་དང་། རྡོ་རྗེའི་འོད་དང་། ནོར་བཟངས་དང་། མཐུ་ཆེན་ཐོབ་དང་། བློ་གྲོས་རྒྱ་མཚོ་དང་། བཟང་སྐྱོང་རྣམས་ཏེ་བྱང་ཆུབ་སེམས་དཔའ་ཆེན་པོ་ཉི་ཤུ་རྩ་བཞི་ཁོ་ན་ནི་རིམ་པ་ཇི་ལྟ་བར་ཁཎྜ་པཱ་ལ་ལ་སོགས་པའི་ངོ་བོ་དང་། དེ་རྣམས་ཀྱི་ཤེས་རབ་མ་རྡོ་རྗེ་ཕོ་ཉ་མོ་དང་སྐུལ་བྱེད་མ་དང་རིན་ཆེན་སྒྲོན་མ་དང་རྡོ་རྗེ་འོད་བྱེད་མ་དང་རོ་ལངས་མ་དང་རྡོ་རྗེ་གཞོན་ནུ་མ་དང་ཀཾ་བོ་ཛི་དང་སངས་རྒྱས་བྱང་ཆུབ་དབང་ཕྱུག་མ་དང་། ཡེ་ཤེས་སྒྲོལ་མ་དང་རྡོ་རྗེ་འཇིགས་བྱེད་མ་དང་གནྡྷ་རཱི་དང་རྒྱལ་བ་ཅན་མ་དང་སྒྲོལ་མ་དང་གོས་དཀར་མོ་དང་སྤྱན་མ་དང་མཱ་མ་ཀཱི་དང་། རྒྱལ་མཚན་རྩེ་མོའི་དཔུང་རྒྱན་མ་དང་། སོ་སོ་འབྲང་མ་དང་རྨ་བྱ་ཆེན་མོ་དང་རི་ཁྲོད་ལོ་མ་ཅན་དང་། རྡོ་རྗེ་ལྕགས་སྒྲོག་མ་དང་ཕྱིར་བཟློག་མ་དང་གཙུག་ཏོར་མ་དང་རྡོ་རྗེ་འཇིགས་བྱེད་མ་རྣམས་རིམ་པ་ཇི་ལྟ་བར་རབ་ཏུ་གཏུམ་མོ་ལ་སོགས་པའི་ངོ་བོ་དང་ཞེས་སོ། །འདི་བཤད་རྒྱུད་མངོན་བརྗོད་དང་བསྟུན་པ་སྟེ། རྩ་རྒྱུད་རང་དང་རྡོ་རྗེ་མཁའ་འགྲོ་དང་། རྩ་རྒྱུད་འགྲེལ་པ་རྣམས་ནས་མཁའ་འགྲོ་མ་ལ་སོགས་པ་བཞི་པོ་ཡུམ་བཞིར་བཤད་པའི་ཕྱིར་ཡུམ་བཞིར་འཐད་ལ། འདིར་ཡུམ་བཞིའི་དོད་དུ་གཟུགས་རྡོ་རྗེ་མ་སོགས་བྱས་ན་འཐད་དོ། །སྣང་བ་མཐའ་ཡས་ཀྱིས་ལྷ་མོ་བཅུ་གཉིས་སྤྲུལ་ཏེ་ཕུལ། དོན་ཡོད་གྲུབ་པས་གོ་ཆའི་ལྷ་གཉིས་སྤྲུལ་ཏེ་ཕུལ། རྣམ་སྣང་གིས་ཕུང་ཁམས་སྐྱེ་མཆེད་བྱིན་གྱིས་རློབ་པའི་ལྷ་རྣམས་སྤྲུལ་

39a

༄༅།        །ནས་ཕུལ་ཏེ་དེ་རྣམས་ནི་སྤྲུལ་པའི་འཁོར་རོ། །ཇི་སྐད་དུ། བཅོམ་ལྡན་འདས་མི་བསྐྱོད་པས་གཞལ་ཡས་ཁང་གདན་དང་བཅས་པ་ཕུལ་ལོ་ཞེས་དང་དཔའ་བོ་ཉི་ཤུ་རྩ་བཞི་དང་རྣལ་འབྱོར་མ་ཉི་ཤུ་རྩ་བཞི་རྣམས་ཀྱིས་ནམ་མཁའི་ཁམས་གང་བར་གཟིགས་པ་རིན་ཆེན་འབྱུང་ལྡན་གྱིས་ཕུལ་ལོ་ཞེས་དང་། ལྷ་མོ་བཅུ་གཉིས་ནི་སྣང་བ་མཐའ་ཡས་ཀྱིས་སྤྲུལ་ནས་ཕུལ་ལོ་ཞེས་དང་། དོན་ཡོད་གྲུབ་པས་སྔ་མའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་གོ་ཆ་དྲུག་གི་དཔའ་བོ་དང་དཔའ་མོ་བཅུ་གཉིས་ཕྱུང་ནས་ཕུལ་བ་ནི་ཞེས་དང་། རྣམ་པར་སྣང་མཛད་ཀྱིས་སྔ་མའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་སངས་རྒྱས་ཀྱི་ཞིང་གྲངས་མེད་པའི་རྡུལ་དང་མཉམ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སྤྲུལ་ནས་ལོངས་སྤྱོད་རྫོགས་པའི་སྐུ་ལ་ཕུལ་བ་ནི་ཞེས་དང་། གཞན་ཡང་རིགས་བཞིས་མཆོད་པའི་ལྷ་མོ་སྤྲུལ་ནས་དཀྱིལ་འཁོར་གྱི་ལྷ་རྣམས་ལ་མཆོད་པ་བྱ་སྟེ། །ཇི་སྐད་དུ། རྣམ་སྣང་དང་། རིན་འབྱུང་དང་། སྣང་མཐའ་དང་དོན་ཡོད་གྲུབ་པས་སྤྲུལ་བའི་ལྷ་མོར་མཆོད་པར་བྱའོ་ཞེས་སོ། །སྤྲུལ་པའི་འཁོར་ལོ་དེ་རྣམས་ལ་ཡང་སྤྲུལ་པ་དང་ཉིང་སྤྲུལ་གྱི་ཚོགས་བསམ་གྱིས་མི་ཁྱབ་པ་དང་བཅས་པ་སྟེ་དེ་རྣམས་ནི་ཉན་པའི་འཁོར་རོ། །དེ་ནས་ལོངས་སྐུ་དགོངས་པ་སྣ་ཚོགས་པའི་དམ་ཚིག་ཆེན་པོས་རྣམ་

39b

པར་རོལ་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་ཞུགས་ནས། གདུལ་བྱ་ལ་གཟིགས་ཏེ། བ་སྤུའི་བུ་ག་ནས་དཀྱིལ་འཁོར་གྱི་འཁོར་ལོ་སྣ་ཚོགས་སྤྲོས་ཏེ། གླིང་བཞི་པ་བྱེ་བ་ཕྲག་བརྒྱར་གདུལ་བྱའི་དོན་དུ་སྤྲོས་སོ། །འཛམ་བུ་གླིང་འདིར་བཅོམ་ལྡན་འདས་བདེ་མཆོག་ཞལ་བཞི་ཕྱག་བཅུ་གཉིས་པར་སྤྲུལ་ནས། དྲག་པོ་འཇིགས་བྱེད་དང་དུས་མཚན་མོ་ཞབས་འོག་ཏུ་མནན་ཏེ་བཏུལ་བས་འཇིགས་བྱེད་ས་འོག་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོ་ལ་སོགས་པ་ཉི་ཤུ་རྩ་བཞི་ཁྲོ་བོར་སྤྲུལ་ནས་རྡོ་རྗེ་ཕོ་ཉ་མོ་ལ་སོགས་པའི་ལྷ་མོ་རྣམས་ཁྲོ་མོར་སྤྲུལ་བ་དང་སྙོམས་པར་འཇུག་པས་ཡུལ་ཉི་ཤུ་རྩ་བཞི་ན་གནས་པའི་ཐོད་པའི་དུམ་བུ་ལ་སོགས་པའི་ལྷ་བཞི་དང་། དྲི་ཟ་བཞི་ནི་ཐུགས་འཁོར་གྱི་གནོད་སྦྱིན་བཞི་དང་སྲིན་པོ་བཞི་ནི་གསུང་འཁོར་གྱི། ཀླུ་བཞི་དང་ལྷ་མ་ཡིན་བཞི་ནི་སྐུ་འཁོར་གྱི། ལྷ་ཡབ་ཡུམ་གྱིས་བཏུལ་ལ་གྲོང་མཐའ་དང་ཉེ་བའི་གྲོང་མཐའ་འམ། འཐུང་གཅོད་དང་ཉེ་བའི་འཐུང་གཅོད་ན་གནས་པའི་མི་འམ་ཅི་བཞི་དང་། སྣ་ཚོགས་མ་སྟེ་ཕྲ་མེན་མ་བཞི་འམ། ཡང་ན་མི་འམ་ཅི་མོ་བརྒྱད་ནི་ཁྲོ་བོ་འཇིག་རྟེན་གསུམ་རྒྱལ་དང་། ལྷ་མོ་གཽ་རཱི་མ་ལ་སོགས་པ་ཡབ་ཡུམ་བརྒྱད་ལ། སྒོ་བ་བཞིས་ཡབ་རྣམས་གདོང་བརྙན་གྱི་ཚུལ་དུ་སྦས། མཚམས་མ་བཞིས་ཡབ་རྣམས་ཕྱེད་གཟུགས་ཀྱི་ཚུལ་དུ་སྦས་ནས་

40a

༄༅།        །མ་མོའི་སྐུར་བསྟན་པས་མིའམ་ཅི་མོ་བརྒྱད་བཏུལ་ལོ། །མཱ་མ་ཀཱི་ལ་སོགས་པའི་ཡུམ་བཞི་ནི་སྙིང་པོའི་རྣལ་འབྱོར་མ་བཞིར་སྤྲུལ་ལོ། །འདི་ལ་དངོས་སུ་མ་གསུངས་ཀྱང་དོན་གྱིས་དབང་ཕྱུག་གི་ཆུང་མ་བཞི་བཏུལ་བ་ཡིན་ལ། དེ་དག་གི་འདུལ་ཚུལ་ཡང་། དབང་བྱེད་པ་དང་། ལོངས་སྤྱོད་པ་དང་། ཐིམ་པའི་ཚུལ་གྱིས་བཏུལ་ཏེ། དེ་ལ་ལུས་ལ་དབང་བྱེད་པ་ནི་མིང་འདྲ་བ་དང་ཆ་ལུགས་འདྲ་བར་བསྒྱུར་ནས། དབང་ཕྱུག་ལ་སོགས་པའི་ལྷ་རྣམས་བསྒྱེལ་ནས་ཞབས་ཀྱི་འོག་ཏུ་གནོན། ཆུང་མ་རྣམས་ཕྲོགས་ནས་ལོངས་སྤྱོད་དེ། མཉམ་སྦྱོར་ལས། སྡིག་མེད་སྟོབས་ཀྱིས་ངོ་འཐོན་དུ། །དབང་ཕྱུག་དམ་པ་རབ་མནན་ནས། །ལྷ་མོ་བྷཱི་མོ་འཕྲོག་ནས་ནི། །དེ་ཚེ་ལོངས་སྤྱོད་རང་གིར་སྤྱོད་ཅེས་པ་ལྟར་རོ། །ངག་ལ་དབང་བྱེད་པ་ནི། འཇིག་རྟེན་པའི་ཐོད་པའི་དུམ་བུ་ལ་སོགས་པའི་སྲོག་སྔགས་ཀ་ར་ཀ་ར་ལ་སོགས་པ་རྣམས། འདས་པའི་སྐུ་གསུང་ཐུགས་ཀྱི་སྙིང་པོ་ༀ་དང་ཧཱུཾ་ཧཱུཾ་ཕཊ་ཀྱི་བར་དུ་བཅུག་ནས་སྔགས་སུ་བྱིན་གྱིས་བརླབས། སེམས་ལ་དབང་བྱེད་པ་རྣམ་པར་མི་རྟོག་པའི་ངང་དུ་རྒྱལ་བར་བྱས་པའོ། །ལོངས་སྤྱོད་པ་ནི་བཙུན་མོ་རྣམས་ལ་དགའ་བ་བཞིའི་སྒོ་ནས་ལོངས་སྤྱོད། རུས་པའི་རྒྱན་ཕྲོགས་ཏེ་སྐུ་ལ་བསྣམས། ལོངས་སྤྱོད་ཕྲོགས་སྟེ་ཚོགས་ཀྱི་འཁོར་ལོ་བྱས། ལག་ཆ་ཕྲོགས་སྟེ་ཕྱག་མཚན་དུ་བསྣམས།

40b

རོའི་གདན་ལ་སོགས་ཕྲོགས་ཏེ་གདན་དུ་བྱས། འདུག་པའི་ཡུལ་ཕྲོགས་ཏེ་ཕོ་བྲང་དུ་བྱས་པའོ། །ཐིམ་པ་ནི། སྲོག་ཐིམ་པ་ནི་སྒྲིབ་པ་རྣམ་པར་དག་པ་སྤངས་པ་ཕུན་སུམ་ཚོགས་པ་ཡིན་ལ། སེམས་ཐིམ་པ་ནི་སེམས་འོད་གསལ་དུ་འདྲེས་ནས་ཟུང་འཇུག་ཏུ་བཞེངས་པ་རྟོགས་པ་ཕུན་སུམ་ཚོགས་པའོ། །ཇི་སྐད་དུ། དེ་ནས་ལོངས་སྤྱོད་རྫོགས་པའི་སྐུ་གདུལ་བྱ་སྣ་ཚོགས་པ་ལ་གཟིགས་པས་འདུལ་བྱེད་ཀྱི་འཁོར་ལོ་དགོངས་པ་སྣ་ཚོགས་པའི་ཁ་དོག་དང་དབྱིབས་ཐ་དད་པའི་ཀུན་རྫོབ་ཀྱི་དམ་ཚིག་ཆེན་པོ་རྣམ་པར་རོལ་ཅིང་སྤྲུལ་པའི་རྡོ་རྗེ་ཞེས་བྱ་བའི་ཡུལ་དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །སྣོད་ཀྱི་འཇིག་རྟེན་མ་ལུས་ཤིང་བཅུད་ཀྱི་སེམས་ཅན་ལུས་པ་མེད་པའི་སེམས་ཅན་བྱང་ཆུབ་ཀྱི་སྙིང་པོ་ཅན་གྱི་ཆོས་ཀྱི་དབྱིངས་ཀྱི་སྣང་བ་ཀུན་ཏུ་གང་བར་གཟིགས་ནས་གདུལ་བྱ་དེའི་དོན་དུ་ལོངས་སྤྱོད་རྫོགས་པའི་སྐུའི་རང་གི་བ་སྤུའི་བུ་ག་ནས་གླིང་བཞི་པ་བྱེ་བ་ཕྲག་བརྒྱར་དཀྱིལ་འཁོར་གྱི་འཁོར་ལོ་སྣ་ཚོགས་པ་སྤྲོས་ཏེ། གདུལ་བྱ་སྣ་ཚོགས་པ་འདུལ་བའི་ཐབས་ཀྱིས་ནམ་མཁའི་ཁམས་ཡོངས་སུ་གང་བར་གདུལ་བྱ་སྣོད་དང་ལྡན་པ་རྣམས་ལ། ལྷའི་མིག་དང་རྣ་བ་ལ་སྣང་བར་གྱུར་ཏོ། །འཛམ་བུའི་གླིང་ཡོན་ཏན་རྒྱལ་མཚན་འདིར་བཅོམ་ལྡན་འདས་བདེ་མཆོག་རིགས་ལྔ་ཐམས་ཅད་ཀྱི་བདག་པོ་ཞལ་བཞི་ཕྱག་བཅུ་གཉིས་པས་སྣ་ཚོགས་པའི་སྐུ་འཛིན་པ་དྲག་

41a

༄༅།        །པོ་འཇིགས་བྱེད་ཀྱི་གདུལ་བྱའི་སེམས་ཅན་ལྷ་བཞི་དང་། དྲི་ཟ་བཞི་དང་། གནོད་སྦྱིན་བཞི་དང་། སྲིན་པོ་བཞི་དང་། ཀླུ་བཞི་དང་། ལྷ་མ་ཡིན་བཞི་དང་། མི་འམ་ཅི་བཞི་དང་། དུར་ཁྲོད་བརྒྱད་ཀྱི་སེམས་ཅན་ལ་ཕན་པར་དགོངས་ནས། རྒྱུ་ཐུགས་རྗེ་ཆེན་པོ་ལས་བྱུང་བའི་འབྲས་བུའི་ཁྲོ་བོའི་ཉམས་དགུ་དང་ལྡན་པའི་ཡབ་ཡུམ་གཉིས་སུ་མེད་པའི་སྦྱོར་བས། ཡེ་ཤེས་དང་། ཐུགས་དང་། གསུང་དང་། སྐུ་དང་དམ་ཚིག་འཁོར་ལོ་ངོ་མཚར་བ་སྣ་ཚོགས་ཤིང་འཛམ་བུའི་གླིང་མཐའ་ཡས་པའི་གནས་སུམ་ཅུ་རྩ་གཉིས་སུ་དབང་དུ་བྱས་པ་དང་། ལོངས་སྤྱད་པ་དང་། ཐིམ་པའི་ཆོ་འཕྲུལ་ཆེན་པོ་རྡུལ་ཕྲ་རབ་དང་མཉམ་པའི་ས་འོག་དང་། ས་བླ་དང་། ས་སྟེངས་ཀྱི་བདག་པོའི་འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་དུ་ཡང་དག་པར་བསྟན་ནས་སྤྲུལ་པའི་སྐུ་གཟུགས་ཀྱི་སྒོ་ནས་གདུལ་བྱ་བཏུལ་ཞིང་ཆོས་བཤད་ནས་ཞེས་དང་། ཡང་དེ་ཉིད་ལས་སུམ་ཅུའི་དབང་ཕྱུག་ལ་དབང་བྱེད་པ་ནི་ལྷ་དབང་དུ་བྱེད་པ་ལོངས་སྤྱོད་ལ་ཐིམ་པའོ། །ཐོག་མའི་དངོས་གྲུབ་ནི་དང་པོ་ཐུགས་ཀྱི་དངོས་གྲུབ་སྟེར་བའི་རྣལ་འབྱོར་མའོ། །གནོད་སྦྱིན་ནི་ཞིང་དང་ཉེ་བའི་ཞིང་གི་རྣལ་འབྱོར་མའོ། །སྲིན་པོ་ནི་ཚན་དོ་ཧ་དང་ཉེ་བའི་ཚན་དོ་ཧའི་རྣལ་འབྱོར་མའོ། །ཀླུ་མོ་ནི་འདུས་པ་དང་ཉེ་བའི་འདུས་པའི་རྣལ་འབྱོར་མའོ། །ལྷ་མ་ཡིན་ནི་དུར་ཁྲོད་དང་ཉེ་བའི་དུར་ཁྲོད་ཀྱི་རྣལ་འབྱོར་མའོ། །དྲི་ཟ་མོ་ནི་ཉེ་བའི་གནས་བཞིའི་རྣལ་འབྱོར་མའོ། །གཞན་ཡང་སྣ་ཚོགས་པ་ནི་

41b

གྲོང་མཐའ་དང་ཉེ་བའི་གྲོང་མཐའ་བརྒྱད་ཀྱི་མི་འམ་ཅིའི་ལྷ་མོ་བརྒྱད་དོ། །འདོད་པའི་ལོངས་སྤྱོད་དག་ལ་སྤྱོད་ཅེས་པ་ནི། །གདོང་དྲུག་ངོ་མཐོན་སྟོབས་ཀྱིས་མནན། །གཞོན་ནུ་མ་ཡང་འཕྲོགས་ནས་སུ། །ཞེས་བཤད་པས་ལྷ་མོ་དང་དྲི་ཟ་མོ་དང་གནོད་སྦྱིན་མོ་དང་སྲིན་མོ་དང་ཀླུ་མོ་དང་ལྷ་མ་ཡིན་མོ་དང་མི་འམ་ཅི་མོ་རྣམས་ལ་དགའ་བ་བཞིའི་ལོངས་སྤྱོད་ནས། ཨཱ་ལི་ཀཱ་ལི་ཐབས་ཤེས་རབ་མཉམ་པར་བསྒོམས་པས་དོན་དམ་གྱི་བདེན་པ་དེ་ཉིད་སྒྱུ་མ་དང་། འོད་གསལ་དང་ཟུང་འཇུག་ཐོབ་པའི་ཐབས་གསང་བ་དང་ཤེས་རབ་ཡེ་ཤེས་དབང་བཞི་པ་གོང་ནས་གོང་དུ་བསྒྱུར་ནས་རང་གི་ལྷའི་རྣལ་འབྱོར་གྱི་གང་ཟག་ཐམས་ཅད་ཀྱིས་རྒྱུད་སྡེ་བཞི་ཐམས་ཅད་ལ་དེ་བཞིན་དུ་བརྟག་པར་བྱའོ། །ཞེས་གསུངས་སོ། །དེ་ལྟར་འཛམ་བུའི་གླིང་དྲག་པོ་འཇིགས་བྱེད་འཁོར་དང་བཅས་པ་བཏུལ་ནས་རི་རབ་རྩེ་མོར་མི་བསྐྱོད་པས་ཕུལ་བའི་དཀྱིལ་འཁོར་དུ་བཅོམ་ལྡན་འདས་འཁོར་བཅས་དཀྱིལ་འཁོར་གྱི་འཁོར་ལོ་ལ་འཁོད་པ་ལ། བཤད་པའི་རྒྱུད་ལྟར་ན་ཕྱག་ན་རྡོ་རྗེས་མཆོད་པ་སྔོན་དུ་བཏང་ནས་ཐལ་མོ་སྦྱར་ཏེ་རྒྱུད་གསུང་བར་གསོལ་བ་བཏབ་པོ། །ཕྱག་རྡོར་བསྟོད་འགྲེལ་ལས། རྩ་རྒྱུད་འབུམ་པ་དང་། ཉུང་ངུའི་རྒྱུད་འདི་གཉིས་ཕག་མོས་རྡོ་རྗེ་འཆང་ལ་གསོལ་བ་བཏབ་ནས་གསུང་པར་བཤད་ལ། ཁ་ཅིག་ན། ཕག་མོ་གསུང་བ་མོ་དང་རྡོ་རྗེ་འཆང་གིས་ཞུས་པར་འདོད་དེ། གདུལ་བྱའི་སྣང་ངོ་ལ་གང་ཡང་མི་འགལ་ལོ། །དེ་ལྟར་གནས་ཕུན་སུམ་ཚོགས་

42a

༄༅།        །པ་སངས་རྒྱས་པའི་འོག་མིན། གདུལ་བྱ་བཏུལ་བའི་གནས་འཛམ་བུ་གླིང་། དཀྱིལ་འཁོར་སྤྲུལ་ཞིང་རྒྱུད་བཤད་པའི་གནས་རི་རབ་ཀྱི་རྩེ་མོ་སྟོན་པ་སྐུ་གསུམ་གྱི་བདག་ཉིད་བདེ་མཆོག་གི་འཁོར་ལོ་གདུལ་བྱའི་འཁོར་དྲག་པོ་འཇིགས་བྱེད་འཁོར་བཅས། དཀྱིལ་འཁོར་ལ་བཀོད་པའི་འཁོར་འཁོར་ལོ་ལྔའི་ལྷ་ཚོགས། ཉན་པའི་འཁོར་སངས་རྒྱས་བྱང་སེམས་རི་རབ་ཀྱི་རྡུལ་དང་མཉམ་པ་དང་། སྐལ་བ་ལྡན་པའི་ལྷ་མི་སོགས། ཞུ་བ་པོའི་འཁོར་ཕག་མོའམ། ཕྱག་རྡོར་སྡུད་པ་པོའི་འཁོར་ཡང་དེ་གཉིས་ཡིན་ལ། ཆོས་བདེ་མཆོག་རྩ་བཤད་རྣམས་གསུངས་ཏེ། དེ་ཡང་གནས་དེ་ཉིད་དུ་རྟག་ཏུ་བཞུགས་ཀྱི་གཞན་དུ་འགྲོ་བ་མེད་ལ། ཆོས་ཀྱང་། དང་པོར་གསུངས་པ་དེ་ཉིད་ལས། ཕྱིས་ཤཱཀ་ཐུབ་ཏུ་གྱུར་ནས་བཟླས་ཏེ་གསུངས་པ་མེད་པར་ཁ་ཅིག་འདོད་ལ། མཁའ་འགྲོ་རྒྱ་མཚོ་ལས་ནི་བཟླས་ནས་གསུངས་པར་བཤད་དེ། རྩ་བའི་རྒྱུད་ནི་རྒྱུད་ཆེན་པོ། །བསྡུས་པའི་རྣམ་པའི་གཟུགས་ཅན་ཏེ། །སངས་རྒྱས་བྱང་ཆུབ་སེམས་རྣམས་ཀྱིས། །དུས་ཐམས་ཅད་དུ་ཞལ་ན་གནས། །ཡི་གེ་ཀུན་གྱི་ཟ་མ་ཏོག །འབུམ་ཕྲག་སུམ་ཅུ་དྲུག་དང་པོ། །མཁའ་འགྲོ་རྒྱ་མཚོར་རབ་བཤད་དེ། །ཆེན་པོ་ཆུང་ངུར་གསུངས་པའོ། །རི་རབ་ཀྱི་ནི་རྡུལ་ཚད་ཀྱི། །མཁའ་འགྲོ་ཐམས་ཅད་ཀྱིས་གསུངས་སོ། །མཐའ་ཡས་ཤིང་ནི་མུ་མེད་ཉིད། །རྩོད་པའི་དུས་ཀྱི་སའི་ནང་དུ། །བཅོམ་ལྡན་མཐའ་ཡས་པས་འདི་གསུངས། །ཤཱཀྱ་སེང་གེས་གསུངས་པའི་རྒྱུད། །

42b

རྣལ་འབྱོར་ཕ་རོལ་སོན་པ་པོ། །ཞེས་གསུངས་པས་རྩ་བའི་རྒྱུད་ཆེན་པོ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དོན་ཐམས་ཅད་བསྡུས་པ་ནི། སངས་རྒྱས་སོགས་ཀྱི་ཞལ་ལ་གནས་ལ། དེའི་ནང་ནས་རྒྱུད་ཆེན་པོ་རྩ་བའི་རྒྱུད་ནི་རི་རབ་ཀྱི་རྡུལ་དང་མཉམ་པའི་མཁའ་འགྲོ་མ་རྣམས་ཀྱིས་གསུངས་པའི་འབུམ་ཕྲག་སུམ་ཅུ་རྩ་དྲུག་པ་ཡིན་ལ། དེའི་ནང་ནས་སྙིང་པོ་བསྡུས་པ་ནི་རྒྱུད་ཆུང་ངུ་འདི་ཡིན་ལ། དེ་དག་སླར་ཡང་རྩོད་དུས་སུ་ཤཱཀྱ་སེང་གེས་གསུངས་པར་འགྲེལ་པར་ཡང་བཤད་དེ། རྒྱུད་ཆེན་པོ་མཁའ་འགྲོ་རྒྱ་མཚོ་ལ་སོགས་པ་འདིར་འདུས་པའི་གཟུགས་འབུམ་ཕྲག་སུམ་ཅུ་རྩ་དྲུག་གིས་རྩ་བའི་མདོ་སྡེ་རྣམ་པར་འཆད་པར་འགྱུར་རོ། །རྒྱ་ཆེ་བར་ནི་དུ་མར་རོ། །མདོར་བསྡུས་པས་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་ནི་ཆོས་ཀྱི་ཕུང་པོའི་ཚད་དེ་འདི་ནི་ངེས་པའོ། །འབུམ་ཕྲག་སུམ་ཅུ་རྩ་དྲུག་གི་རྒྱུད་ཆེན་པོ་དེའི་དབུས་ནས་ཡང་ཡོངས་སུ་བསྡུས་པའི་གཟུགས་སྙིང་པོ་ལྟ་བུ་ཆུང་ངུ་མཁའ་འགྲོ་རྒྱ་མཚོ་དེ་ལྟར་འདིའི་མིང་དུ་བཤད་པའོ། །རི་རབ་ཀྱི་རྡུལ་ཞེས་བྱ་བ་ལ་སོགས་པས་རྒྱུན་འཆད་པ་མེད་པར་རབ་ཏུ་འབབ་པ་སྟེ་དེ་བཞིན་དུ་བཤད་དོ། །སླར་ཡང་རྩོད་པའི་དུས་སུ་རྒྱུད་ཆེན་པོ་མངོན་པར་བརྗོད་པ་འབུམ་ཕྲག་སུམ་ཅུ་རྩ་དྲུག་པ་ཤཱཀྱ་སེང་གེས་གསུངས་སོ། །ཞེས་སོ། །མཁའ་འགྲོ་རྒྱ་མཚོ་དང་མཉམ་པའི་རྣལ་འབྱོར་རྒྱ་མཚོ་ཡེ་ཤེས་རྒྱ་མཚོ། སྡོམ་པ་རྒྱ་མཚོ། བྱ་བ་རྒྱ་མཚོ། དེ་ཉིད་རྒྱ་མཚོ་སྟེ་རྒྱ་མཚོ་དྲུག་བཤད་དོ། །དེ་ལ་སློབ་དཔོན་རྡོ་རྗེས་མཛད་པའི་

43a

༄༅།        །འགྲེལ་པར། རྩ་བའི་རྒྱུད་ལེའུ་འབུམ་པ། རྒྱུད་ཕྱི་མ་ནམ་མཁའ་དང་མཉམ་པ་ཤོ་ལོ་ཀ་འབུམ་པ། ཕྱི་མའི་ཕྱི་མ་ལེའུ་ཉི་ཤུ་རྩ་གཅིག་ཤོ་ལོ་ཀ་བདུན་བརྒྱ་པའོ་ཞེས་བཞེད་དེ། བོད་ཀྱི་བླ་མ་དག་གི་སྒྲོས་དང་མཐུན་ནོ། །སློབ་དཔོན་ལ་བ་པའི་འགྲེལ་པར་རྩ་བའི་རྒྱུད་འབུམ་ཕྲག་གསུམ་པར་བཤད་ལ། འགྲེལ་པ་གཞན་རྣམས་ཀྱིས་རྩ་བའི་རྒྱུད་འབུམ་པར་བཞེད་པ་ནི། ཧེ་རུ་ཀ་མངོན་འབྱུང་ལས། འབུམ་ཕྲག་འབུམ་ཕྲག་གསུམ་ལས་བཤད། །རྒྱུད་ཀྱི་སྙིང་པོ་བསྡུས་པ་ཡིན་ཞེས་པའི་འགྲེལ་པར། རྒྱས་པ་མངོན་པར་བརྗོད་པ་འབུམ་ཕྲག་གསུམ་པ་དང་། བསྡུས་པ་མངོན་པར་བརྗོད་པ་འབུམ་ཕྲག་གཅིག་པར་བཤད། མཁའ་འགྲོ་རྒྱ་མཚོ་ལས། དེ་ལྟར་ངེས་བརྗོད་འབུམ་གསུམ་ལས། །ཆུང་བ་བདེ་མཆོག་ཆུང་ངུ་སྟེ། །ཨཱ་ཡིག་ལ་སོགས་ཀྵ་ཡིག་མཐར། །ལེའུ་རྣམས་ཇི་ལྟའི་རིམ་པ་ཡིས། །དེ་ཁོ་ན་ཉིད་ལྡན་པར་སྦྱར། །ཞེས་རྩ་བའི་རྒྱུད་མངོན་པར་བརྗོད་པ་འབུམ་ཕྲག་གསུམ་པ་ལས་བསྡུས་པ་ཉུང་ངུའི་རྒྱུད་ཨཱ་ལི་ཀཱ་ལི་ལྔ་བཅུ་དག་པའི་ལེའུ་ལྔ་བཅུ་པར་བཤད་པས། རྒྱས་བསྡུས་ལ་དགོངས་པས་གཉིས་ཀ་མི་འགལ་ལོ། །རྩ་རྒྱུད་འགྲེལ་པ་ཨིནྡྲ་བྷུ་ཏིས་མཛད་པར་དུས་ཕྱིས་ཤཱཀྱ་ཐུབ་པས་དཔལ་འབྲས་ཕུང་སུ་བསྐྱར་ནས་གསུངས་པར་བཞེད་དེ་དེ་ཡང་རི་རབ་ཀྱི་རྩེར་སྤྲུལ་བཤད་མཛད་ནས་འཛམ་བུའི་གླིང་པའི་མི་རྣམས་ཀྱི་དོན་གྱི་ཕྱིར་སྟོན་པས་དགའ་ལྡན་དུ། དམ་པ་ཏོག་དཀར་དུ་འཁྲུངས་པ་ལ་སོགས་

43b

མཛད་པ་བཅུ་གཉིས་ཀྱིས་སྤྲུལ་སྐུར་སངས་རྒྱ་བའི་ཚུལ་བསྟན་ཏེ། ཐེག་པ་གསུམ་གྱི་ཆོས་ཀྱི་འཁོར་ལོ་བསྐོར་ནས་སྐལ་བ་དང་ལྡན་པའི་གདུལ་བྱ་རྣམས་ཀྱི་དོན་དུ་དཔལ་འབྲས་ཕུང་གི་རི་ལ་བཅོམ་ལྡན་བདེ་མཆོག་འཁོར་ལོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་དཀྱིལ་འཁོར་གྱི་འཁོར་ལོ་སྤྲུལ་ཏེ། དཔའ་བོ་དང་རྣལ་འབྱོར་མ་བྱེ་བ་ཕྲག་བརྒྱད་བཅུ་ལ་བདེ་མཆོག་འཁོར་ལོའི་རྒྱུད་རྣམས་གསུངས་ཤིང་། དྲག་པོ་འཇིགས་བྱེད་འཁོར་བཅས་འདུལ་བའི་ཚུལ་བསྟན་ཏེ། །ཇི་སྐད་དུ། བཅོམ་ལྡན་རྡོ་རྗེ་འཆང་ཆེན་ཧེ་རུ་ཀས། །གསང་བའི་བདེ་བ་ཆེན་པོ་མཆོག་གི་གནས། །དབང་ཕྱུག་ཆེན་པོ་ཆེ་བའི་ཞིང་ཁམས་ནི། །རྡོ་རྗེ་བཙུན་མོའི་ཆོས་དབྱིངས་འབྱུང་གནས་ཉིད། །ཡོན་ཏན་རྫོགས་པ་རྣམ་དག་གནས་མཆོག་ཏུ། །དེ་བཞིན་གཤེགས་པ་དཔག་མེད་འདུས་པའི་ཚོགས། །ཕྱིར་མི་ལྡོག་པའི་སེམས་དཔའ་ཆེན་པོ་ནི། །རྡོ་རྗེ་སྙིང་པོར་ཆོས་སྣང་འོད། །གསང་བའི་མཛོད་འཛིན་སྡུད་པ་པོར་བཅས་ལ། །ཡེ་ཤེས་འོད་གསལ་ལྷན་ཅིག་སྐྱེས་པ་ཉིད། །བདེ་མཆོག་གསལ་བའི་ཏིང་འཛིན་ཉེར་དགོངས་མཛོད། །དེ་ལས་ས་གསུམ་འཇིག་རྟེན་དོན་གྱི་ཕྱིར། །སྟོན་པ་བཅོམ་ལྡན་སྐུ་བཞི་དབྱེར་མེད་ལ། །རི་རབ་རི་ཡི་རྩེ་མོ་ག་ལ་བར། །ཁང་བརྩེགས་དེར་ནི་དཀྱིལ་འཁོར་འཁོར་ལོ་ནི། །མངོན་པར་འབྱུང་བའི་ཕོ་བྲང་རིན་ཆེན་སྤྲས། །བཀོད་པ་ཚད་མེད་ལྷ་ཚོགས་འདུས་པ་ནི། །བདེ་གཤེགས་རྣམས་དང་བྱང་ཆུབ་སེམས་དཔའ་ནི། །

44a

༄༅།        །རིག་མ་ལྷ་མོའི་ཚོགས་ཀྱིས་མཆོད་པར་འགྱུར། །བཅོམ་ལྡན་གར་ཉམས་ལྡན་པས་བཞུགས་པར་མཛད། །ཁྲོ་རྒྱལ་ཉི་ཤུ་རྩ་བཞི་འཁོར་ལོར་བཀོད། །དཔའ་བོ་རྣལ་འབྱོར་མ་ཚོགས་མཁའ་འགྲོས་བསྐོར། །རྗེ་བཙུན་ཕྱག་ན་རྡོ་རྗེ་འཇིག་རྟེན་གྱི། །ལྷ་ནི་དབང་ཕྱུག་ཆེན་པོ་ཨུ་མར་བཅས། །ཞབས་གཡས་བསྐུམས་པས་ཨུ་མ་དེ་བ་བརྫིས། །གཡོན་ཞབས་བརྐྱངས་བས་དབང་ཕྱུག་མནན་པར་གྱུར། །བཏུལ་ནས་གདན་དུ་མཛད་པས་གནས་པར་གྱུར། །དེ་ཉིད་ཕྲིན་ལས་དབང་བསྒྱུར་གཞན་ཡང་ནི། །ཚངས་པ་དབང་པོ་འཇུག་སེལ་ལ་སོགས་བཏུལ། །གསང་ཆེན་འབྱུང་བའི་དུས་དེ་གླེང་གཞི་བསྟན། །དཀྱིལ་འཁོར་རྒྱལ་པོ་མཆོག་ཏུ་བསྟན་པའོ། །འཛམ་གླིང་རྣམས་སུ་འགྲོ་རྣམས་དོན་གྱི་ཕྱིར། །མངོན་པར་བྱང་ཆུབ་ཚུལ་བསྟན་བདུད་བཏུལ་ནས། །བདེ་བར་གཤེགས་པའི་ཕྲིན་ལས་སྟོབས་གཟིགས་པས། །དྷཱ་ནྱ་ཀ་ཊ་པར་བ་ཏི་ཞེས་གླིང་། །ཆགས་པ་ཟད་བྱེད་ཆོས་ཀྱི་འབྱུང་གནས་ཉིད། །དཀྱིལ་འཁོར་འཁོར་ལོ་དཔའ་བོ་རྣལ་འབྱོར་མ། །བྱེ་བ་ཕྲག་ནི་བརྒྱད་ཅུ་ལ་སོགས་པ། །དཔག་མེད་འདུལ་ལ་གསང་ཆེན་འདི་གསུངས་སོ། །ཉི་ཤུ་རྩ་བཞི་གནས་བརྒྱད་བཅས་པར་ནི། །དྲག་པོ་འཇིགས་བྱེད་འཁོར་དང་བཅས་པ་ཡང་། །འཇུག་ཅིང་དབང་བྱས་ལོངས་སྤྱོད་ཐིམ་པར་མཛད། །འཇུག་གནས་གསང་བ་འབྱུང་ལྡོག་གྱུར་པ་ཡིས། །འཇིགས་བྱེད་

44b

མི་ཟད་རྔམ་པ་ནུས་པའི་མགོན། །སྒྲ་སྒྲོགས་གློག་འཁྱུ་མེ་འབར་ང་རོ་ཅན། །ལྗོན་ཤིང་ལ་གནས་མགོ་བརྙན་ཅན་དང་ནི། །མི་འམ་ཡིད་འཕྲོག་ལ་སོགས་མཐའ་བརྒྱད་དང་། །དུར་ཁྲོད་གནས་སུ་འདུལ་བར་མཛད་པ་ནི། །གདུལ་བྱའི་མིང་ནི་འདུལ་བྱེད་ལ་གྲགས་གྱུར། །ལས་རྒྱལ་མཆོག་གི་འཕྲིན་ལས་བསྟན་པའོ། །ཞེས་རྣལ་འབྱོར་མ་སྙིང་པོའི་རྒྱུད་ལས་གསུངས་སོ། །ཞེས་ལུང་དྲངས་སོ། །དེ་ལྟར་རྩ་རྒྱུད་དང་བསྡུས་རྒྱུད་ཀྱི་སྤྲུལ་བཤད་རྣམས་མཛད་ནས་བཀའ་བསྡུས་པའི་ཚུལ་ནི། སྤྱིར་གསང་སྔགས་ཀྱི་སྡུད་པ་པོ་ཕྱག་ན་རྡོ་རྗེས་བསྡུས་པར་བཤད་པ་གཙོ་ཆེ་ལ། སྒོས་སྒོས་སུ་རྒྱུད་ཀྱི་ཞུ་བ་པོ་གང་ཡིན་གྱིས་བསྡུས་པར་གསུངས་ཏེ། དགྱེས་རྡོར་རྡོར་སྙིང་དང་རྡོ་རྗེ་བདུད་རྩིའི་རྒྱུད་མཱ་མ་ཀཱིས་བསྡུས་པར་བཤད་པ་ལྟ་བུའོ། །མཁའ་འགྲོ་རྒྱ་མཚོ་ལས་ནི། བསྡུ་བ་མཛད་པ་སོགས་རྣམས་ཀྱིས། །བདག་ལས་བགྲོད་པ་དེ་ཐོབ་པོ། །མ་མོ་ཐམས་ཅད་འདུས་རྣམས་ཀྱིས། །རྡོ་རྗེའི་གནས་རྣམས་སུ་བསྡུས་སོ། །གཅིག་ལ་གཅིག་གིས་བཞེད་པ་ནི། །གསོལ་བ་འདེབས་ཤིང་གསོལ་འདེབས་མཛད། །བཅོམ་ལྡན་འདས་ཀྱིས་གསུངས་པ་ཡིས། །ཚིག་འདི་ལ་ནི་མངོན་པར་དགའ། །ཞེས་གསུངས་ཏེ། རྩོད་པའི་དུས་སུ་ཤཱཀྱ་ཐུབ་པས་གསུངས་པའི་རྒྱུད་རྣམས་རྡོ་རྗེ་ཕག་མོ་ལ་སོགས་པ་མ་མོ་འདུས་པ་རྣམས་ཀྱིས་རྡོ་རྗེའི་གནས་ཨུ་རྒྱན་དུ། ཕན་

45a

༄༅།        །ཚུན་དྲི་བ་དང་ལན་གྱིས་རྒྱུད་ཡང་དག་པར་བསྡུས་པས། འཁོར་རྣམས་རྗེས་སུ་ཡི་རང་བར་གྱུར་པའོ། །དེ་ཡང་མཁའ་འགྲོ་རྒྱ་མཚོའི་རྒྱུད་ལས་རྩ་བའི་རྒྱུད་རྒྱས་པ་ནི། སྔོན་བསྐལ་པ་དང་པོའི་དུས་སུ་གསུངས་ལ། བསྡུས་རྒྱུད་རྣམས་རྩོད་པའི་དུས་སུ་ཤཱཀྱ་ཐུབ་པས་སྔར་གྱི་དོན་བསྡུས་ཏེ་གསུངས་པ་སྡུད་པ་པོས་བསྡུས་པར་བཤད་ལ། གུར་ལས་ཀྱང་། སྙིགས་མའི་དུས་སུ་སྐྱེས་བུ་ཚེ་ཐུང་བ་ཉོན་མོངས་པ་ཤས་ཆེ་བ་རྣམས་ཀྱི་དོན་དུ། རྩ་བའི་རྒྱུད་རྒྱས་པ་ལས་བསྡུས་ནས་བསྟན་པར་བཤད་ལ། མཉམ་སྦྱོར་འགྲེལ་པར། སྟོན་པས་སྤྲུལ་བཤད་མཛད་པའི་དོན་དེ་ཉིད་སྡུད་པ་པོས་གདུལ་བྱའི་དབང་པོ་ལ་ལྟོས་ནས་རྒྱུད་རྒྱས་འབྲིང་བསྡུས་གསུམ་ལ་སོགས་པ་བསྡུས་པར་བཞེད་དོ། །དེ་ལྟར་སྟོན་པ་དང་འཁོར་དང་ཉན་པ་པོ་དང་སྡུད་པ་པོ་ཐ་དད་དུ་བཞེད་ཅིང་དེ་ལ་མོས་པའི་གང་ཟག་དྲང་བའི་དོན་དུ་སྟོན་པ་ཉིད་ཀྱིས་ཡེ་ཤེས་ཀྱི་རྣམ་འཕྲུལ་སྟོན་པ་དང་འཁོར་དང་སྡུད་པ་པོ་ཐ་དད་དུ་སྟོན་པར་སྣང་བ་ཡིན་གྱི། རྒྱུད་ཐ་དད་དུ་གྱུར་པ་མ་ཡིན་ཏེ། ཀྱེའི་རྡོ་རྗེ་ལས། འཆད་པ་པོ་ང་ཆོས་ཀྱང་ང་། །རང་གི་ཚོགས་ལྡན་ཉན་པ་ང་ཞེས་གསུངས་པས་སོ། །དེ་ལྟར་རང་ལས་ཐ་དད་པ་ལྟ་བུའི་སྡུད་པ་པོས་བསྡུས་པར་བསྟན་པའང་གདུལ་བྱ་དྲང་བའི་དོན་ཡིན་གྱི། ཡང་དག་པར་སྟོན་པ་ཉིད་ཀྱིས་ཨེ་བཾ་མ་ཡཱ་ཞེས་སོགས་གསུངས་པ་ལ། དབང་པོ་རྣོན་པོས་རྒྱུད་ཐམས་ཅད་ཀྱི་དོན་མདོར་བསྡུས་ནས་བསྟན་པར་གོ །རྟུལ་པོས་སྡུད་པ་པོའི་

45b

གླེང་གཞི་གསུངས་པར་གོ་བ་ཡིན་གྱིས། སངས་རྒྱས་ཀྱིས་ཆོས་བསྟན་པའི་དུས་ཕྱིས་སྡུད་པ་པོའི་བཅུག་པའི་ཚིག་མ་ཡིན་ཏེ། ཡིན་ན་རྒྱུད་སྟོན་པ་པོས་དེ་ལ་བཤད་པ་མཛད་པར་མི་རིགས་པ་ལ། རྒྱུད་དུ་མ་ལས་གླེང་གཞིའི་བཤད་པ་གསུངས་པའི་ཕྱིར། སྟོན་པ་ཉིད་ཀྱིས་གསུངས་པར་ངེས་ཏེ། གསང་བ་གྲུབ་པ་ལས། སློབ་དཔོན་ཕལ་ཆེར་འདི་སྐད་བརྗོད། །དཔལ་ལྡན་འདུས་པ་མདངས་ཆེན་གྱིས། །རྒྱུད་ཀྱི་སྡུད་པ་བྱེད་པ་པོ། །དཔའ་བོ་འཇིག་རྟེན་དབང་ཕྱུག་ཟེར། །བླ་མའི་ཞབས་ཀྱི་བཀའ་དྲིན་གྱིས། །དཔལ་ལྡན་འདུས་པ་སྡུད་པ་པོ། །གཞན་དག་ཡོད་པ་མ་ཡིན་ཞེས། །བདག་ཉིད་འབའ་ཞིག་སྨྲ་བར་བྱེད། །རྒྱུད་མཛད་པ་ནི་ཐུགས་རྗེ་ཆེ། །གསུང་བ་པོ་དེ་བརྗོད་པ་འང་། །དེ་ལས་གཞན་དག་ཡོད་མིན་པས། །བདེ་ཆེན་ལས་གཞན་གསུང་བ་མེད། །འདི་སྐད་ཐོས་པའི་ཚིག་གང་དང་། །བཞུགས་ཞེས་བྱ་བའི་ཚིག་གནས་པ། །ཐུགས་ཀྱི་རྡོ་རྗེ་བདག་ཉིད་ཀྱིས། །སངས་རྒྱས་ཀུན་ལ་བསྟན་པ་ཡིན། །ཞེས་གསུངས་སོ། །མཁའ་འགྲོ་རྒྱ་མཚོ་ལས། ཤེས་རབ་རྒྱུད་ནི་རང་བྱུང་ཉིད། །རང་གི་རང་བཞིན་རྟག་ཏུ་གནས། །བྱང་ཆུབ་ཕྱོགས་ཀྱི་ཆོས་རྣམས་སུ། །མི་འཇིག་གོ་འཕང་རྗེས་འགྲོ་བ། །བསྐལ་པ་བསྲེག་པའི་དུས་སུ་ནི། །གཞན་དུ་སོང་ནས་ཡང་དག་གནས། །ཞེས་བདེ་མཆོག་ཡུལ་ཉི་ཤུ་རྩ་བཞི་པས་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱིས་ཉམས་སུ་བླངས་ཏེ་གནས་པའི་ཕྱིར་

46a

༄༅།        །རྟག་ཏུ་མི་ནུབ་པར་གནས་ཏེ། འཛམ་བུའི་གླིང་ལས་ཀྱི་ས་པ་ཡིན་པས་སྔར་མེད་པའི་དགེ་མི་དགེའི་ལས་སྟོབས་ལྡན་གསར་དུ་བསྐྱེད་རུང་བའི་ཕྱིར་སངས་རྒྱས་པའི་ལམ་ཡང་དེར་བསྐྱེད་དུ་རུང་བའི་ཕྱིར་གནས་པ་ཡིན། གླིང་གཞན་ནི་འབྲས་བུའི་ས་པ་ཡིན་པས་སྔར་བྱས་པའི་ལས་འབྲས་ལ་ལོངས་སྤྱོད་ཀྱི་ལས་གསར་པ་མིག་གསོགས་པས་སོ། །གསེར་གླིང་ནི་འཛམ་བུའི་གླིང་དང་འོག་གཞི་འབྲེལ་ཅིང་ཉེ་བའི་ཕྱིར་འཛམ་བུའི་གླིང་དུ་གཏོགས་ཏེ། བྷ་བ་བྷ་ཊས། གང་གི་ཕྱིར་འདིའི་གླིང་ནི་ལས་ཀྱི་ས་པ་ཉིད་དེ་ལས་ཀྱིས་གྲུབ་པ་རྣམས་སོ། །གླིང་གཞན་རྣམས་སུ་ནི་སྔོན་གྱི་ལས་ཀྱི་འབྲས་བུ་ཉེ་བར་ལོངས་སྤྱོད་པ་ཙམ་དུ་ཟད་དེ། སྔོན་མེད་པའི་ལས་མི་བསྐྱེད་དོ། །རྟོགས་པས་གང་ཞིག་རྣལ་འབྱོར་མ་རྣམས་གཞན་དུ་མི་འགྲོ་སྟེ། འཛམ་བུའི་གླིང་དང་ཉེ་བའི་ཕྱིར་གསེར་གླིང་གཟུང་ངོ་ཞེས་སོ། །ཀུན་སྤྱོད་ལས། མདོར་བསྟན་པ་ཡི་སྤྲུལ་པ་ཡིན། །རྒྱས་བསྟན་ལོངས་སྤྱོད་རྫོགས་པར་བརྗོད། །སླར་རྒྱས་བསྟན་པས་མ་ལུས་ཉིད། །མྱ་ངན་འདས་པ་དེ་ཉིད་བསྟན། །ཞེས་རྩ་བའི་རྒྱུད་རྒྱས་པའི་རྒྱས་པ་ནི་ཆོས་སྐུ། རྒྱས་པ་ནི་ལོངས་སྐུ། བསྡུས་རྒྱུད་ནི་སྤྲུལ་སྐུར་གསུངས་པས། རྒྱུད་རྒྱས་པའི་རྒྱས་པ་སངས་རྒྱས་རྣམས་ཀྱི་ཐུགས་ལ་གནས། རྩ་རྒྱུད་རྒྱས་པ་བྱང་སེམས་ཆེན་པོ་རྣམས་ཀྱི་སྤྱོད་ཡུལ་དུ་གྱུར་པའི་ཚུལ་གྱིས་རྒྱུན་མི་འཆད་པར་རྟག་

46b

ཏུ་གནས་ཀྱང་བསྡུས་རྒྱུད་ནི་སྤྲུལ་སྐུ་ལ་ལར་སྤྲུལ་པ་སྟོན་ཀྱང་ལ་ལར་མྱ་ངན་ལས་འདའ་བ་ལྟར་སྐལ་བ་དང་མི་ལྡན་པའི་ངོར་ནུབ་པའི་ཚུལ་ཡང་སྟོན་པ་ཉིད་དོ། །