བུ་སྟོན་ཞབས་ཀྱིས་མཛད་པའི་བདེ་མཆོག་ཆོས་འབྱུང་།
མཇུག་བྱང་།
上一章
下一章

(མཇུག་བྱང་།)

དེ་ལྟར་དངོས་གྲུབ་གསང་བ་ཀུན་འདུས་པ། །ཀླ་ཀློའི་སྐད་ཀྱིས་ཤིན་ཏུ་སྦས་པ་ཡི། །འཁོར་ལོ་སྡོམ་པའི་རྒྱུད་སྡེ་རྒྱ་མཚོ་ཆེ། །ཇི་ལྟར་གསུངས་ཤིང་སྡུད་པའི་བསྡུས་ཚུལ་དང་། །སྤྲུལ་སྐུའི་ཞིང་དུ་རྒྱུན་དུ་གནས་པའི་ཚུལ། །གྲུབ་ཐོབ་བླ་མའི་བརྒྱུད་པའི་རིམ་པ་དང་། །རྒྱུད་སྡེའི་ངོས་འཛིན་དབྱེ་བ་མདོར་བསྡུས་པ། སྤྱིའི་རྣམ་བཞག་བསྡུས་པ་དོན་གསལ་འདི། །དུས་གསུམ་སངས་རྒྱས་ངོ་བོ་ཆོས་ཀྱི་རྗེ། །དཔལ་ལྡན་བླ་མའི་བཀའ་ཡིས་གནང་ཕྱིར་དང་། །བློ་ལྡན་དོན་གཉེར་རྣམས་ཀྱིས་བསྐུལ་བའི་ཕྱིར། །ཤཱཀྱའི་དགེ་སློང་རིན་ཆེན་གྲུབ་ཀྱིས་བཀོད། །དེ་ཡི་དགེ་བས་མཐའ་ཡས་སྐྱེ་རྒུའི་ཚོགས། །སྒྲིབ་གཉིས་ལྷ་མིན་བདུད་ཀྱི་དཔུང་བཞི་བཅོམ། །མཁྱེན་རབ་སྤྱན་སྟོང་ཡེ་ཤེས་རྡོ་རྗེ་འཛིན། །ཡོན་ཏན་རིན་ཆེན་རྒྱན་སྤྲས་འགྲུབ་གྱུར་ཅིག །འདི་ལ་ནོར་པའི་ཚོགས་ནི་ཅི་མཆིས་པ། །དུས་གསུམ་བླ་མ་རྣམས་ལ་འདོད་པའི་ལྷ། །མཁས་པའི་སྐྱེས་བུ་རྣམས་ཀྱི་བཟོད་པའི་མེས། །ནོར་བའི་རྒྱུ་ཡི་ཚང་ཚིང་བསྲེག་ཏུ་གསོལ།།  །།དཔལ་འཁོར་ལོ་སྡོམ་

79b

པ་རྩ་བའི་རྒྱུད་ཀྱི་སྤྱི་དོན་རྣམ་པར་གཞག་པ་དོན་གསལ་ཞེས་བྱ་བ་འདི། དཔལ་ལྡན་བླ་མའི་བཀའ་གནང་བ་ལ་བརྟེན་ནས། བུ་སྟོན་གྱིས། རྒྱལ་བའི་ལོ་སྣྲོན་གྱི་ཟླ་བའི་ཉི་ཤུ་གཉིས་ལ་རྫོགས་པར་སྦྱར་བའོ།།        །།འདིས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་མྱུར་དུ་སྐེམ་པར་གྱུར་ཅིག།        །       (གཅིག་ལེགས་པར་ཞུས།)