ལྡེའུ་ཆོས་འབྱུང་།
དང་པོ། མཆོད་པར་བརྗོད་པའི་དགོས་དོན།
上一章
下一章

(དང་པོ། མཆོད་པར་བརྗོད་པའི་དགོས་དོན།)

ཀླད་ཀྱིས་དོན་ལ་གཉིས་ཏེ། མཆོད་པར་བརྗོད་པ་མདོར་བསྟན་གྱི་ཚུལ་དང་། བརྩམ་པར་དམ་བཅའ་བ་ཁེ་འུ་ཀྱུང་པ་དང་བཅས་པའོ། །མཆོད་པར་བརྗོད་པ་ལ་གསུམ་སྟེ། དགོས་པའི་དོན་དང་། བསྡུས་པའི་དོན་དང་། ཚིག་གི་དོན་བསྟན་པའོ། །དགོས་པའི་དོན་ལ་གཉིས་སྟེ། རང་གི་དགོས་པ་དང་། གཞན་གྱི་དགོས་པའོ། །རང་གི་དགོས་པ་ལ་ལྔ་སྟེ། བདག་ཉིད་ཡ་རབས་དང་ཚུལ་བསྟུན་པར་བྱ་བའི་ཕྱག་བཙལ་བ་དང་། ཕྱག་བཙལ་བས་བསོད་ནམས་ཀྱིས་ཚོགས་རྫོགས། དེས་བསོད་ནམས་མ་ཡིན་པའི་ལེགས། དེས་བར་ཆོད་ཀྱིས་གདོན་ཞི། དེས་བརྩམས་པ་མཐར་ཕྱིན་ནས། བརྩམས་པའི་ཆོས་དང་བཀྲིས་པའི་དགོས་པའི་དགོས་པའོ། །གཞན་གྱི་དགོས་པ་གཉིས་ནི། དད་ལྡན་མོས་པའི་སྒོ་ནས་འཇུག་པ་ཚིག་སྙན་པས་

3b

པས་འཇུག་པ་དང་། རྟོགས་ལྡན་ཐེ་ཚོམ་གྱི་སྒོ་ནས་འཇུག་པ་དོན་བཟང་ནས་འཇུག་པའི་དགོས་པའོ། །བསྡུས་པའི་དོན་ཡུལ་བླ་མ་དང་དཀོན་མཆོག་ལ། གང་ཟག་མཛད་མཁན་གྱིས། ཚུལ་ལམ་ཐབས་ལུས་ངག་ཡིད་གསུམ་དང་པའི་སྒོ་ནས་མཆོད་པར་བརྗོད་པ་བྱས་པའོ། །ཚིག་དོན་ནི་སྟོན་པ་རྫོགས་སངས་རྒྱས་དང་ཞེས་པས་སྐུ་གསུམ་སྟེ་འབྲས་བུའི་སྒོ་ནས་བསྟོད། བསྟན་པའི་ཆོས་བརྒྱད་ཁྲི་བཞི་སྟོང་ལ་སོགས་ཞེས་པས་ཆོས་རྣམས་པ་གསུམ་སྟེ། ལམ་གྱིས་སྒོ་ནས་བསྟོད་པའོ། །ཆོས་གསུམ་ནི་དོན་དམ་པའི་ཆོས་ཞི་བ་མྱ་ངན་ལས་འདས་པ་དང་། བསྟན་པའི་ཆོས་གསུང་རབས་ཡན་ལག་བཅུ་གཉིས་དང་། བསྒྲུབས་པའི་ཆོས་འཕགས་པའི་ལམ་ཡན་ལགས་བརྒྱད་པའོ། །བསྡུད་པ་པོ་ཕྱག་རྡོར་དང་ནི་ཞེས་པས་དགེ་འདུན་གསུམ་ལ་བསྟོད་པའོ། །ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་དགེ་འདུན་གསུམ་ལ་བསྟོད་པས་རྒྱུ་གང་ཟག་གསུམ་ལ་བསྟོད་པའོ། །བསྟན་པ་རྒྱས་བྱེད་ཀླུ་གྲུབ་ལ་སོགས་བླ་མ་རྣམས་ལ་འདུད་ཞེས་པས་བླ་མ་དཀོན་མཆོག་བཞི་པ་ལ་བསྟོད་པ་སྟེ། བླ་མ་དཀོན་མཆོག་གསུམ་དང་མཉམ་པའམ། དེ་ལས་ལྷག་པ་དཀོན་མཆོག་བཞི་པར་བཞག་པའོ། །དེ་ལ་ངེས་བརྗོད་བླ་མ་ལས། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་སྟེ། །ཞེས་པས་མཉམ་པའི་ལུང་དང་། དགོངས་འདུས་ལས། བསྐལ་པ་འབུམ་གྱིས་སངས་རྒྱས་ལས། །བླ་མ་དག་ནི་གཉན་པར་གསུངས། །ཇི་སྟེ་བསྐལ་པའི་སངས་རྒྱས་ལ། །

4a

༄༅།       །བླ་མ་དག་ལ་སྟེན་པས་བྱུང་། །ཞེས་པས་དཀོན་མཆོག་གསུམ་པས་བླ་མ་གཉན་པར་གསུངས་པའོ། །བརྩམས་པར་དམ་བཅའ་བ་འདི་འདས་པ་དང་མ་བྱོན་ཞེས་ཚིགས་སུ་བཅད་པ་གཅིག་གི་སྟོན་སྟེ། དེ་ལ་ཡང་དགོངས་འབྲེལ་ཡན་ལགས་བཞི་ཚངས་སྟེ། བརྗོད་བྱ་འབྲེལ་པ་དགོས་པ་དགོས་པའི་དགོས་པའོ། །དེ་ཡང་བརྩམས་པར་དམ་བཅའ་བ་ཁོ་འུ་ཀྱུངས་པ་དང་བཅས་པ་སྟེ། འདས་དང་མ་བྱོན་དང་ད་ལྟར་དུས་གསུམ་དུ། །རྫོགས་པའི་སངས་རྒྱས་དྲངས་ཀྱིས་བྱོན་གྱུར་ཀྱང་ཞེས་པ་དང་། བསྐལ་བཟངས་འདིའི་རྣམ་ཐར་ཅུང་ཟད་བརྗོད་ཞེས་པས་བཤད་པར་དམ་བཅའ་བ་དངོས་དང་། དེ་རྩམ་རྟོགས་པར་མི་ནུས་ཞེས་པས་ཁེ་འུ་ཀྱུངས་པ་དང་བཅས་པའོ། །