ལྡེའུ་ཆོས་འབྱུང་།
དང་པོ། སྐུ་གསུམ་གྱི་ལོ་རྒྱུས།
上一章
下一章

(དང་པོ། སྐུ་གསུམ་གྱི་ལོ་རྒྱུས།)

ན་མོ་ཀ་ཡ་བག་ཙིཏྟ། སྤྱིར་དམ་པའི་ཆོས་ཇི་རྩམ་གཅིག་གསུངས་པ་ཡང་། རྫོགས་པ་བུདྷས་གསུངས་པར་ཤེས་པར་བྱའོ། །སངས་རྒྱས་དེ་ཡང་ཆོས་བྱས་པའི་འབྲས་བུ་སྟེ། སྐུ་གསུམ་ཡེ་ཤེས་ལྔའི་བདག་ཉིད་ཅན་གཅིག་ལ་ཐམས་ཅད་མཐུན་པར་བཞེད་དོ། །དེ་ལྟར་ཡང་སངས་རྒྱས་ཀྱི་རྒྱུ་ཡང་སེམས་ཅན་ཏེ། རྒྱུ་ལམ་འབྲས་བུ་གསུམ་འཛོམས་པས་ཆོས་འབྱུང་བ་ཡིན་ཏེ། དེ་བས་ཆོས་འབྱུང་ཆེ་ཆུང་གསུམ་མམ། དང་པོ་དང་རབ་ཐ་མའོ། །དེ་ལས་ཆོས་འབྱུང་དང་པོ་སྐུ་གསུམ་ལ་གླེང་བར་ཐལ་ན། སྐུ་གསུམ་འདི་ལ་སློབ་དཔོན་དྲི་མེད་ཟླ་བའི་བཤེས་གཉེན་རྗེས་སུ་འབྲང་ནས། དོན་ཉི་ཤུ་རྩ་ལྔས་བསྟན་ལ་དབབ་སྟེ། སྡོམ་ནི་ངོ་བོ་ངེས་ཚིག་དབྱེ་བ་དང་། །བཞི་དང་རང་བཞིན་མཚན་ཉིད་དང་། །གྲོལ་དང་མཚུངས་དང་དག་པ་དང་། །ཡོད་པ་དང་ནི་གྱུར་པའོ། །གནས་དང་འཁོར་དང་ཞིང་ཁམས་དང་། །གདུལ་བྱ་གྲངས་ངེས་གོ་རིམ་ངེས། །དཔེ་

7a

༄༅།       །དང་རྒྱུ་དང་གནས་གྱུར་དང་། །ཤེས་བྱ་ཡེ་ཤེས་གང་བསྡུས་དང་། །མྱ་ངན་འདས་གང་བསྡུས་དང་། །ས་འཚམས་དང་ནི་འཇུག་གོ་དང་། །དགུ་སྲུགས་དང་ནི་རྒལ་ལན་སོགས། །རྣམ་པ་ཉི་ཤུ་རྩ་ལྔ་ཡིས། །སྐུ་གསུམ་སྟན་ལ་དབབ་པར་བྱ། །སྐད་ན་དེ་ལ་ཆོས་སྐུའི་ངོ་བོ་གང་ཞེས་ན། སྤྲོས་པ་དང་བྲལ་བ་སྟེ། དེ་ཡང་རྡོ་རྗེ་གཅོད་པ་ལས། གང་དག་ང་ལ་གཟུགས་སུ་མཐོང་། །གང་དག་ང་ལ་སྒྲས་ཤེས་པ། །ལོགས་པར་ཡོང་ལ་ཞུགས་པ་དེ། །སྐྱེ་བོ་རྣམས་ཀྱི་ང་མི་མཐོང་། །འདྲེན་པ་རྣམས་ནི་ཆོས་ཀྱིས་སྐུ། །ཆོས་ཉིད་ཤེས་པར་བྱ་བ་ཡིན། །ཞེས་སོ། །ལོངས་སྐུའི་ངོ་བོ་གང་ཞེས་ན། གཟུགས་བརྙན་གྱི་རྣམ་པ་ལྟ་བུ་ལ་མཚན་དང་དཔེ་བྱད་ཀྱི་བརྒྱན་པའོ། །དེ་སྐད་དུ་ཡང་མངོན་རྟོགས་བརྒྱན་ལས། མཚན་ནི་སུམ་བཅུ་རྩ་གཉིས་དང་། །དཔེ་བྱད་བཟང་པའི་བདག་ཉིད་འདི། །ཐུབ་པས་ཉེར་བར་ལོངས་སྤྱོད་ཕྱིར། །ལོངས་སྤྱོད་རྫོགས་པའི་སྐུ་རུ་འདོད། །ཞེས་པས་སོ། །སྤྲུལ་སྐུའི་ངོ་བོ་གང་ཞེས་ན། ངེས་པ་མེད་པར་གང་ལ་གང་འདུལ་དུ་སྣང་པའོ། །དེ་ཡང་མངོན་རྟོགས་བརྒྱན་ལས། གང་གིས་འཁོར་བ་ཇི་སྲིད་པར། །འགྲོ་ལ་ཕན་པ་སྣ་ཚོགས་པ། །མཉམ་དུ་མཛད་པའི་སྐུ་དེ་ནི། །ཐུབ་པའི་སྤྲུལ་སྐུ་རྒྱུན་མི་འཆད། །ཞེས་གསུངས་སོ། །དེ་ལ་ཆོས་སྐུའི་ངེས་ཚིག་ནི། ཆོས་ཞེས་པ་དོན་དམ་པའི་ཆོས་ཞི་བ་མྱ་ངན་ལས་འདས་པ་ལ་སྐུ་ཞེས་པ་ཡང་ཤེས་བྱའི་ཡོན་ཏན་བསགས་པའོ། །ལོངས་སྐུའི་ངེས་ཚིག་ནི། རྡུལ་བྱ་དག་པ་རྣམས་ལ་རྫོགས་པར་ལོངས་སྤྱོད་པས་སངས་རྒྱས་ཀྱི་ཡོན་ཏན་ཚང་པས་ན་སྐུའོ། །

7b

སྤྲུལ་སྐུའི་ངེས་ཚིག་ནི། གཅིག་ཏུ་མ་ངེས་ལ་གང་ལ་གང་འདུལ་ཏུ་སྣང་པས་གཟུགས་སུ་སྤྲུལ་བས་ན་སྐུའོ། །དབྱེ་བ་ནི་གཉིས་སམ་གསུམ་མམ་བཞི་འམ་ལྔར་ཀྱང་སྣང་ཏེ། གཉིས་ནི་ཆོས་སྐུ་དང་གཟུགས་སྐུའོ། །དེ་ཡང་ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཞེས་གསུངས་སོ། །གསུམ་ནི་ལོངས་སྐུའོ། །སྐུ་གསུམ་གཅིག་གི་སངས་རྒྱས་ཀྱི། །སྐུ་བསྡུ་བར་ནི་ཤེས་པར་བྱ་ཞེས་སོ། །བཞི་ནི་ངོ་བོ་ཉིད་ཀྱི་སྐུ་དང་། རྣམ་པར་སྨིན་པ་དང་། ལོངས་སྐུའི་སྤྲུལ་སྐུའོ། །དེ་སྐད་དུ་ཡང་རྩེ་མོ་ལས། རྡོ་རྗེ་སེམས་དཔའ་དབང་བསྐུར་བས། །ངོ་བོ་ཉིད་ཀྱི་སྐུ་རུ་འདོད། །རྡོ་རྗེ་རིན་ཆེན་དབང་བསྐུར་བས། །རྣམ་པར་སྨིན་པའི་སྐུ་རུ་འདོད། །རྡོ་རྗེ་ཆོས་ཀྱི་དབང་བསྐུར་བས། །ལོངས་སྤྱོད་རྫོགས་པའི་སྐུ་རུ་འདོད། །རྡོ་རྗེ་ལས་ཀྱི་དབང་བསྐུར་བས། །སྤྲུལ་པ་ཡིས་ནི་སྐུ་རུ་འདོད། །ཞེས་སོ། །ལྔ་ནི་གསུམ་དང་ངོ་བོ་ཉིད་ཀྱི་དང་། རྣམ་པར་སྨིན་པའོ། །དེ་ཡང་སངས་རྒྱས་སྐུ་ལྔའི་བདག་དེ་ཞེས་སོ། །ཆོས་སྐུའི་བཞི་གང་ཞེས་ན་ཆོས་ཀྱི་དབྱིངས་རྣམ་པར་དག་པ་སྟེ། དེ་དག་ཀུན་བཞིའི་རྣམ་པར་ཤེས་པ་གནས་འགྱུར་པ་མེ་ལོང་ཡེ་ཤེས་སྟེ། དེ་གཉིས་སུ་མེད་པས་ཆོས་སྐུའི་བཞིའོ། །ཉོན་མོངས་པ་ཅན་གྱི་ཡིད་གནས་འགྱུར་བས། མཉམ་པ་ཉིད་ཀྱི་ཡེ་ཤེས། ཡིད་ཀྱི་རྣམ་ཤེས་རྣམས་གནས་འགྱུར་བས་ཀུན་རྟོགས་ཡེ་ཤེས་དེ་ལོངས་སྐུའི་བཞིའོ། །སྒོ་ལྔའི་རྣམ་ཤེས་གནས་འགྱུར་བས་བྱ་བ་གྲུབ་པའི་ཡེ་ཤེས་སྟེ། སྤྲུལ་པ་སྐུའི་བཞིའོ། །ཆོས་སྐུའི་རང་བཞིན་གང་ཞེས་ན། མཉམ་ཉིད་མི་འགྱུར་བ་སྐྱེ་བ་མེད་པའོ། །ལོངས་སྐུའི་རང་བཞིན་སྒྱུ་མ་ལྟ་བུ་ལ་ཐུགས་རྗེ་རྒྱུན་མི་མཆད་པའོ། །སྤྲུལ་སྐུ་ཡང་སྤྲུལ་པ་ལྟ་བུས་ཐུགས་རྗེ་རྒྱུན་

8a

༄༅།       །མ་འཆད་པའོ། །ཆོས་སྐུའི་མཚན་ཉིད་ནི། དབྱིངས་ཡེ་ཤེས་གཉིས་སུ་མེད་པར་གྱུར་པས་སྣང་རེག་གཉིས་ཀའི་སྤྱོད་ཡུལ་དུ་མ་གྱུར་པའོ། །ལོངས་སྐུའི་མཚན་ཉིད་ནི་མེ་ལོང་གི་ངོས་སམ་ཆུ་ཤེལ་གཡའ་དག་པ་ལྟ་བུ་སྟེ་སྣང་པ་གཟུགས་སུ་གྲུབ་ཀྱང་རེགས་གཟུགས་སུ་མ་གྲུབ་པའོ། །སྤྲུལ་སྐུའི་མཚན་ཉིད་ནི་གང་ལ་གང་འདུལ་དུ་སྤྲུལ་སྟེ། འགྲོ་དོན་བྱེད་པས་སྣང་རེགས་གཉིས་ཀ་གཟུགས་གྲུབ་བོ། །ཆོས་སྐུ་ནི་ཡུལ་སེམས་གཉིས་སྣང་པ་ལས་གྲོལ། ལོངས་སྐུ་ནི་ང་འམ་བདག་ཏུ་འཛིན་པ་མེད་པར་རྟོགས་ནས་མིང་དོན་འབྲེལ་མེད་དུ་གྲོལ། སྤྲུལ་སྐུ་ནི་སྙིང་རྗེ་དང་སྨོན་ལམ་གྱིས་སྟོབས་ཀྱིས་སེམས་ཅན་གྱིས་དོན་མཛད་ཀྱང་མ་ཆགས་མ་ཞེན་པར་གྲོལ་བའོ། །ཡང་ཆོས་སྐུ་དེ་བཞིན་གཤེགས་པ་རྣམས་དང་སྐུ་མཚུངས། ལོངས་སྐུ་དགོངས་པ་མཚུངས། སྤྲུལ་སྐུ་མཛད་པ་མཚུངས་པའོ། །ཆོས་སྐུས་ཤེས་བྱའི་སྒྲིབ་པ་དག །ལོངས་སྐུས་ཉོན་མོངས་པའི་སྒྲིབས་པ་དག །སྤྲུལ་སྐུས་ལས་ཀྱི་སྒྲིབས་པ་དག་པའོ། །ཆོས་སྐུ་རང་བཞིན་གྱིས་དག་པས་བློ་བུར་གྱི་དྲི་མ་དང་བྲལ་ནས་ཟག་མེད་ཀྱི་ཆོས་རྣམས་དང་དབྱེར་མེད་པའོ། །ལོངས་སྐུ་ངེས་པ་བཞི་དང་ལྡན་པ་སྟེ། གནས་ངེས་པ་འོག་མིན། འཁོར་ངེས་པ་ས་བཅུའི་བྱང་ཆུབ་སེམས་དཔའ། ཆོས་ངེས་པ་ཐེགས་པ་ཆེན་པོ། སྐུ་ཚེ་ངེས་པ་རྟགས་ཏུ་གནས་པའོ། །སྤྲུལ་སྐུ་སྤྲུལ་པ་གསུམ། ཡང་ཆོས་སྐུ་རང་བཞིན་གྱི་དག་པ། ལོངས་སྐུ་ཤེས་རབ་རྣམ་དག །སྤྲུལ་སྐུ་ཏིང་འཛིན་རྣམ་དག །ཡང་ཆོས་སྐུ་ཡེ་སྟོང་དུ་ཡོད། ལོངས་སྐུ་དམིག་རྒྱུ་ལྟ་བུར་ཡོད། སྤྲུལ་སྐུ་གཟུགས་སུ་གྲུབ་པར་ཡོད། ཆོས་སྐུ་ནི་ཡེ་ཤེས་རྣམ་པ་བཞི་དང་ལྡན་པ་ཐམས་ཅད་མཁྱེན་པའི་སྤྱོད་ཡུལ་དུ་གྱུར་པའོ། །ལོངས་སྐུ་ནི་རང་

8b

གི་སེམས་ཉིད་རྣམ་པར་དག་པ་མཚན་དང་དཔེ་བྱད་དུ་སྣང་པ་ས་བཅུའི་བུ་དྷེ་སྭ་སྟྭོའི་སྤྱོད་ཡུལ་ཏུ་གྱུར་པའོ། །སྤྲུལ་སྐུ་ནི་གདུལ་བྱ་སོ་སོའི་སྣང་པའམ། མོས་པས་སྤྱོད་པ་རྣམས་ཀྱིས་སྤྱོད་ཡུལ་ཏུ་གྱུར་པའོ། །མཛད་པ་དང་བཅས་ཟེར་བས། མཛད་པའི་འཕྲིན་ལས་ནི་བཞི་ཀས་ཀྱང་སེམས་ཅན་གྱི་དོན་བྱེད་པ་སྟེ། འཕྲིན་ལས་བཞི་འམ་འཕྲིན་ལས་ཉེར་གཅིག་ལ་སོགས་པ་སེམས་ཅན་གྱིས་དོན་བྱེད་པའོ། །དེ་ཡང་རིགས་གཉིས་སྟེ། རིགས་ངེས་པའི་བུ་དྷེ་སྭ་སྟྭོ་གཅིག་སེམས་བསྐྱེད་ནས་ཚོགས་བསགས་ནས་གྲངས་མེད་གསུམ་གྱིས་སངས་རྒྱས་ནས་སྐུ་གསུམ་གྱིས་དོན་བྱེད་དོ། །རིགས་མ་ངེས་པའི་གང་ཟག་ནི། སྔོན་དུ་ཉན་རང་གི་ལམ་གྱི་འབྲས་བུ་ཐོབ་པར་བྱས་ནས། དེ་ནས་བུ་དྷེར་སེམས་བསྐྱེད་ཚོགས་བསགས་འབྲས་བུ་ཐོབ་སྡེར་བྱས་ནས་ལུས་གཉིས་སུ་གནས་སྟེ། སྤྲུལ་པའི་ལུས་ཀྱིས་ནི་སེམས་ཅན་གྱི་དོན་མཐོང་བའི་དུས་སུ་སྐུ་གསུམ་གྱིས་དོན་བྱེད་དེ། དཔེར་ན་གྲུས་མི་བསྒྲལ་ཏུ་ཡོད་རྩ་ན་བསྒྲོལ་བ་ལྟ་བུའོ། །དབང་པོ་འམ་རང་བཞིན་གྱིས་ལུས་ཀྱིས་ནི་སེམས་ཅན་གྱི་དོན་མ་མཐོང་བའི་དུས་སུ་མྱ་ངན་ལས་འདས་སྟེ་གྲུས་མི་བསྒྲལ་ཏུ་མེད་རྩ་ན་གྲུ་སྡོམ་པ་ལྟ་བུའོ་ཞེས་པ་རུ་སེང་གེ་བཟང་པོའི་འདོད་པའོ། །ཆོས་སྐུ་གང་ཞེས་ན། ཆོས་ཀྱིས་དབྱིངས་ན་གནས། ལོངས་སྐུ་འོག་མིན་ན་ཏིང་ངེ་འཛིན་གྱིས་བཞུགས། སྤྲུལ་སྐུ་རྡོ་རྗེ་གདན་ལ་སོགས་པ་ན་བསོད་ནམས་ཀྱི་དབང་གི་བཞུགས་པའོ། །ཆོས་སྐུའི་འཁོར་གཟུགས་སྐུ་གཉིས། ལོངས་སྐུའི་འཁོར་ས་བཅུའི་བྱང་ཆུབ་སེམས་དཔའ། སྤྲུལ་སྐུའི་འཁོར་ཉན་ཐོས་སམ་སྡེ་བརྒྱད། ཆོས་སྐུའི་ཞིང་ཁམས་ནི་ནམ་མཁས་གར་ཁྱབ། ལོངས་སྐུའི་ཞིང་ཁམས་གཞི་དང་སྙིང་པོ་མེ་ཏོག་གི་བརྒྱན་པ། སྤྲུལ་སྐུའི་ཞིང་ཁམས་སྟོང་གསུམ་གཅིག་གི་བྱེ་བ་ཕྲག་བརྒྱའོ། །ཆོས་སྐུའི་

9a

༄༅།       །གདུལ་བྱ་སངས་མ་རྒྱས་པ་རྩམ་འདུལ། ལོངས་སྐུའི་གདུལ་བྱ་སྣང་པ་དག་པ་རྣམས། སྤྲུལ་སྐུས་སྣང་པ་མ་དག་པའོ། །གྲངས་ངེས་པ་ནི། ལམ་བསྒོམས་པའི་འབྲས་བུ་རང་དོན་དང་གཞན་དོན་གཉིས་ལས་མེད་དེ། དེ་གཉིས་སྐུ་གསུམ་གྱིས་རྫོགས་དེ་རང་དོན་ཆོས་སྐུར་རྫོགས། དེ་ཡེ་ཤེས་ཀྱི་ཚོགས་ཀྱིས་ཐོབ་གཞན་དོན་གཟུགས་སྐུ་གཉིས་ཀྱི་རྫོགས་སྟེ་རྒྱུ་བསོད་ནམས་ཀྱི་ཚོགས་ལས་གྲུབ་པས་གསུམ་མོ། །སྐུ་བཞི་འམ་ལྔར་བཞག་པ་ཡང་གསུམ་པོ་འདིར་འདུས་སོ། །གོ་རིམས་ངེས་པ་ནི་རྟེན་དང་བརྟེན་པའི་ཚུལ་གྱི་རིམས་སྟེ་སྤྲུལ་སྐུ་ལོངས་སྐུ་ལ་རྟེན། དེ་ཆོས་སྐུ་ལ་རྟེན་ཟེར་དེ་གང་ལ་ཡང་མི་རྟེན་ནོ། །དཔེ་ནམ་ཆོས་སྐུ་ནམ་མཁའ། ལོངས་སྐུ་སྤྲིན་ལྟ་བུ། སྤྲུལ་སྐུ་ཆར་པ་ལྟ་བུའོ། །རྒྱུ་གང་གིས་སྐུ་གསུམ་པོ་དེ་ཐོབ་སྙམས་ན། ཡེ་ཤེས་ཀྱི་ཚོགས་ཀྱིས་ཆོས་སྐུ་ཐོབ་ལ། བསོད་ནམས་ཀྱི་ཚོགས་ཀྱི་གཟུགས་སྐུ་གཉིས་ཐོབ་བོ། །གནས་གང་འགྱུར་བས་ཐོབ་པ་ནི། ཀུན་གཞི་གནས་འགྱུར་བས་ཆོས་སྐུ་ཐོབ་ལ། ཉོན་མོངས་པའི་ཡིད་དང་ཡིད་ཀྱི་རྣམ་པར་ཤེས་པ་གནས་འགྱུར་བས་ལོངས་སྐུ་ཐོབ། སྒོ་ལྔའི་རྣམ་པར་ཤེས་པ་གནས་འགྱུར་བས་སྤྲུལ་སྐུ་ཐོབ། སྐུ་གང་གི་ཤེས་བྱ་གང་བསྡུས་པ་ནི། ཡོངས་གྲུབ་ཆོས་སྐུ་བསྡུས་ལ། གཞན་དབང་ལོངས་སྐུ་བསྡུས། ཀུན་བརྟགས་སྤྲུལ་སྐུ་བསྡུས། ཡང་ན་དོན་དམ་ཆོས་སྐུས་བསྡུས་ལ། ཀུན་རྫོབ་གཟུགས་སྐུའོ། །སྐུ་གང་གིས་ཡེ་ཤེས་གང་བསྡུས་པ་ནི། ཆོས་དབྱིངས་དང་མེ་ལོང་ཡེ་ཤེས་གཉིས་ཆོས་སྐུས་བསྡུས་ལ། མཉམ་ཉིད་དང་ཀུན་རྟོགས་གཉིས་ལོངས་སྐུས། བྱ་བ་གྲུབ་པ་སྤྲུལ་སྐུས་བསྡུས་སོ། །སྐུ་གང་གིས་མྱ་ངན་འདས་

9b

པ་གང་བསྡུས་པ་ནི། ཕུང་པོ་ལྷག་མེད་དང་ལྷག་བཅས་གཉིས་དང་བྲལ་བ་ཆོས་སྐུས་བསྡུས། ལྷག་མེད་ལོངས་སྐུས་བསྡུས། ལྷག་བཅས་སྤྲུལ་སྐུས་བསྡུས་པའོ། །ས་འཚམས་གང་ལ་སྣང་པ་ནི། ཆོས་སྐུ་ནི་སངས་རྒྱས་ཀྱི་ས་ནས་བུད་དྷ་འབའ་ཞིག་ལ་སྣང་། ལོངས་སྐུ་ནི་ས་དང་པོ་ནས་ས་བཅུ་པའི་བར་གྱི་བུ་དྷེ་སྭ་སྟྭ་འབའ་ཞིག་ལ་སྣང་། སྤྲུལ་པའི་སྐུ་ནི་ཚོགས་ལམ་ཆེན་པོ་ནས་སྦྱོར་ལམ་མན་ཆད་ཀྱི་བར་དུ་སྣང་པའོ། །ཡང་སྤྲུལ་སྐུ་དེ་ས་གསུམ་ཀ་འམ། སོ་སོ་སྐྱེ་བོ་འམ། འགྲོ་དྲུག་སེམས་ཅན་ནམ། འཛམ་བུའི་གླིང་བྱེ་བ་ཕྲག་བརྒྱར་སྣང་ཞེས་ཀྱང་ཟེར་རོ། །དགུ་བྲུག་(ཉེར་བདུན་ཕྲུགས་སུ་འགྲོའོ།།)བསྟན་པ་འདི་ལྟར་གདའ། ཆོས་སྐུའི་ཆོས་སྐུ་(གསུང་ཨ་ཏི་ཡོ་ག་ཐུགས་ཀའི་ཡེ་ཤེས།།)བདེ་བ་ཆེན་པོ། ཆོས་སྐུའི་ལོངས་སྐུ་(གསུང་ཨ་ནུ་ཐུགས་ཀློང་དུ་གྱུར་པའི་ཡེ་ཤེས།།)ཀུན་ཏུ་བཟང་། །ཆོས་སྐུའི་སྤྲུལ་སྐུ་(གསུང་མ་ཧཱ་ཡོ་ག་ཐུགས་དབྱིངས་སུ་བསྒྲོལ་བའི་ཡེ་ཤེས།།)རིགས་ལྔ་ཡིན། །ལོངས་སྐུའི་ཆོས་སྐུ་(གསུང་ཡོ་ག་བསྡེ་བཞི་ཐུགས་སྟོང་པའི་ཡེ་ཤེས།།)རྣམ་སྣང་ཆེ། །ལོངས་སྐུའི་ལོངས་སྐུ་(གསུང་ཨུ་པ་ཡ་ཐུགས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས།།)གང་ཆེན་མཚོ། །ལོངས་སྐུའི་སྤྲུལ་སྐུ་(གསུང་ཀྲི་ཡ་ཐུགས་མེ་ལོང་ཡེ་ཤེས།།)རྡོ་རྗེ་སེམས། །སྤྲུལ་སྐུའི་ཆོས་སྐུ་(གསུང་མདོ་སྡེ་ཐུགས་མཉམ་ཉིད་ཡེ་ཤེས།།)རྡོ་རྗེ་འཆང་། །སྤྲུལ་སྐུའི་ལོངས་སྐུ་(གསུང་སྔོན་པ་ཐུགས་ཀུན་རྟོགས་ཡེ་ཤེས།།)ཤཀྱ་ཐུབ། །སྤྲུལ་སྐུའི་སྤྲུལ་སྐུ་(གསུང་འདུལ་བ་ཐུགས་བྱ་བ་གྲུབ་པའི་ཡེ་ཤེས།།)ཐུབ་པ་དྲུག། དགུ་བྲུག་ལུགས་གཅིག་འདི་ལྟར་མཆི། །ཆོས་སྐུའི་སྐུ་ནི་ཀུན་ཏུ་བཟངས། །གསུང་ནི་བསྐྱེད་རྫོགས་རྣམ་པ་གཉིས། །ཐུགས་ནི་ཆོས་དབྱིངས་ཡེ་ཤེས་སོ། །ལོངས་སྐུའི་སྐུ་ནི་གང་ཆེན་མཚོ། །ལོངས་སྐུའི་གསུང་ནི་ཕྱིར་བརྒྱུད་གསུམ། །ཐུགས་ནི་ཡེ་ཤེས་རྣམ་པ་བཞི། །སྤྲུལ་སྐུའི་

10a

༄༅།       །སྐུ་ནི་ཤཱཀྱ་ཐུབ། །གསུངས་ནི་སྡེ་སྣོད་རྣམ་པ་གསུམ། །རྡོ་རྗེ་ལྟ་བུའི་ཏིང་འཛིན་ཐུགས། །སྐུ་གསུང་ཐུགས་ཀྱི་དགུ་བྲུག་ཡིན། །སྐུ་ལས་འཕྲོས་སྟེ་སྐུ་གསུངས་ཐུགས་སུ་གླེང་ན། སྐུ་གསུམ་མམ་ལྔ་ལ་སོགས་པ་གང་དུ་བསྟན་པ་བཞིན་གསུངས་ཐེགས་པ་རིམས་པ་དགུ། ཐུགས་སྐུའི་རྒྱུད་ལ་གནས་པའི་ཏིང་འཛིན་ནོ། །དེ་ལ་ཡང་དགུ་བྲུག་སུ་ཕྱེ་ན། ཕྱིའི་སྐུ་སྐུ་གདུང་རིང་སྲེལ། ནང་གི་སྐུ་ལྷ་སྐུ་བསྒོམས་པ། གསང་པའི་སྐུ་དེ་བཞིན་གཤེགས་པའོ། །ཕྱིའི་གསུང་མེ་སྒྲ་དང་ཆུ་སྒྲ་ཡན་ཆོད། ནང་གི་གསུང་སྡེ་སྣོད་རྣམ་བཞི། གསང་བའི་གསུང་ལུས་སེམས་པ་ལས་བྱུང་པའི་སྒྲ་སྐད་དོ། །ཕྱིའི་ཐུགས་ཕྱིར་སྣང་པ། ནང་གི་ཐུགས་སེམས་ཉིད་སྒོ་ལྔར་སྣང་པ། གསང་པའི་ཐུགས་སྐུ་བཞི་ལས་གྱུར་པའི་དྲན་པའོ། །དེ་བཞིན་དུ་ཡོན་ཏན་དང་འཕྲིན་ལས་ལ་སོགས་པ་ཡང་སྤྲོས་ན་དཔག་ཏུ་མེད་དེ་སྨྲ་བརྗོད་ལས་འདས་པའོ། །སྐུ་གསུམ་གྱི་གདམས་པའོ། །རྒལ་ལན་སྟན་པ་ལ་འདི་ལྟར་དུ་གདའ། སྐུ་གསུམ་དུ་གནས་པ་ལས། སྐུ་གཉིས་པོ་དེ་ཆོས་ཀྱི་སྐུ་ལས་བྱུང་པའམ། དེ་ལས་གཞན་པ་གཅིག་ལས་བྱུང་ངམ། དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པ་ལས་བྱུང་། དེ་ལ་ཆོས་སྐུ་ལས་བྱུང་ན་སྐུ་གསུམ་རྒྱུ་འབྲས་སུ་འགྲོ་སྟེ་རྒྱུ་ལ་དངོས་པོས་ཁྱབ། དངོས་པོ་ལ་སྐྱེ་འགག་གི་ཁྱབ་པའི་ཕྱིར། ཆོས་སྐུ་སྐྱེ་འགག་ཅན་དུ་ཐལ། ཡང་གཞན་གཅིག་ལས་བྱུང་ན་ཐུབ་པ་མེད་པའི་སྐྱོན་ཀྱང་འབྱུང་ལ། གཞན་ལས་བྱུང་བའི་ལུང་ཡང་མེད། དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པ་ཡིན་ན་ཡང་། སྐུ་གསུམ་དུ་བྱས་པའི་དྲངས་དང་འགལ། ཡང་གསེར་དང་སེར་པོ་ལྟ་བུ་ཡིན་ནོ་ཞེ་ན། གྲངས་པས་ཀྱང་འགལ་ལ། གསེར་

10b

དང་སེར་པོ་གཉིས་སུ་གྲངས་པ་ཡང་མེད་དེ། གསེར་ལས་ཀྱང་སེར་པོ་མ་བྱུང་ལ། སེར་པོ་ལས་ཀྱང་གསེར་མ་བྱུང་སྟེ་མི་འཐད་དོ། །འོ་ན་ཇི་ལྟ་བུ་ཞེས་ན་ཆོས་སྐུ་དང་སྐུ་གཉིས་པོ་དེ་རྒྱུ་འབྲས་ཀྱང་མ་ཡིན། གདུལ་བྱ་སྣང་པ་དག་རྣམས་ལ་སྐུ་གཉིས་པོ་དེ་ཆོས་སྐུའི་ཆོ་འཕྲུལ་ཏུའོ། །སྐུ་གཉིས་པོ་དེ་རྟོགས་པ་མེད་པར་བྱུང་ཞེས་བྱའོ། །དེ་ཡང་དཔེར་ན་ནམ་མཁའ་ལ་རྟོགས་པ་མེད་ཀྱང་། ཉི་ཟླ་གཟའ་སྐར་གྱིས་སེམས་ཀྱིས་དོན་བྱེད་པ་བཞིན་ནོ། །བུད་དྷ་ཡང་ཆོས་སྐུ་ནམ་མཁའ་དང་འདྲ། ལོངས་སྐུ་ནི་སྤྲིན་ནམ་ཉི་ཟླ། སྤྲུལ་སྐུ་ནི་ཆར་པ་འམ་འོད་ཟེར་ལྟ་བུར་གསུང་། ལུང་གཞན་ཡང་ཆོས་སྐུ་ནམ་མཁའ་ལྟ་བུར་དབྱེར་མེད་ཀྱང་། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ་ཞེས་གསུངས་སོ། །འོ་ན་བུད་དྷའི་ཐུགས་རྗེ་དེ་གདུལ་བྱ་དག་པ་རྣམས་ལ་སྣང་ལ། མ་དག་པ་རྣམས་ལ་མི་སྣང་ན། དག་པ་རྣམས་ལ་སྣང་ཅིར་དགོས་དག་ནི་ཟིན། མ་དག་པ་ལ་ཅི་སྟེ་མི་སྣང་སྣང་ནི་དགོས་ན། དེས་ན་ཐུགས་རྗེ་ལ་ཕྱོགས་རིས་ཅན་དུ་མ་སོང་ངམ་ཞེས་ན། དེ་ལྟར་མ་སོང་སྟེ་སྣང་པ་དག་པ་རྣམས་ལ་དངོས་སུ་སྣང་ལ། མ་དག་པ་ལ་མ་དག་པས་བརྒྱུད་ནས་སྣང་ཏེ་བརྒྱུད་ནས་སྣང་ལུག་ཀྱང་མདོ་རྒྱུད་དང་བརྒྱུད་པའི་གདམས་ངག་ཟབ་མོ་ལ་སྟེན་ནས་སྣང་པར་བྱས་པས། རིམས་ཀྱིས་སྣང་པ་དག་པར་འགྱུར་རོ། །འོ་ན་མ་དག་པ་ལ་དངོས་སུ་མི་སྣང་པ་ཅི་ཞེས་ན། བུད་དྷས་ཕྱོགས་རིས་སྔ་བ་མ་ཡིན་ཏེ། དཔེར་ན་ཉི་མ་ལ་འདིར་འཆར་འདི་ལ་མི་འཆར་བྱ་བ་མེད་ཀྱང་། བྲག་ཕུག་ཁ་བྱང་ལྟ་ལ་མི་འཆར་བ་བཞིན་དུ། སེམས་ཅན་སྣང་པ་མ་དག་པ་ཁ་བྱང་ལྟའི་བྲག་ཕུག་དང་འདྲ་སྟེ།

11a

༄༅།       །ཉི་མས་མ་ལན་པ་ལ་ཕུག་པས་ལན་པ་སྟེ། དེ་ལྟར་འབུ་དྷ་ལ་ཕྱོགས་རིས་མེད་ཀྱང་། སེམས་ཅན་སྣང་པ་དང་ལས་མ་དག་པས། ཁ་བྱང་ལྟའི་ཕུག་པ་ལྟ་བུ་ལ་སྣང་དུ་མི་བཏུབ་སྟེ། རང་རེ་ལས་དང་སྨོན་ལམ་མ་དག་པས་སོ། །ལུང་ཡང་ཐུགས་རྗེས་ཀུན་ལ་སྙོམས་པའི་བཅོམ་ལྡན་འདས་ཞེས་པས་སྔོན་ཏེ། ཡང་སྤྲུལ་སྐུ་ཡིན་ལ་ལོངས་སྐུ་མ་ཡིན་པ་ཡོད། ལོངས་སྐུ་ཡིན་ལ་སྤྲུལ་སྐུ་མ་ཡིན་པ་ཡོད། ལོངས་སྤྲུལ་གཉིས་ཀ་མ་ཡིན་པ་ཡོད། ཏ་ཐཱ་ག་ཏ་འདས་པའི་འོག་ཏུ་སྨོན་ལམ་ལ་མ་རྙེམས་སྟེ་རྐྱེན་ཇི་ལྟ་བ་བཞིན་དུ་སེམས་ཅན་ལ་ཕན་འདོགས་པ་རྣམས་སོ། །གསེར་འོད་དམ་པ་ལས་བཤད་དོ། །ས་བདུན་གྱི་སྐུ་གང་ཡིན་ས་དག་པ་ས་བཅུ་ལ་སྣང་པ་རྣམས་སོ། །ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་སྐུ་གང་ཡིན་པ་དེ་ཆོས་སྐུ་ཡིན་ནོ། །