ལྡེའུ་ཆོས་འབྱུང་།
བསྡུས་པའི་དོན་ལ་དགོངས་ཏེ་སྡེ་སྣོད་གསུམ་གྱི་སྐོར་གསུངས་པ།
上一章
下一章

(བསྡུས་པའི་དོན་ལ་དགོངས་ཏེ་སྡེ་སྣོད་གསུམ་གྱི་སྐོར་གསུངས་པ།)

བསྡུས་པའི་དོན་ལ་དགོངས་སྟེ་གསུང་པ་ཡང་། སྡེ་སྣོད་གསུམ་དུ་མ་འདུས་གཅིག་ཀྱང་མེད། །ཞེས་པ་ནི། བསྡུ་བ་ལ་དགོངས་པས་སྟེ། གསུང་རབས་མདོ་སྡེ་བཅུ་གཉིས་པོ་དེ་ཡང་སྡེ་སྣོད་གསུམ་དུ་འདུས་སོ། །དེ་ཡང་ཇི་ལྟར་བསྡུ་ན་མདོ་སྡེ་ལ་སོགས་པ་དང་པོ་ལྔ་དང་། ཤིན་ཏུ་རྒྱས་པ་དང་རྨད་དུ་བྱུང་པ་དང་གཉིས་སྟེ་བདུན་ནི་མདོ་སྡེར་བསྡུས། གླེང་གཞི་ལ་སོགས་པ་བཞི་འདུལ་བར་འདུས། བསྟན་ལ་ཕབ་པ་ནི་མངོན་པར་བསྡུའོ། །དེ་ཡང་སྡེ་སྣོད་དག་ནི་གསུམ་མམ་གཉིས་ཀྱང་རུང་། །བསྡུ་བའི་ཕྱིར་ན་རྒྱུ་རྣམས་དགུར་འདོད་དོ། །ཞེས་པས་དང་པོ་གཉེན་པོ་གསུམ། བར་དུ་སླབ་པ་གསུམ། ཐ་མ་ཆོས་དང་དོན་ནོ། །དེ་ལ་འོ་ན་ཅིའི་ཕྱིར་བདེ་བར་གཤེགས་པ་སྡེ་སྣོད་དུ་བཞག་ཅེས་ན། རྩ་བའི་ཉོན་མོངས་པ་རྩམ་གྱིས་གཉེན་པོར་མདོ་སྡེའི་སྡེ་སྣོད་བཞག །ཉེ་བའི་ཉོན་མོངས་པ་མཐའ་གཉིས་དང་ལྡན་པའི་གཉེན་པོར་འདུལ་བའི་སྡེ་སྣོད་བཞག །རང་གི་ལྟ་བ་མཆོག་ཏུ་མཛིན་པ་ཉེ་བའི་ཉོན་མོངས་པའི་གཉེན་པོར་མངོན་པའི་སྡེ་སྣོད་བཞག །ཡང་ན་སླབས་པ་གསུམ་ག་རྫོགས་པར་བྱ་བའི་ཕྱིར་སྡེ་སྣོད་གསུམ་དུ་བཞག་ཏེ། ལྷག་པ་ཏིང་ངེ་འཛིན་གྱིས་སླབ་པ་ལ་མདོ་སྡེའོ། །ལྷག་པ་ཚུལ་ཁྲིམས་ཀྱི་བསླབས་པ་ལ་འདུལ་བའི་སྡེ་སྣོད། ལྷག་པ་ཤེས་རབ་ཀྱི་སླབ་པ་སྟན་པའི་ཕྱིར་མངོན་པའི་སྡེ་སྣོད། ཡང་ཆོས་དང་དོན་བརྗོད་པའི་ཕྱིར་མདོ་སྡེ།

54a

༄༅།       །ཆོས་དང་དོན་དུ་བྱ་བ་ཞི་གནས་ཀྱི་ཕྱིར་འདུལ་བའི་སྡེ་སྣོད། འབྲེལ་པའི་གཏམ་གྱིས་ཆོས་དང་དོན་གཏན་ལ་འབེབས་པའི་ཕྱིར་མངོན་པའོ། །དེ་སྐད་དུ་ཡང་མདོ་སྡེ་བརྒྱན་ལས། མདོ་སྡེ་འདུལ་བ་མངོན་པའི་ཆོས། །མདོར་ན་རྣམ་བཞིའི་དོན་དུ་བཤད། །གནས་རྣམས་དང་ནི་མཚན་ཉིད་དང་། །ཆོས་དོན་སྟོན་ཕྱིར་མདོ་སྡེའི་ཆོས། །ལུང་དང་བསྐྱེད་དང་བསླང་བ་དང་། །འབྱུང་བའི་ཕྱིར་ན་འདུལ་བའོ། །མངོན་དུ་བ་དང་ཡང་དང་ཡང་། །ཟིལ་གནོན་རྟོགས་ཕྱིར་མངོན་པའི་ཆོས། །ཞེས་སོ། །འོ་ན་གསང་སྔགས་སྡེ་སྣོད་གསུམ་ལས་གང་དུ་བསྡུད་ཞེ་ན། རིགས་འཛིན་རང་གིས་སྡོམ་པའོ། །ཞེས་པས་སྡེ་སྣོད་རངས་བ་གཅིག་ཏུ་འདོད་པ་ཡང་ཡོད། ཁ་ཅིག་ན་རེ་རྨད་དུ་བྱུང་པའི་མདོ་སྡེ་བྱ་བ་གསང་སྔགས་ཡིན་པས་མདོར་བསྡུད་ཟེར། དེ་སྐད་དུ་ཡང་སང་ཀྲ་ཧ་ལས། མདོ་སྡེ་འདི་ནི་ལེགས་བཤད་པ། །ཞེས་པའམ། རྡོ་རྗེ་རྣམ་འཇོམས་ལས། མདོ་སྡེ་འདི་ནི་ཉན་བྱེད་ན་ཞེས་པ་དང་། མཁས་པ་ཆེན་པོ་ཤན་ཏི་བས་ཀྱང་། ཟབ་མོ་དོན་མདོར་བསྡུས་སྟེ་སྟོན་པས་ན་དམ་ཆོས་མདོ་སྡེའོ། །ཞེས་གསུངས་པས་ན་མདོ་སྡེར་འདུས། །ཞེས་གསུངས་པའོ། །མྱ་ངན་ལས་འདས་ཁར་ཀུན་ཏུ་རྒྱུ་དགེ་བསྙེན་རབ་བཟང་སམ། འགར་བའི་བུ་བཙུན་ད་ལ་ཞལ་ཆེམས་སུ་བཞག་པའི་མདོ་ཆེ་ཆུང་བཀའ་བཙལ་ཏོ། །