ལྡེའུ་ཆོས་འབྱུང་།
ལུང་དང་རྟོགས་པའི་ཁྱད་པར།
上一章
下一章

(ལུང་དང་རྟོགས་པའི་ཁྱད་པར།)

ད་ནི་ཆོས་ཀྱི་དབྱེ་བ་གང་དེ་རྣམས་བཞིར་བཞག་ནས་དེ་རྣམས་ཀྱི་ཁྱད་པར་སྟན་པ་ནི། གཞུང་ལས་བཞི་པ་དེ་རྣམས་ཁྱད་པར་སྟན་པ་ནི། ཞེས་པ་ལ་སོགས་པས་སྟོན་ཏེ། དང་པོ་ཕྱི་པ་དང་ནང་པའི་ཁྱད་པར་སྟན་པ་ནི་མུ་ཏེགས་བུད་དྷ་གཉིས་ཀྱི་ཁྱད་པར་དང་ཞེས་པ་ལ་རྡོ་རྗེ་སྙིང་པོ་བརྒྱན་གྱིས་རྒྱུད་ལས་གསུམ་དུ་ཕྱེ་ཏེ། སྟན་པ་གཉིས་ཀྱི་ཁྱད་པར་པ་ནི། །རྣམ་པ་གསུམ་གྱིས་རབ་ཕྱེ་ཏེ། །རྫོགས་སངས་རྒྱས་དང་ལྟ་བ་

73b

དང་། །དེ་ཉིད་སྤྱོད་པའི་ཁྱད་པར་རོ། །ཞེས་པས། མུ་སྟེགས་ཀྱིས་སྟོན་པ་ལ་མཚན་དང་དཔེ་བྱད་མེད་པས། ནང་པ་བུད་དྷ་བ་ལ་མཚན་དང་དཔེ་བྱད་ཡོད་པས་འཕགས་ཏེ། དེ་སྐད་དུ་ཡང་། སུ་སི་ཏི་ཀ་ར་ལས། མཚན་དང་དཔེ་བྱད་དག་གི་བརྒྱན། །སྐུ་གསུམ་ཡེ་ཤེས་ལྔ་དང་ལྡན་ཞེས་སོ། །མུ་སྟེགས་པའི་ལྟ་བ་ནི་སུམ་རྒྱ་དྲུག་བཅུ་ལ་སོགས་པས་སྟེ། རྟག་ཆད་དུ་ལྟ་ལ། ནང་པ་འབུད་དྷ་པ་ནི་བདག་མེད་པ་གཉིས་སམ་སྟག་ཆད་གཉིས་དང་བྲལ་བའོ། །དེ་སྐད་དུ་ཡང་། དགོངས་པ་རྣམ་པར་དག་པའི་རྒྱུད་ལས། བདག་ཏུ་ལྟ་བ་གཉིས་སྤངས་ཤིང་། །སྟོང་ཉིད་སྤྲོས་དང་བྲལ་བའི། །དབྱིངས་དང་ཡེ་ཤེས་གཉིས་སུ་མེད། །ལྟ་བའི་མཆོག་ཏུ་གྱུར་པའོ་ཞེས་སོ། །མུ་སྟེགས་པའི་སྤྱོད་པ་ནི། སྟོན་པ་གསུམ་པོ་ཐོབ་པར་འདོད་པའི་སྤྱོད་པ་མེ་ལྔ་རྟེན་པ་དང་། དབྱུག་གུ་གསུམ་པ་ལ་སོགས་པ་མི་དགེ་བའི་ལས་ཡིན་ལ། ནང་པ་བུད་དྷ་པ་ནི་དགེ་བ་བཅུ་དང་། ཕར་ཕྱིན་བཅུ་ལ་སོགས་པ་སྤྱོད་པས་ཏེ། དེ་སྐད་དུ་ཡང་། རིགས་པ་མཆོག་གི་རྒྱུད་ལས། དགེ་བཅུའི་དོན་ལ་རབ་གནས་ཤིང་། །ཕ་རོལ་ཕྱིན་པ་བཅུ་ལ་སྤྱོད། །རིགས་པ་མཛིན་པའི་སྤྱོད་ལ་གནས། །སྤྱོད་པའི་མཆོག་ཏུ་གྱུར་པའོ་ཞེས་སོ། །དྲི་བིན་དྷུ་ཡ་བ་དྷ་རའི་རྒྱུད་ལས། ཡང་ན་ཁྱད་པར་བདུན་དུ་བཞག་ཏེ། རྟེན་དང་སྟོན་པ་རྟགས་ལྟ་སྤྱོད་དང་། ཆོས་རྣམ་བཞི་དང་འབྲས་བུའི་ཁྱད་པར་རོ། །ཞེས་སོ། །རྟེན་ལྷའི་ཁྱད་པར་ནི། མུ་སྟེགས་པའི་སྟོན་པ་ཚངས་པ་ཁྱབ་འཇུག་དབང་ཕྱུག་ཆེན་

74a

༄༅།       །པོ་གསུམ་ཡིན་ལ། ནང་པ་འབུད་དྷ་བའི་སྟོན་པ་ནི། དཀོན་མཆོག་གསུམ་པོ། དེ་ཡང་གཙོ་བོ་དཀོན་མཆོག་གསུམ་མཛིན་པ། ཞེས་པའམ། ཡང་སྐྱབས་ཀྱི་དམ་པ་སྐྱབས་སུ་འོས་ཞེས་སོ། །སྟོན་པ་ནི་མུ་སྟེགས་ཀྱིས་སྟོན་པ་འོད་སྲུངས་རྫོགས་བྱེད་ལ་སོགས་པ་ཐུབ་པ་དྲུག་ཏུ་འདོད་ལ། ནང་པ་ནི་འབུད་དྷ་ཉག་གཅིག་གོ །དེ་ཡང་སྟོན་པ་གཅིག་བུ་འགྲོ་པའི་བླ་ཞེས་སོ། །ཚུལ་རྟགས་ནི་ཕྱི་པ་སྤྱི་བོ་འམ་རལ་པའམ་ཙུག་ཕུད་འཇོགས་ལ། ནང་པ་ནི་དབུ་རག་དང་ཞབས་རྗེན་ནོ། །དེ་ཡང་མགོ་ཟླུམ་རྟུལ་ཞུགས་ཆེན་པོ་པ་ཞེས་སོ། །ཕྱི་པ་མུ་སྟེགས་པ་ནི་བྱ་ཀྱི་ཡི་དཀའ་ཐུབ་ལ་སོགས་པ་མི་དགེ་བ་བཅུ་སྤྱོད་ལ། ནང་པ་ནི་བྱམས་པ་དང་སྙིང་རྗེས་ཚོགས་གཉིས་ལ་འབད་དེ་དགེ་བ་བཅུ་ལ་འཇུག་ཏེ། དེ་སྐད་དུ་ཡང་། བྱམས་ཆེན་རང་བཞིན་དཔག་ཏུ་མེད་ཞེས་སོ། །བསོད་ནམས་ལྡན་པས་བསོད་ནམས་ཚོགས། །ཡེ་ཤེས་ཡེ་ཤེས་ཁྱད་པར་ཆེ། །ཞེས་སོ། །ཆོས་རྟགས་བཞི་ནི་མུ་སྟེགས་ན་རེ་སྐྱེ་འཇིགས་ཐམས་ཅད་དང་བྲལ་བས་བརྟགས།  གནོད་པ་ཐམས་ཅད་དང་བྲལ་བས་བདེ། དངོས་པོ་ཐམས་ཅད་རང་ལ་གྲུབ་པས་བདག །བློ་བུར་གྱི་དྲི་མ་དང་བྲལ་བས་དྲི་མས་མ་གོས་པས་གཙང་ཟེར། ནང་པ་བུད་དྷ་བ་དེ་ལས་ཟློག་པས་སྟེ། མི་རྟགས་སྡུག་བསྔལ་སྟོང་ཉིད་བདག་མེད་ཞེས་པའམ། འདུས་བྱས་ཐམས་ཅད་མི་རྟགས་ཏེ། ཟག་ཆོས་མྱ་ངན་ལས་འདས་པ་ཞི་ཞིང་། བདེ་བའོ་ཞེས་པའོ། །འབྲས་བུའི་ཁྱད་པར་ནི། ཕྱི་པ་འཁོར་བའི་འབྲས་བུ། བཙན་ཕྱུག་ལ་སོགས་པ་འདོད་ལ། ནང་པ་ནི་མྱ་ངན་ལས་འདས་པའི་འབྲས་བུ་ཀ་ཏྲི་(སྐུ་གསུམ་ཡེ་ཤེས་ལྔ)ཛྙ་ན་པན་ཀ་མ་འོ། །དེ་ཡང་འཁོར་བའི་ཕ་རོལ་མཐར་སོན་པ། །མྱ་ངན་འདས་

74b

པ་མྱ་ངན་འདས། །མཆོག་གི་དང་པོ་བཀའ་དྲིན་འཆང་། །འབུད་དྷ་ཀ་པན་(སངས་རྒྱས་སྐུ་ལྔའི་)བདག་ཉིད་ཅན་ཞེས་སོ། །ཡང་གསུམ་དུ་བཞག་ཏེ། རྟེན་སྐྱབས་འགྲོ། རྒྱུ་སྙིང་རྗེ། ཐག་ཆོད་ལྟ་བ་དང་གསུམ་མོ། །དེ་ལ་སྐྱབས་འགྲོའི་ཁྱད་པར་ནི། རད་ན་(དཀོན་མཆོག་གསུམ་)ཏྲི་ལ་སྐྱབས་སུ་འགྲོ་བ་ནང་པ། དེ་བ་(ལྷ་གསུམ་)ཏྲི་ལ་འགྲོ་བ་ཕྱི་པའོ། །གཉིས་པ་ཀ་རུང་(སྙིང་རྗེ་)ཡོད་པ་ནང་པ། ཀ་རུ་(སྙིང་རྗེ་)མེད་པ་ཕྱི་པ། དེ་ལས་བཟློག་པ་ནང་པའོ་གསུངས་ངོ་། །ལུང་དང་རྟོགས་པ་གཉིས་ཀྱི་ཁྱད་པར་དང་ཞེས་པ། ལུང་ནི་ཚིག་ལ་རྟོགས་པ་ནི་དོན་ཡིན་ཏེ། དེ་ཡང་མདོ་སྡེ་བརྒྱན་ལས། དེ་ཡང་མཛིན་བྱེད་སྨྲ་བྱེད་དང་། །སྒྲུབས་པར་བྱེད་པ་ཁོ་ནའོ་ཞེས་པ་དང་། གཞན་ཡང་དོན་དང་ཡི་གེར་ཤེས་པར་བྱ་ཞེས་པས་དོན་ལ་གང་ཟག་དང་ལམ་དང་འབྲས་བུ་ཡིན་ལ། ཡི་གེ་ནི་དེ་དག་གི་དོན་གཏན་ལ་འབེབས་པའོ། །