ལྡེའུ་ཆོས་འབྱུང་།
སྟོན་པའི་མཛད་པ་བཅུ་གཅིག་པ་ཆོས་འཁོར་བསྐོར་བའི་མཛད་པ།
上一章
下一章

(སྟོན་པའི་མཛད་པ་བཅུ་གཅིག་པ་ཆོས་འཁོར་བསྐོར་བའི་མཛད་པ།)

ད་ནི་སྤྱི་དོན་གསུམ་པ་བཀའ་བསྡུད་པ་པོས་བསྡུས་ལུགས་འཆད་པ་ནི། དེ་ལྟར་གསུང་པའི་ཆོས་ཀྱི་བསྡུད་པ་པོ་ཞེས་པ་ལ་སོགས་པའི་ཚིག་བདུན་གྱིས་སྟོན་ཏེ། དེ་ཡང་གོང་དུ་སངས་ཇི་ལྟར་རྒྱས་ལུགས་ཀྱིས་སྐབས་སུ་དེ་རྗེས་འཕགས་པས་བཀའི་བསྡུ་བ་བྱས། ཞེས་པ་དང་འབྲེལ་ཏེ། དེ་ཡང་ཇི་ལྟར་ན་བུད་དྷ་གུང་ལོ་སུམ་བཅུ་སོ་བདུན་ལ་སངས་རྒྱས་ནས། འཁོར་ལྔ་སྡེ་བཟང་པོ་ལ་བདེན་པ་བཞིའི་ཆོས་གསུང་ཏེ། གང་ཟག་ཏུ་མཛིན་པ་བཟློག་ཏེ། ཆོས་བདག་མེད་ལ་མ་སྦྱངས། དེ་ནས་ཡང་གྲོང་ཁྱེར་གཉན་ཡོད་ལ་སོགས་པར་སེམས་པའི་མདོ་སྡེ་ཕལ་ཆེན་གསུང་ནས་གང་ཟག་ཕྱི་རོལ་ཏུ་བློ་ཞེན་པ་རྣམས་ལ། ཕྱི་རོལ་གྱི་དོན་ལ་བློ་ཟློག་ནས། ཤེས་བྱ་ནང་གི་ཚུལ་རྣམ་པར་རིགས་བྱེད་རྩམ་ལ་བཀོད། དེ་ནས་རྒྱལ་པོའི་ཁབ་མཚན་ཉིད་མེད་པའི་ཆོས་པྲད་ཉ་པ་ར་མི་ཏ་གསུངས་ནས་རང་གི་སེམས་ལ་མངོན་པར་ཞེན་པ་རྩམ་ཡང་སྤང་ཏེ། དེ་ཁོ་ན་ཉིད་ལ་བློ་སྦྱོར་བར་མཛད། དེ་ལྟར་དུ་གང་ཟག་ཐམས་ཅད་ཆོས་ཀྱིས་སྨིན་པར་མཛད་དེ། མུ་སྟེགས་པ་རྣམས་ནང་པ་ལ་བཙོད། ཉན་ཐོས་རྣམས་ཆོས་སྒྲོགས་ལ་བཀོད། རང་རྒྱལ་བ་རྣམས་རྟེན་འབྲེལ་ལ་བཀོད། བྱང་ཆུབ་སེམས་དཔའ་རྣམས་ཐེགས་པ་ཆེན་པོ་ལ་བཀོད། སོ་སོ་སྐྱེ་བོ་སྐལ་

82b

བ་མེད་པ་རྣམས་ཀྱང་མཐོ་བ་དང་། ཐ་ན་མཐོང་པའི་ཆོས་ལ་ཡིད་ཆེས་པ་རྩམ་ལ་བཀོད་དེ། ཀུན་དུ་རྒྱུ་རབ་བཟང་དང་། དྲི་ཟའི་རྒྱལ་པོའི་བར་དུ་བཏུལ་ཏེ། གདུལ་བྱ་རྣམས་ཏུལ། གུང་ལོ་བརྒྱ་བཅུ་ལོན་པ་དང་འགར་བའི་བུ་བཙུན་དྷ་དང་ཤིང་མཁན་གྱི་བུ་བསྐུལ་བྱེད་ཀྱི་གསོལ་བ་བཏབ་པ་དང་ཟླ་བ་ངོ་རེ་བཞུགས། དེ་ནས་ལེ་ལོ་ཅན་གྱིས་གདུལ་བྱ་ཆོས་ལ་འཇུག་པ་དང་། སྨྲ་མེད་ཀྱི་ཁྱིམ་བདུན་ལ་སོགས་པའི་གང་ཟག་བུད་དྷ་ལ་བརྟགས་པར་མཛིན་པ་སྐྱོ་བ་དང་འགྱོད་པ་བསྐྱེད་པའི་ཕྱིར་མྱ་ངན་ལས་འདས་སོ། །དེ་ནས་བཀའ་བསྡུ་བ་མ་བྱས་པའི་བར་དུ་བསྟན་པ་འདི་གུད་པར་གྱུར་ཅེས་ཀུན་གླེང་བས། ཐམས་ཅད་ཀྱིས་དེ་ཁོ་ན་ཉིད་ཀྱིས་དོན་མ་རྟོགས་སྟེ། འདི་སྐད་དུ་སྟོན་པ་འཇིག་རྟེན་མིག་ནི་ཟུམ་གྱུར་ཅིང་། །དབང་གྱུར་སྐྱེ་བོ་ཕལ་ཆེར་ཟད་པ་དང་། །འདི་ཉིད་མ་མཐོང་རང་དགར་གྱུར་པའི། །ངན་རྟོགས་རྣམས་ཀྱིས་བསྟན་པ་འདི་དཀྲུག་སོ། །དེ་ལྟར་ཐུབ་པ་ཤཀྱའི་སྟན་པ་ནི། །ཐར་པ་འདོད་རྣམས་ཀྱིས་བག་ཡོད་བྱོས། །ཞེས་པའི་གནས་སྐབས་སུ་བྱིན་པ་དང་བཀའ་བསྡུ་བ་ལ་འཚོགས་པའི་སྐབས་སུ་བྱེ་བྲག་བཤད་མཛོད་ལ་སོགས་པ་སྟན་ཆོས་ཀྱང་མཛད་དེ། གོང་དུ་ལེགས་པར་བཤད་ཟིན་ཏོ། །དེ་ལྟར་སྟོན་པ་མྱ་ངན་ལས་འདས་མ་འདས་རྩམ་ན་སྡེ་སྣོད་གསུམ་དུ་བསྡུས་པ་དང་། གཞུང་ཚིག་དང་ཡི་གེར་བཀོད་པ་མེད་དེ། ཐེགས་པ་ཆེན་པོའི་ཆོས་བྱིན་གྱིས་བརླབས་ཀྱིས་འཆད་པ་བྱ་བ་ལགས་སྐད། དེ་ནས་མྱ་ངན་ལས་

83a

༄༅།       །འདས་ཀར་ཀུན་དགའ་བོ་ལ་བོས་ནས། ཀུན་དགའ་བོ་ང་མྱ་ངན་ལས་འདས་ནས་ཆོས་ཐམས་ཅད་སྡེ་སྣོད་གསུམ་དུ་བསྡུས་ཤིག་ཞེས་གསུང་ཏེ། འོ་ན་ཀུན་དགའ་བོ་ལ་དེ་སྐད་གསུང་པ་ཅི་ཞེ་ན། ཀུན་དགའ་བོ་ཐོས་པ་མཛིན་པའི་ཉེ་གནས་ཡིན་ཏེ། དེ་ཡང་བུད་དྷ་གུང་ལོ་ལྔ་བཅུ་བཞེས་ནས། ཉེ་གནས་གཅིག་འདོད་ནས་ཡོད་པ་ལ། མིའུ་འགལ་གྱི་བུ་ལ་སོགས་པས་ཉེ་གནས་བདག་ལྕགས་ཀྱི་བྱ་འམ་ཞུས་པ་ལ། བུད་དྷས་མ་གནང་ཏེ། ཀུན་དགའ་བོ་ལ་སྤྱན་གྱིས་གཟིགས་པ་ལ། དེར་ཐམས་ཅད་ཀྱིས་ཀུན་དགའ་བོ་ལ་ཉེ་གནས་གྱིས་བྱས་པས་ཁོ་མ་གཏུབ། ནན་ཏན་དུ་སྨྲས་ཡང་རྩིག་གསུམ་གཟུང་ཏེ། ཟས་ལྷག་མི་ཟ་གོས་ལྷག་མི་གོན་པ་དང་། ཅི་དྲིས་པའི་ལན་གཏེར་བ་དང་། གསུམ་རྩིག་སུ་གཟུང་ནས་ཉེ་གནས་བྱས་སོ། །དེ་ནས་ལོ་མང་རབ་ལོན་པ་དང་བརྒྱད་བཅུ་ལོན་པ་དང་། ཀུན་དགའ་བོ་དང་བུད་དྷ་གཉིས་ཀྱིས་སྐུ་ཆགས་ཏུ་ཕྱིན་པ་དང་། ཀུན་དགའ་བོ་ལ་བདུད་ཀྱིས་བྱིན་གྱི་རླབས་ཏེ་རྣ་བ་བཀག་ནས། བུད་དྷ་ལ་མྱ་ངན་ལས་འདའ་བར་ཞུས་པས། བུད་དྷས་ཀུན་དགའ་བོ་ལ་དྲིས་པ། ཀུན་དགའ་བོ་ངས་ཏིང་ངེ་འཛིན་བཞི་ཐོབ་པས་སྐལ་པ་སྟོང་ངམ་ཉི་ཟླ་གནས་ཀྱི་བར་དུ་ཡང་བསྡད་དུ་ཡོད་ན། ད་བདུད་ན་རེ་མྱ་ངན་ལས་འདས་པར་ཞུ་ཟེར་བས། འདའ་འམ་མི་འདའ་ཅུ་བྱ་ཞེས་དྲིས་པས། ཀུན་དགའ་བོ་སློབ་མ་རྒྱུན་དུ་ཞུགས་པར་སོང་བས་བདུད་ཀྱི་དབང་དུ་སོང་ཏེ་ཉོག་ཉོག་པོར་གྱུར་ནས།

83b

མ་ཐོས་སྟེ་ལན་མ་བྱུང་བས། ཅི་ཡང་མི་གསུང་པས་བདུད་ལ་འདའ་བར་ཞལ་གྱིས་བཞེས་པར་གྱུར། དེར་ཀུན་དགའོ་མྱོས་པའི་རྨི་ལམ་དུ་ཤིང་ཆེན་པོ་དགོས་འདོད་ཐམས་ཅད་འབྱུང་པ་གཅིག་ཡོད་པ་ལ་དེ་འགྱེལ་བ་གཅིག་རྨིས་སྐད། དེ་རྩ་ན་སྲས་སྒྲ་གཅན་མཛིན་ལ་ལྟུང་བ་གཅིག་བྱུང་ནས་སྲས་ཀྱི་བྱང་ཕྱོགས་སུ་བྲོས་ནས་ཕྱིན་ཏེ་སློབ་དཔོན་གཅིག་གི་རྩར་བསྡད་པ་དང་། སློབ་དཔོན་དེ་ན་རེ་ཁྱོད་ཀྱི་ཕ་གྲོངས་པ་གཅིག་འདུག་པས་ཁྱོད་སོང་བྱས་པས། དེ་ནས་སོང་ཡང་ལྟུང་པའི་མནོང་པས་བྱང་ཕྱོགས་སུ་བྲོས་ཀྱང་གར་ཕྱིན་པའི་ས་ནས་འདིར་མ་བསྡད་ཕའི་དྲུང་དུ་སོང་ཞེས་བརྗོད་པས། ཕ་མ་གྲོངས་པ་དང་ཕྲད་དེ། ཡབ་ཀྱི་ཞལ་ནས་ཁྱོད་བྲོས་ཅི་དགོས། ཁྱོད་ཀྱིས་རེ་ཤིག་བུའི་ལས་བྱས་པ་ཡིན་སྟེ། ཉོན་མོངས་པའི་སྒྲིབ་པ་བག་ཉལ་སྤང་རྩམ་ཡིན་ནོ། །ངས་ཕའི་ལས་བྱས་སྟེ་ཤེས་བྱའི་སྒྲིབ་པ་མ་ལུས་པར་སྤང་ནས་སངས་རྒྱས་ཏེ་ཆོས་གསུངས་པ་ཡིན་ནོ་ཞེས་གསུང་ནས་བུའི་གདུང་པ་ཡང་གསལ་ལོ། །དེ་ནས་ཞག་བདུན་ན་བུད་དྷ་འདས་ནས་འགྲོ་བར་འདུག་པ་ལ། ཀུན་དགའ་བོས་མི་འདའ་བར་ཞུས་པས། བུད་དྷའི་ཞལ་ནས་ངས་གོང་དུ་ཁྱོད་ལ་ལན་གསུམ་དུ་དྲིས་པས་ལན་མ་གཏེར་བ་ཡིན་ཞེས་ནས་མ་གནང་ངོ་། །དེ་ནས་ཀུན་དགའ་བོ་རྒྱལ་བ་ལ་མ་འགག་པས་སླང་ནས་ཁྱོད་ཀྱི་དེས་མི་ཕན། ཁྱོད་དེ་ལྟར་མ་བྱེད་པར་ཡར་ལ་ལོངས་ཅིག །སངས་རྒྱས་ཀྱི་གསུང་ལ་ཟློ་བུ་མི་

84a

༄༅།       །མངའ་བས་ཕལ་ཆེར་མྱ་ངན་ལས་འདའ་བར་ངེས་པས། ཁྱོད་ཀྱིས་དྲི་བ་བཞི་དྲིས་ཅིག་ཅེས་བསླབས་པས། རྒྱལ་བ་སངས་ཏེ་དྲི་བ་དེ་དག་མ་ལུས་པར་དྲིས་པས་སོ། །འོ་ན་བཅོམ་ལྡན་འདས་མྱ་ངན་ལས་འདས་ནས་ངེད་ཀྱིས་སྟོན་པ་སུ་ལ་བྱ། ངེད་ཅག་རྣམས་ཀྱིས་རྟེན་གང་ལ་བྱ། མུ་སྟེག་གི་སྟོན་པ་དྲུག་དང་ཇི་ལྟར་འགྲོག་ཤིང་མུ་སྟེགས་ཇི་ལྟར་འདུལ། བཀའ་བསྡུད་པའི་དབུ་ཞབས་སུ་ཇི་ལྟར་བཞུག་ཞེས་དྲིས་པས། བུད་དྷའི་ཞལ་ནས་ཁྱོད་ཀྱི་སྟོན་པ་ཚུལ་ཁྲིམས་ལ་གྱིས་ཅིག །རྟེན་དྲན་པ་ཉེ་བར་བཞག་པ་བཞི་ལ་རྟེན་ཅིག །མུ་ཏེགས་ཀྱི་སྟོན་པ་དྲུག་རང་དུལ་ནས་འགྲོ་ཡིས། ཆོས་བཀའ་བསྡུ་བ་བྱེད་པའི་དུས་སུ། ཆོས་མདོ་དང་རྒྱུད་སྡེ་རྣམས་ཀྱིས་སླད་དུ་འདི་སྐད་བདག་གི་ཐོས་པའི་དུས་ཅིག་ན་ཞེས་པ་ཆུག་ཅིག །བར་དུ་དྲིས་ལན་དང་། གཤམ་དུ་རྗེས་སུ་ཡི་རང་བའི་ཚིག་ཆུག་གཅིག །ཅེས་བཀའ་བསྩལ་པ་དང་། ཤ་རིའི་བུ་དང་མེའུ་འགལ་བུ་གཉིས་བདག་ཅག་གི་སྟོན་པ་སྐུ་འདའ་བའི་མདུན་དུ་འདུག་མི་ཚུགས་སོ་ཞེས་ཟེར་ནས་ཁོང་གཉིས་གོང་དུ་འདས་སོ། །དེ་གཉིས་ཀྱི་རྗེས་ལ་དགེ་སློང་བརྒྱ་ཁྲི་ཡང་འདས་སོ། །དེ་ནས་འབུད་དྷ་འདས་པའི་སྤུར་སྦྱངས་པར་འདོད་ནས། གྲོང་ཁྱེར་རྩ་མཆོག་གི་མི་རྣམས་ཀྱིས་རི་མ་ལ་ཡ་ནས་ཙྡན་བླངས་ཏེ་རྩེར་རོ། །དེ་ནས་སྤུར་སྦྱོངས་བ་ལ་མེ་མཆེད་དུ་མ་སྟུབ་པས། ལྷའི་དབང་པོ་རྒྱལ་སྦྱིན་གྱིས་བདེན་པ་བརྡར་ན། བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་མི་རྟགས་དང་སྟོང་པ་

84b

དང་སྟོང་པ་དང་། བདག་མེད་པ་དང་ཞི་བར་ཐུགས་སུ་ཆུད་ན་མེ་ཁྱོད་རང་འབར་གྱུར་ཅིག །དེ་ལྟར་མ་མ་ཡིན་ན་མ་འབར་ཅིག་ཞེས་བརྗོད་པ་དང་། འབུད་དྷའི་ཐུགས་ཁ་ནས་མེ་ཟླ་བའི་མདོག་ཅན་ཅིག་བྱུང་ནས་སྤུར་བསྲེག་པར་གྱུར་ཏོ། །དེ་ནས་དགུང་བདུན་དུ་མེ་འབར་སྟེ་འཆིར་བ་བསྟུབས་པ་ལ་ཡང་བརྒྱ་བྱིན་གྱིས་བདེན་པ་བརྡར་བ། ཡང་སངས་རྒྱས་ཀྱིས་ནི་མ་འོངས་པའི་འགྲོ་བ་རྣམས་ལ་ཀུན་རྫོབ་དུ། གདུང་བཞག་པ་ལགས་ན་མི་ཁྱོད་རང་ཞི་བར་གྱུར་ཅིག་ཅེས་བརྗོད་པས་ཤིའོ། །དེ་ནས་རིང་བསྲེལ་བཏུས་སྟེ་བྲམ་ཟེ་པི་པི་མན་གྱིས་རས་ཀྱི་འོག་སྟུམས་ནས། གསེར་གྱི་པར་བུས་བཅལ་བས་ཡུལ་མ་ག་ཏའི་བྲེ་ཚད་ཀྱིས་ཁལ་བཞི་བྲེ་བཞི་ཕུལ་བཞི་བྱུང་ནས་བསེ་སྒྲོམ་བཞི་བཀང་ཏེ། རྩ་མཆོག་ན་གནས་པའི་མི་རྣམས་སྲུང་དུ་བཅུག་པས། རྒྱལ་པོ་མ་སྐྱེས་དགྲས་ཐོས་ནས། ང་རྒྱལ་དང་ཕྲག་དོག་གི་དབང་གིས་བརྡུང་འཕྲོག་དུ་ཕྱིན་པ་དང་། བར་སྣང་གི་ལྷ་རྣམས་ཀྱིས་ཚོར་ཏེ་སྨྲས་པ། རྒྱལ་པོ་ཆེན་པོ་དེ་ལྟར་མ་མཛད་ཅིག །བུད་དྷ་ནི་ཚད་མེད་པ་བཞི་མཐར་ཕྱིན་པས་ཀུན་ལ་ཉེ་རིང་མེད་པར་སྙོམས་པ་ཡིན། དེ་ལྟར་མཛད་པ་དེ་མ་ལེགས་ཞེས་སྨྲས་པ་དང་། དེར་རྒྱལ་ཡང་འགྱོད་ནས་གླང་པོ་ཆེའི་སྟེང་ནས་དྲུལ་ནས་ས་ལ་འགྱེལ་ནས་བརྒྱལ། བརྒྱལ་བ་སངས་ནས་ར་རྩས་འཁོར་རྣམས་ལ་བཀའ་སྒོས་ཏེ་འདི་ལྟར་བགྱིས་པ་འདི་མ་ལེགས་པར་འདུག་པས།

85a

༄༅།       །འོ་ཅག་རང་སྐལ་བ་ཆ་ཤས་སློང་དུ་འདེང་ཞེས་ནས། སློང་དུ་ཕྱིན་པ་དང་། རྩ་མཆོག་ཏུ་ཕྱིན་པས། དེར་འཚོགས་པའི་ཤཀྱ་བ་རྣམས་ཀྱང་འཁྲུག་ཏེ་བརྩོད་པར་གྱུར་ཏོ། །དེ་ནས་བྲམ་ཟེ་བོ་མཉམ་པ་གྱིས་པར་བྱས་དེ། རས་ཀྱིས་མགོ་སྟུམས་ནས་གདུང་ཚན་པ་བརྒྱད་དུ་བགོས་སྟེ། སོ་སོ་ཡུལ་ཕྱོགས་གྲོང་ཁྱེར་ཆེན་པོ་བརྒྱད་དུ་ཁྱེར་ནས་སྤྱན་དྲངས་དེ་དེ་དག་དུ་མ་ཧཱ་དེ་རྩ་བརྒྱད་བཞེངས་སོ། །དེར་བུམ་པ་བྲེ་བོ་ལ་བྱིན། སོར་མེ་དྲོ་ཞུན་སྐྱེས་ཀྱིས་ཕྱགས་ཏེ་ཁོང་གཉིས་ཀྱིས་ཀྱང་ཏེ་རྩ་རེ་རེ་བཞེངས་པ་དེ་བཅུ་ཐམས་པ། དེ་ལ་མཚན་བརྒྱད་པོ་ལ་བདུན་འཛམ་བུ་གླིང་ན་མངོན་པར་ཡོད། གཅིག་སྒྲ་སྒྲོག་གིས་ཀླུས་ཁྱེར་ནས་ཀླུའི་གནས་ན་ཡུལ་དུ་ཏེ་རྩ་རྩིགས་ཞེས་གྲགས་གོ །ཚེམས་མཆི་བ་བཞི་པ་གཅིག་སུམ་བཅུ་རྩ་གསུམ་དུ་ཁྱེར། གཅིག་ཚོགས་མཛིན་དུ། གཅིག་ཀ་ལིང་ཀར། གཅིག་སྲིན་པོ་འམ་སྒྲ་སྒྲོགས་ཀྱིས་ཀླུས་ཁྱེར་ཞེས་ཀྱང་ཟེར་རོ། །དཔེ་ནི་ཐུན་མོངས་དུ་བསྡུ་ཚུལ་བསྡུས་པ་ནི། སའི་རྣམ་བཞག་སྟན་པའོ། །ད་དེ་ལས་ཁྱད་པར་རམ་བྱེ་བྲག་དུ་བསྡུ་ཚུལ་སྟན་པ་ནི། བཀའ་བསྡུ་བ་རྣམ་པ་གསུམ་ལས། བསྡུ་བ་དང་པོ་ལ་བདུན་ཏེ། དུས་ནི་འབུད་དྷ་འདས་པའི་དབྱར་གྱི་ཕྱི་དེ་ལོ་ཞེས་ལུང་འཕྲན་ཚེགས་པས་བཤད་དོ། །