ལྡེའུ་ཆོས་འབྱུང་།
དང་པོ། གཉིས་ལས་དང་པོ་མཆོད་པར་བརྗོད་པ།
上一章
下一章

(དང་པོ། གཉིས་ལས་དང་པོ་མཆོད་པར་བརྗོད་པ།)

༈    ད་ནི་སྤྱི་དོན་ལྔ་པ་བོད་ཡུལ་དུ་ཆོས་བྱོན་པའི་ལོ་རྒྱུས་སྟོན། དེ་ལ་དོན་བཅུ་གཉིས་ཀྱིས་སྟེ། དང་པོ་མཆོད་པར་བརྗོད་པ་ཕྱག་གི་མཚན་ཉིད་སྟན་ལ་དབབ་པ་དང་བཅས་པ་སྟན་པ་ནི། བླ་མ་དཀོན་མཆོག་ཡི་དམ་མཁའ་འགྲོ་དང་། །བར་ཆོད་སེལ་བ་ཆོས་སྐྱོངས་བསྲུངས་མའི་ཚོགས། །བདེ་གཤེགས་སྙིང་པོ་ལོ་པཎ་རྣམས་དང་ནི། །སྤྲུལ་པའི་རྒྱལ་པོ་དྲིན་ཅན་རྣམས་ལ་འདུད། །ཅེས་པས་མཆོད་པར་བརྗོད་པ་སྟོན་ཏེ། དེ་ལ་དགོས་པའི་དོན། བསྡུས་པའི་དོན། ཚིག་གི་དོན་ནོ། །དགོས་པ་ནི་ཕྱག་བཙལ་ནས་བར་ཆད་མི་འབྱུང་པ། རྒྱུད་ལ་བྱིན་རླབས་འཇུག་པའོ། །བསྡུས་པའི་དོན་ནི་ཡུལ་ལ་ཕྱག་འཚལ་བ། གང་ཟག་གང་གིས་བཙལ་བ། ཚུལ་ཐབས་ཇི་ལྟར་བཙལ་བའོ། །ཚུལ་ནི་བླ་མ་དང་དཀོན་མཆོག་གསུམ། ཡི་དམ་གྱིས་ལྷ་ཚོགས། མཁའ་འགྲོ་དང་ཞིང་སྐྱོངས།

103a

༄༅།       །ཆོས་སྐྱོངས་པའི་སྲུངས་མ། སངས་རྒྱས་འབྱུང་པའི་རང་གི་སེམས་བདེ་བར་གཤེགས་པའི་སྙིང་པོ་ཅན། སྤྲུལ་པའི་རྒྱལ་པོ་མེས་དབོན་རྣམ་གསུམ་ལ་སོགས་པ་རྣམས་ལ་ཕྱག་འཚལ་བའི། གང་ཟག་གང་གི་བཙལ་ན། སྔོན་འབྱུང་དུ་རིགས་པའི་གནས་ལ་མཁས་པའི་དགེ་བཤེས་ཇོ་འབུམ། ད་ལྟར་མཁས་པ་ཇོ་ནམ། རྗེས་འཇུག་དུ་ཕྱི་རབས་གང་ཟག་འདི་ལ་ཉན་བཤད་བྱེད་པ་རྣམས་སོ། །ཚིག་གི་དོན་ནི་བླ་མ་ཞེས་པ་གོང་ན་མེད་པའོ། །དཀོན་མཆོག་ཞེས་པ་སངས་རྒྱས་ཆོས་དང་དགེ་འདུན་གསུམ་པོ་དེ་འཇིག་རྟེན་ན་དཀོན་ཀྱང་དཀོན་ལ་མཆོག་ཡིན་པས་སོ། །ཡི་དམ་ཞེས་པ་སེམས་ཡིད་དེ། ཡིད་དམ་པར་མ་གྱུར་པ་འགྲོ་དྲུག་གི་སེམས་ཅན་གྱི་འཁྲུལ་པའི་སེམས་ཡིན་ཏེ། ཡིད་དམ་པར་གྱུར་པ་བདེ་བར་གཤེགས་པའི་ཐུགས་ཡིན་པས། དལ་ཕྱི་ནང་གི་ལྷ་ཚོགས་སོ། །མཁའ་འགྲོ་ཅེས་པ་ཆོས་ཉིད་ཡངས་པའི་མཁའ་ལ་གཤེགས་པའི་མཁའ་འགྲོ་མ་དང་ཞིང་སྐྱོངས་ཀྱི་ཚོགས་སོ། །བར་ཆོད་སེལ་བ་ཆོས་སྐྱོངས་སྲུངས་མའི་ཚོགས་སྐད་པ། དམ་པའི་ཆོས་ཀྱང་དཀོན་ལ་འཚེ་བ་མང་པས། ཆོས་བྱེད་རྣམས་ཀྱི་བར་ཆད་སྲུངས་ཞིང་སྐྱོངས་པའི་ཕྱིར་ན། ཆོས་སྐྱོངས་བསྲུངས་མའོ། །ཚོགས་ཞེས་པ་མང་པོའི་སྒྲའོ། །བདེ་གཤེགས་སྙིང་པོ་སྐད་པ། རང་གི་སེམས་སངས་རྒྱས་སུ་རྟོགས་པ་ལ་བྱའོ། །གསལ་སྟོང་གཉིས་མེད་དམ། བདེ་བ་གསལ་བ་མི་རྟོགས་པ་གསུམ་དུ་ཤེས་པ་དེ། བདེ་བར་གཤེགས་པའི་སྙིང་པོའོ། །ལོ་པཎ་ཀུན་ཞེས་པ་དམ་པའི་ཆོས་སང་ཏྲི་ཏ་ལྷའི་སྐད་ལས་བོད་སྐད་དུ་བསྒྱུར་བ་ལ་མཁས་པ་ལོ་ཚྩ་ཅེས་བྱ་སྟེ། དཔེར་ན་གོ་ཆོད་པ་ལ་

103b

མི་དེ་ལ་ལོ་ཚྩ་བས་འདུག་ཟེར་བ་དང་འདྲའོ། །པན་སྐད་པ་རྒྱ་སྐད་དུ་པན་ཙ་བོད་སྐད་དུ་བསྒྱུར་བ་ལྔ་ཞེས་པ་སྟེ། རིགས་པའི་གནས་ལྔ་མཁྱེན་པའི་པན་ཏྲི་ཏའོ། །ཀུན་ཞེས་པ་སྔ་ཕྱི་བར་གསུམ་དུ་ཆོས་བསྒྱུར་བའི་ལོ་པཎ་རྣམས་ལ་བྱའོ། །སྤྲུལ་པའི་རྒྱལ་པོ་སྐད་པ། ལྷ་ཐོ་ཐོ་རི་སྙན་ཙན་བྱང་ཆུབ་སེམས་དཔའི་སའི་སྙིང་པོའི་སྤྲུལ་པ། སྲོང་བཙན་སྒམ་པོ་ཐུགས་རྗེ་ཆེན་པོའི་སྤྲུལ་པ། ཁྲི་སྲོང་ལྡེ་བཙན་འཇམས་དཔལ་གྱིས་སྤྲུལ་པ། མངའ་བདག་རལ་པ་ཅན་ཕྱག་རྡོར་གྱིས་སྤྲུལ་པ། དྲིན་ཅན་ཞེས་པ་དེ་རྣམས་ཀྱི་རིངས་ལ། དང་པོ་ཆོས་ཀྱི་དབུ་རྙེད་པ། བར་དུ་སྲོལ་སྟོད། ཐ་མར་དར་ཞིང་རྒྱས་པར་མཛད་པས་དྲིན་ཆེ་བའོ། །གནམ་སྐད་པ་རྗེ་ན་ག་སྤྲ་བའི་བུ་རྒྱུད་ཇོ་བོ་སྟག་ཚ་ལ་སོགས་པའི་རྒྱལ་པོ་ཆོས་བྱེད་རྣམས་ལ་འདུད་ཅེས་པའོ། །