ལྡེའུ་ཆོས་འབྱུང་།
འཁོར་ལོས་བསྒྱུར་བའི་རྒྱལ་པོ།
上一章
下一章

(འཁོར་ལོས་བསྒྱུར་བའི་རྒྱལ་པོ།)

འཁོར་ལོས་བསྒྱུར་བའི་མངའ་ཐང་ལ་གླེང་པ་ནི། རྒྱལ་པོ་གསོ་སྦྱོང་འཕགས་ཀྱི་སྤྱི་བོ་ནས་ཕོལ་སྦ་བ་གཅིག་བྱུང་པ་སྟོལ་བ་ལས། ཁྱིའུ་ལྟ་ན་མཛེས་པ་གཅིག་བྱུང་ཏེ། མཚན་སུམ་བཅུ་རྩ་གཉིས་དང་ལྡན་པ་ལ་རྒྱལ་པོ་སྤྱི་བོ་སྐྱེས་སུ་ཐོགས་སོ། །དེའི་དུས་སུ་རྒྱལ་པོ་སྤྱི་བོ་སྐྱེས་དེ་ཚེས་བཅྭོ་ལྔའི་ཉིན་པར་ཁྲུས་བྱས་ནས་ཡང་ཐོག་མཐོན་པོར་འདུག་པ་ལས། ལྷའི་དབང་པོ་རྒྱལ་བྱིན་གྱིས་ལྷའི་བུ་ལས་ཐམས་ཅད་པ་ལ་འཛམ་བུ་གླིང་དུ་གསེར་གྱི་འཁོར་ལོས་བསྒྱུར་བ་འབྱུང་གིས། ཁྱོད་ཀྱིས་གསེར་གྱིས་འཁོར་ལོ་རྩིབས་སྟོང་དང་ལྡན་པ། མཁན་བཟོས་མ་བྱས་པ། རང་བཞིན་ལྷུན་གྱིས་གྲུབ་པ་འདི་ཕུལ་གཅིག་བྱས་པ་དང་། ལྷའི་བུས་རྒྱལ་པོའི་ཤར་ཕྱོགས་ནས་གསེར་གྱིས་འཁོར་ལོ་དེ་བསྐོར་ཞིང་འདུག་པ་ལ། བློན་པོ་ན་རེ་རྒྱལ་པོའི་སྤྱི་བོ་ན་གསེར་གྱི་འཁོར་ལོ་བསྐོར་ཅིང་འདུག་པ་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡིན་ངེས་བྱས་པ་དང་། དེའི་ཚེ་རྒྱལ་པོ་དེ་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་དེ་ལྟར་འབྱུང་ཟེར་བ་སྙན་ན་ཡོད་པས། དེ་

114b

བཏགས་པའི་ཕྱིར་ལགས་པ་གཡོན་པས་འཁོར་ལོ་བླངས། གཡས་པས་ནི་སྤོས་ཐོག་ཏེ། དཔུས་མོ་གཙུག་ནས་འདི་སྐད་ཅེས་སྨྲས་སོ། །གསེར་གྱི་འཁོར་ལོ་ཡང་དག་པ་ཡིན་ན། སྔོན་འཁོར་ལོས་བསྒྱུར་བའི་ཆོས་སུ་ངའི་ལག་པར་ཤོག་ཅིག་བྱས་པ་དང་། གསེར་གྱི་འཁོར་ལོ་དེ་ནམ་མཁའ་ལ་འཕགས་སྟེ་ཕྱོགས་བཅུར་བསྐོར་ནས། རྒྱལ་པོའི་ལགས་པ་གཡོན་པར་བྱུང་ངོ་། །དེའི་ཚེ་རྒྱལ་པོ་སྤྱི་བོ་སྐྱེས་དགྱེས་ནས་བདག་ངེས་པ་ཁོ་ནར་འཁོར་ལོས་བསྒྱུར་པའི་རྒྱལ་པོ་ཡིན་ནོ་ཞེས་སྨྲས་སོ། །དེའི་སྟིང་ལ་གླང་པོ་རིན་པོ་པད་མ་ལྟར་དཀར་བ་ཡན་ལག་ས་ལ་མ་རེག་པ་བྱུང་ཏེ། གོང་མ་ལྟར་བཏགས་པས་རྒྱལ་པོའི་ཕྱག་དུ་བྱུང་ངོ་། །དེའི་རྟིང་ལ་རྟ་རིན་ཆེན་སྤུ་མདོག་མཐོན་མཐིང་དུ་ཡོད་པ། རྔོག་འཇུག་གསེར་གྱི་ཁ་དོག་འདྲ་བ་བྱུང་ངོ་། །དེའི་རྟིང་ལ་བུད་མེད་རིན་པོ་ཆེ་གཟུགས་མཛེས་པ། ཧ་ཅང་ཡང་མི་རིང་། ཧ་ཅང་ཡང་མི་ཐུང་པ། ལུས་ཀྱིས་བ་སྤུའི་ཁུང་ནས་སྤོས་ཀྱི་ཤིང་ཙན་དན་གྱི་དྲི་བྲོ་བ། མིག་རྒྱངས་ཀྱིས་དཔག་ཚད་གཅིག་མཐོང་པ། རྣ་བས་དཔག་ཚད་གཅིག་ཐོས་པ། སྣས་དཔག་ཚད་གཅིག་དུ་དྲི་ཚོར་བ། ལྕེས་གདོང་གི་དཀྱིལ་འཁོར་ཁེབས་པ། ཤེས་རབ་ཆེ་བ་བློ་རྣོ་བ། སེམས་ཅན་ཐམས་ཅད་ལ་རྟག་དུ་འཇམ་པོར་སྨྲ་བ། ཕྱག་གི་རྒྱལ་པོའི་གོས་ལ་རེགས་པ་ཙམ་གྱིས། རྒྱལ་པོའི་ན་ཚ་དང་གནོད་པ་ཞི་ཞིང་སེམས་ཇི་ལྟར་སེམས་པ་དང་ཅི་ལ་དམིགས་པ་ཤེས་པ་བྱུང་ངོ་། །ནོར་བུ་རིན་པོ་ཆེ་བཻདུརྱ་སྔོན་པོ་ལྟ་བུ་ཆེ་ཁྱད་མིའི་

115a

༄༅།       །རླ་རྩམ་པ། ཡོན་ཏན་ནི་གྲང་པའི་གནས་སུ་བཞག་ན་དྲོ་བ། ཚ་བའི་གནས་སུ་བཞག་ན་བསིལ་བ། དགོས་འདོད་གསོལ་བ་བཏབ་པས་ཅི་འདོད་འབྱུང་བ་ནུས་པས་དཔག་ཚད་གཅིག་གནང་བའོ། །དེའི་རྟིང་ལ་བློན་པོ་རིན་པོ་ཆེ་རིན་པོ་ཆེའི་གཏེར་ལ་ལོངས་སྤྱོད་པ། ཕྱུག་པ་བང་མཛོད་ཚད་མེད་པ། བསོད་ནམས་ལས་གྲུབ་པ། མིག་གིས་ས་འོག་གི་གཏེར་མཐོང་པ། རྒྱལ་པོའི་བསམ་པ་ཡིད་བཞིན་དུ་སྦྱོར་བ་འབྱུང་ངོ་། །རྒྱལ་པོས་བརྟག་པའི་ཕྱིར་གྲུར་ཞུགས་སྟེ་འདི་སྐད་བགོའོ། །ཁོ་བོ་ནི་རིན་པོ་ཆེའི་རྣམ་པ་ཐ་དད་པ་འདོད་དོ་ཅེས་བགོ་བ་དང་། བློན་པོ་དེས་ཐོས་མ་ཐག་དུ་ལག་པ་གཉིས་ཀྱི་རྒྱ་མཚོའི་ནང་ནས་བཅུས་པ་དང་། སོར་མོ་བཅུ་ལ་ནོར་བུ་རིན་པོ་ཆེའི་གཏེར་བཅུ་ཡོད་པར་གྱུར་ཏེ། རྒྱལ་པོ་ལ་ཕུལ་ནས་ཇི་རྩམ་འདོད་པ་ཞེས་ལ་ལྷག་མ་ཆུར་དོར་དུ་གསོལ་བྱས་པས། རྒྱལ་པོ་དགྱེས་ནས་བདག་ནི་ངེས་པར་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཡིན་ནོ་ཞེས་ནས་དགའ་འགུ་ཡིད་རངས་སོ། །དེའི་རྟིང་ལ་དམག་དཔོན་རིན་པོ་ཆེ་ཤིན་དུ་རྩལ་ཆེ་བ་དཔའ་བ། མ་ཐུལ་བ་རྣམས་འདུལ་བ། ཐུལ་བ་རྣམས་སྐྱོབས་པ་འབྱུང་ངོ་། །རིན་པོ་ཆེ་དེ་ཚོའི་མིང་ནི། འཁོར་ལོ་རིན་ཆེན་རྩིབས་སྟོང་དང་ལྡན་པ། བློན་པོ་རིན་པོ་ཆེ་དགའ་བས་བརྒྱན་པ། དམགས་དཔོན་རིན་པོ་ཆེ་གཙུབ་འགྱུར་རྡོ་རྗེ་འཆང་། བཙུན་མོ་རིན་པོ་ཆེ་འདོད་འབྱུང་བྱང་ཆུབ་སེམས། གླང་པོ་རིན་པོ་ཆེ་གཉེན་ནས་དགའ་བ། ནོར་བུ་རིན་པོ་ཆེ་དགོས་འདོད་འབྱུང་བ། རྟ་སྔོན་རིན་པོ་ཆེ་སྤྲིན་གྱིས་ཤུགས་ཅན་ཞེས་བྱའོ། །གནས་

115b

གང་ནས་བྱུང་ན། འཁོར་ལོ་ལྷའི་ཡུལ་ནས་བྱུང་། ནོར་བུ་ཀླུའི་ཡུལ་ནས་བྱུང་། དམག་དཔོན་རིན་པོ་ཆེ་བཙུན་མོ་རིན་པོ་ཆེ་ལྷ་མ་ཡིན་གྱི་ཡུལ་ནས་བྱུང་། རྟ་དང་གླང་པོ་རིན་པོ་ཆེ་ནུབ་ཕྱོགས་ཀྱི་གླིང་ཕྲན་ཁ་འབུ་ཅན་ནས་བྱུང་ངོ་། །དེ་དང་རྗེས་མཐུན་པ་ཉེ་བའི་རིན་པོ་ཆེ་སྣ་བདུན་བྱུང་ཏེ། རལ་གྲི་རིན་པོ་ཆེ་དང་། དཔག་བསམ་རིན་པོ་ཆེ་དང་། མཚལ་རིན་པོ་ཆེ་དང་། གཞལ་མེད་ཁང་རིན་པོ་ཆེ་དང་། ཁྲི་སྟན་རིན་པོ་ཆེ་དང་། གོས་རིན་པོ་ཆེ་དང་། མཆིལ་ལྷམ་རིན་པོ་ཆེ་དང་བདུན་ནོ། །ཕྱིའི་རིན་པོ་ཆེ་སྣ་བདུན་ཡང་བྱུང་སྟེ། གསེར། དངུལ། བཻདུརྱ། མུ་ཏིག་དམར་པོ། གཡུ་ཤེལ། རྡོ་རྗེའི་སྙིང་པོ་དང་བདུན་ནོ། །མངའ་ཐང་གི་རྣམ་པ་དེ་རྣམས་དང་ལྡན་སྟེ། དེ་རྣམས་ལ་ཡོན་ཏན་ནི་དཔག་ཏུ་མེད་དོ། །འོ་ན་འཁོར་ལོས་བསྒྱུར་བ་དེ་ལ་ལོངས་སྤྱོད་དེ་རྣམས་དང་ལྡན་པ་དེ་ལས་ཅི་བསགས་པས་ཐོབ་ཅེས་ན། སྔོན་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་ཅད་ཅིང་། མཆོད་རྟེན་ལ་བསྐོར་བ་བྱས་ནས་རྒྱལ་པོ་དག་དུ་སྐྱེ་བར་སྨོན་ལམ་སྟབ་པའོ། །རིན་པོ་ཆེ་སྣ་བདུན་དང་། ཉེ་བའི་རིན་པོ་ཆེ་སྣ་བདུན་ལས་ཅི་བསགས་པས་ཐོབ་ཅེས་ན། མདོ་ལས་འདི་སྐད་དུ། གླང་པོ་ཁྱོག་དང་ཁྲི་དང་ནི། །གྲུ་དང་ཟམ་པ་བཏེགས་རྣམས་གཙུགས། །སྤང་མཁར་སྙུག་མཁར་ལྷམ་རྣམས་བྱིན། །དེས་ནི་རྟ་དང་གླང་པོ་ཐོབ། །ཁས་ཉེན་རྣམས་ལ་མགོན་སྐྱབས་བྱས། །དེས་ནི་དམག་དཔོན་རིན་ཆེན་ཐོབ། །ལྷ་རྣམས་ཀུན་ལ་མེ་ཏོག་ཕུལ། །དེས་

116a

༄༅།       །འཁོར་ལོ་རིན་ཆེན་ཐོབ། །ཀླུ་རྣམས་ཀུན་ལ་མཆོད་པ་ཕུལ། །དེས་ནི་ནོར་བུ་རིན་ཆེན་ཐོབ། །ཟས་ཀྱི་ཡོ་བྱད་སྣ་ཚོགས་བྱིན། །དེས་ནི་བཙུན་མོ་རིན་ཆེན་ཐོབ། །མཁས་པ་རྣམས་ལ་བསྙེན་བཀུར་བྱས། །དེས་ནི་དམག་དཔོན་རིན་ཆེན་ཐོབ། །ཀུན་ལ་སྦྱིན་པ་སྙོམས་པར་བཏང་། །དེས་ནི་ཉེ་བའི་རིན་ཆེན་སྣ་བདུན་ཐོབ་ཅེས་སོ། །དེ་ནས་རྒྱལ་པོ་དེས་བློན་པོ་རྣམས་ལ་བགོ་བ། ཁྱེད་རྣམས་འདི་ལྟར་རིགས་པར་གྱིས་ཤིག །འཛམ་བུ་གླིང་ནི་རབ་ཏུ་བདེ་ཞིང་བསྐྱིད་པར་གྱུར་ན། ད་གཞན་ཅི་བྱར་ཡོད་ཅེས་པ་དང་། བློན་པོས་སྨྲས་པ། རྒྱལ་པོ་ཆེན་པོ་འཛམ་བུའི་གླིང་འདི་རབ་ཏུ་བདེ་ཞིང་བསྐྱིད་པར་གྱུར་ཀྱང་། ཤར་ཀྱིས་ལུས་འཕགས་པོའི་གླིང་ད་རུང་མ་བཏུལ་ལོ། །རྒྱལ་པོའི་བཀའ་མི་ཉན་ན་དེ་ཡང་འདུལ་དགོས་སོ། །ཞེས་སྨྲས་པ་དང་། གསེར་གྱིས་འཁོར་ལོས་བསྒྱུར་བ་དེ་ནམ་མཁའ་ལ་འཕག་ཏེ། རྒྱ་མཚོ་ལས་རྒལ་ནས་ཤར་གྱིས་ལུས་འཕགས་གླིང་དུ་ཕྱིན་པ་དང་། མི་རྣམས་ཀྱི་གསུང་ནས་ལྷ་ལེགས་པར་འདུལ་དུ་གསོལ། ཞེས་སྨྲས་པ་དང་། རྒྱལ་པོས་གསུང་པ། ཁྱེད་རྣམས་ཡུལ་གྱི་གཙོ་བོ་ཁྲིམས་དང་སྟུན་ཅིག །མི་དགེ་བཅུ་སྤོང་ཅིག །དགེ་བ་བཅུ་དང་དུ་ལོང་གཅིག་གསུང་ནས་ཤར་སྟུལ། དེ་ནས་བྱང་སྒྲ་མི་སྙན་དང་ནུབ་བ་གླང་སྤྱོད་ཀྱང་སྟུལ་ཏེ། རྒུན་གྱི་དུས་སུ་ཉི་མའི་འོད་ཟེར་རྣམ་དག་འཕགས་སུ་གཤེགས། དེ་ན་གནས་པའི་ཚེ་ལུས་ཨ་ཀ་རུའི་དྲིས་བྱུག་པ་བཞིན་དྲོ་བོ། །

116b

དཔྱིད་ཟླ་བ་བཞི་གནས་ཁང་བཟང་ཟླ་བ་འཆར་བྱེད་དུ་གཤེགས། དེ་ན་གནས་པའི་དུས་སུ་ལུས་ལ་ཙན་དན་གྱིས་དྲིས་བྱུག་པ་བཞིན་དུ་བསིལ་ལོ། །སྦྱར་ཟླ་བ་བཞི་བཞི་ཁང་བཟངས་བཻདུརྱའི་སྙིང་པོར་གཤེགས་སོ། །དེ་ནས་རྒྱལ་པོས་གསུངས་ནས་གླིང་བཞིའི་མི་ནི་བདེ་ཞིང་བསྐྱིད་པར་གྱུར་ན། ད་གཞན་ཅི་བྱར་ཡོད་གསུངས་པས། བློན་པོས་སྨྲས་པ། སུམ་བཅུ་རྩ་གསུམ་ད་རུང་མ་བཏུལ་ལོ་ཞེས་ན། སུམ་བཅུ་རྩ་གསུམ་དུ་གཤེགས་ནས་ལྷའི་དབང་པོས་གདན་ཕྱེད་བརྡར་བ་ལ། དེ་ཆུང་ནས་ངན་སེམས་སྐྱེས་པས་དམྱལ་བར་ལྟུང་ཏེ། ཡུན་དར་དཀར་གྱིས་ཕོ་ལོང་སྡབས་པ་ཙམ་གཅིག་བསྡད་ནས་ཐོན་སྐད། སྤྱི་བོ་སྐྱེས་ཀྱིས་སྲས་མཛེས་པས་སྟེ། དངུལ་གྱིས་འཁོར་ལོས་བསྒྱུར་བའོ། །དེས་དཔུང་གི་ཚོགས་ཡན་ལགས་བཞི་དང་ཆས་ནས་རང་བྱོན་ཏེ་གླིང་གསུམ་ལ་དབང་བྱས། དེའི་སྲས་ཉེ་མཛེས་སྟེ་ཟངས་ཀྱི་འཁོར་ལོས་བསྒྱུར་བ་གླིང་གཉིས་ལ་དབང་བྱེད་དེ། གཡུལ་ཤོམ་དགོས་སྐད། དེའི་སྲས་མཛེས་ལྡན་སྟེ་ལྕགས་ཀྱི་འཁོར་ལོས་སྒྱུར་བ། དེས་དཔུང་གི་ཚོགས་ཡན་ལག་བཞི་དང་བཅས་ནས། མཚོན་བརྩམས་སྟེ་འཛམ་བུའི་གླིང་གཅིག་བུ་ལ་དབང་བྱེད་སྐད། དེ་སྐད་དུ་ཡང་མངོན་པ་མཛོད་ཀྱི་གནས་གསུམ་པ་ནས། གསེར་དངུལ་ཟངས་ལྕགས་འཁོར་ལོ་ཅན། །དེ་དག་གླིང་གཅིག་གླིང་གཉིས་དང་། །གསུམ་དང་བཞི་ལ་མ་རིམས་བཞིན། །ཕས་སུ་རང་གྲོལ་གཡུལ་བཤམས་པས། །མཚོན་རྩམ་

117a

༄༅།       །ཕམ་རྒྱལ་གནོད་པ་མེད་ཅེས་སོ། །དེ་ཡན་ཆད་སྡེ་སྣོད་གསུམ་འདྲ་བ་ལས། འདི་མན་ཆད་འདྲ་མེན་དུ་བྱུང་ངོ་། །མདོ་སྡེའི་ལུགས་སུ་བགྱིས་ན། མཛེས་ལྡན་གྱིས་སྲས་མཛེས་ཅན། དེའི་སྲས་བཟང་པོ། དེའི་སྲས་ལེགས་བཟངས། བཏང་པ་བཏང་གཟུང་། ཡན་ལག ། ཡན་ལགས་ཤིང་རྟ། ངན་སྤོང་། སྐལ་ལྡན་ཤིང་རྟ། རྒྱ་མཚོ། རྒྱ་མཚོའི་བུ། རྒྱ་མཚོ་ཆེན་པོ། ཤ་སྐུ་ནི། ཤ་སྐུ་ནི་ཆེན་པོ། དེ་ནས་དགྲ་ཅན་མཛིན་ལ་ཐུག་གི་བར་དུ་གདུང་རབས་ས་ཡ་དང་བདུན་ཁྲི་བཞི་སྟོང་ལྔ་བརྒྱ་བདུན་སོང་པར་མངོན་པར་འབྱུང་པའི་མདོ་ནས་སོ། །གདུང་རབས་ས་ཡ་དང་འབུམ། ཁྲི་ཕྲག་སྟོང་དྲུག་བརྒྱ་བཅུ་གཅིག་སོང་པ་འདུལ་བ་ལགས་སོ། །གདུང་རབས་ལྔ་ཁྲི་ལྔ་སྟོང་རྒྱ་བཞི་བཅུ་ཞེ་བརྒྱད་སོང་པ་འཇིག་རྟེན་གདགས་པ་ནས་བཤད་གདའ་སྟེ་མངོན་པའི་ལུགས་སོ། །དེ་ཚོས་ནི་འཁོར་ལོས་སྒྱུར་བའི་མངའ་ཐང་གླེང་པའོ། །