ལྡེའུ་ཆོས་འབྱུང་།
བཙན་བདུན།
上一章
下一章

(བཙན་བདུན།)

དེ་ནས་ཚིག་ལ་བཙན་བདུན་ནི། ལྡེ་རྒྱལ་པོའི་སྲས་རྒྱལ་

141a

༄༅།       །པོ་སྤྲིན་བཙན། དེའི་སྲས་རྒྱལ་སྟོ་རེ་ལོ་བཙན། དེ་ནི་འབངས་དང་སྐུ་སྙེན་པ་ལ་སྔ་བ་ལགས་སྟེ། རྨེ་གཟའ་ཀླུ་རྒྱལ་དང་བཤོས་པའི་སྲས་ཁྲི་བཙན་ནམ། དེ་དང་ཁྲི་སྒྲ་ངན་ཆུང་བཤོས་པའི་སྲས་ཁྲི་སྒྲ་སྒྲུངས་བཙན། དེ་དང་རྨ་གཟའ་ཀླུ་བཙན་བཤོས་པའི་སྲས་ཁྲི་ཐོག་རྗེ་ཐོག་བཙན། དེ་དང་རུ་ཡོང་གཟའ་སྟོང་རྒྱལ་བཤོས་པའི་སྲས་ལྷ་ཐོ་ཐོ་ར་གཉན་བཙན། དེའི་རིང་ལ་དམ་པ་ཆོས་ཀྱི་རྟགས་བྱུང་ཏེ། དེ་ནས་ཐོ་ཐོ་གཉན་བཙན་སྐུ་རིང་ལ། ཆོས་ཀྱི་རྟགས་བྱུང་དེ་ལ་དབུ་སྙེམས་ཟེར། སྐད་པ་ལྷ་ཐོ་ཐོ་རེ་སྙེན་རྩན་དེ་སངས་རྒྱས་འོད་སྲུངས་སམ། བྱང་ཆུབ་སེམས་དཔའ་སའི་སྙིང་པོའི་སྤྲུལ་པ་ཡིན་ཏེ། སྐུ་མཁར་ཡུང་བུ་བླ་སྒང་ན་བཞུགས་པའི་དུས་སུ་གསེར་གྱི་སྤང་གོང་ཕྱག་རྒྱ་པ་དང་། གཡུའི་མཆོད་རྟེན་བང་རིམ་བཞི་པ་ནམ་མཁའ་ནས་ཕྱག་དུ་བབས་སྟེ། གཉན་པའི་ཆོས་སུ་མ་མཁྱེན་ཀྱང་། ཡིད་དུ་འོང་ཞིང་མཛེས་པ་རྩམ་དུ་དགོངས་ནས། གསེར་སྐྱེམས་གཡུ་སྔོན་གྱིས་མཆོད་པས། ལོ་དུས་སུ་བཀའ་བཏགས་ཀྱི་ཕྱག་རྒྱ་བཞི་ཡང་བྱོན་སྐད། དེ་ལ་རྨུའི་བོན་པོ་སྐྱོ་ངོ་མཚར་བྱ་བ། རྒྱལ་པོའི་སྐུ་གཤེན་པ་ཡིན་པས་ཁོ་ན་རེ། འདི་བོད་དར་བའི་རྟགས་ཡིན་པས་ཤ་ཁྲག་གི་མཆོད་གཅིག་ཟེར་བ། སེམས་ཅན་གྱི་སྲོག་དང་དབུག་གི་མཆོད་པས། ནད་དང་ཐན་པ་བྱུང་ནས་ལོ་ཉེས་དང་མུ་གེ་བྱུང་ནས་བཀྲ་མ་ཤིས། དེ་ནས་ནུབ་གཅིག་རྒྱལ་པོའི་རྨི་ལམ་དུ། འདི་བོད་དུ་ཆོས་འབྱུང་པའི་སྔ་ལྟས་ཡིན། སྤོས་དང་མེ་ཏོག་དང་མར་མེའི་མཆོད་པ་ཕུལ།

141b

རྒྱལ་པོ་ཉིད་ཀྱི་འོག་དུ་སྤྲུལ་པའི་རྒྱལ་པོ་མང་པོ་འབྱུང་ངོ་། །ཞེས་ལུང་སྟན་ནས། ཆོས་ལུགས་སུ་བཅད་པས་རྒྱལ་པོ་ལོ་རྒྱ་ལོན་ནས་སླར་སེའུ་སྐྱེས་སོ། །རྙན་ལྷའི་རྣ་བ་བཞིན་སླར་རིང་པོར་གྱུར་པས། ལྷ་ཐོ་ཐོ་རེ་གཉན་ཤལ་བྱ་བར་གྲགས་སོ། །དེ་ལྟར་ཁོང་གི་རིང་ལ་ཆོས་འབྱུང་པར་ལྷ་མོ་དྲི་མ་མེད་པས་ཞུས་པའི་མདོ་ལས། གདོང་དམར་ཅན་གྱིས་ཡུལ་དུ་ནི། །སྟོན་པ་མྱ་ངན་འདས་འོག་ཏུ། །ལོ་ནི་ཕྱེད་དང་གཉིས་སྟོང་ན། །དམ་པའི་ཆོས་ནི་འབྱུང་པར་འགྱུར་ཞེས་པ་དང་། དང་པོ་རྒྱུད་ལས་ཀྱང་། བྱང་ཕྱོགས་གངས་རི་རྒྱུད་ཀྱི་བར། །དགེ་བ་ཅན་གྱིས་ས་ཕྱོགས་སུ། །ལོ་ནི་སྟོང་དང་སྔ་རྒྱ་ན། །དམ་པའི་ཆོས་ནི་འབྱུང་པར་འགྱུར་ཞེས་གསུང་པས། སྟོན་པ་འདས་ནས་ལོ་ཕྱེད་དང་གཉིས་སྟོང་ན་བོད་དུ་ཆོས་འབྱུང་བར་གསུངས་སོ། །ལྷ་ཐོ་ཐོ་རེ་གཉན་ཤལ་དང་རྣོ་གཟའ་མང་མོ་རྗེའི་སྲས་ཁྲི་གཉའ་གཟུང་བཙན་ནོ། །དེ་བདུན་ནི་ཚིག་ལ་བཙན་བདུན་ནོ། །