ལྡེའུ་ཆོས་འབྱུང་།
གསང་སྔགས་ཀྱི་འགྱུར་བཅུ།
上一章
下一章

(གསང་སྔགས་ཀྱི་འགྱུར་བཅུ།)

དེ་ལ་གསང་སྔགས་འགྱུར་བཅུ་མཆད་ཚུལ་བཞི། ཡོངས་སུ་རྫོགས་པའི་བསྐོར་དང་ལྔ་ཞེས་གྲགས། ཞེས་པ་ནི། ཁྲི་སྲོང་ལྡེབས་བཙན་གྱི་རིང་ལ་དྲུག་སྒྱུར། སྲས་དང་དབོན་གི་རིང་ལ་བཞི་སྒྱུར། འགྱུར་དང་པོ་ནི། ཁྲི་སྲོང་གིས་བསམ་ཡས་བཞེངས་པའི་དུས་སུ། བོད་ཀྱི་ལྷ་ཀླུ་ཀུན་འཁྲུགས་ནས་ཁ་བ་བུ་ཡུག་དང་ཚུབ་ནག་ལངས། ཉིན་རྩིག་ནུབ་ཞིག་པ་ལ། ཨ་ཙ་ར་བྷོ་དྷེ་སྭ་ཏྭ་ན་རེ་འདི་ལྷ་འདྲེའི་ཆོ་འཕྲུལ་ཡིན། འདུལ་དགོས་ཏེ། བདག་ནི་དུས་ལ་མ་བབས། ཨུ་རྒྱན་གྱི་པདྨ་འབྱུང་གནས་གདན་འདྲེན་དགོས། འོ་ཅག་ཚེ་སྔ་མའི་སྤུན་ཟླ་ཡིན། འབྱོན་ཏེ་འོང་གིས་གསུངས་ནས། བཙན་པོས་འཆིམས་

171a

༄༅།       །ཤཀྱ་པྲ་བ་ཤུད་པུ་དཔལ་གྱིས་སེང་གེ། གནམ་སྣང་རྡོ་རྗེ་བདུད་འཇོམས་གསུམ་ལ་གསེར་བསྐུར་ནས་བཏང་པས་བོད་དུ་བྱོན། བོད་ཀྱི་རྒྱལ་ཁམས་འདིའང་། བློ་བུར་གྱིས་རྒྱལ་པོར་གྱུར་པས་སྙན་ཁུ་སྲབ། བློན་པོ་གནོད་སྦྱིན་ལས་ཚེ་འཕོས་པས་ཕྲག་དོག་ཆེ། འབངས་རྣམས་སྲིན་པོ་གདོང་དམར་གྱིས་རིགས་ཡིན་པས། རྒྱལ་ཁམས་གཞན་པས་གདུལ་དཀའ་བར་དགོངས་ཏེ། སྟན་པ་མཐུའི་སྲུང་དགོས་པར་མཁྱེན་ནས། བོད་ལ་བཀའ་དྲིན་གནང་པ་ནི། རྒྱུད་གསང་བ་སྙིང་པོ་དང་ཐབས་ཀྱི་ཞགས་པ་པད་མོ་འཕྲེང་གཉིས་ལ་སྟེན་ནས། རྩ་བའི་དལ་བཞིར་ཕྱེ་སྟེ། ཞི་བའི་ལྷ་བཞི་བཅུ་རྩ་གཉིས་ཀྱིས་དལ་དང་། རྒྱུད་དེ་ཉིད་འདུས་པ་ལ་སྟེན་ནས། རྡོར་དབྱིངས་ཀྱི་དལ་དང་། ཁྲོ་བོ་ཁྲག་མཐུང་གི་དལ་དང་། རྡོ་རྗེ་སྲིན་པོ་ཁྲོ་བོ་བཅུའི་དལ། དེ་བཞི་ལ་སྟེན་ནས་ཡན་ལགས་ཀྱི་འཕྲིན་ལས་བཞི་ལ། སྐུའི་ཁྲོ་བོ་གཤིན་རྗེ་གཤེད་ལ་སྟེན་ནས་གཤིན་རྗེ་འཁོར་ལོ་ནག་པོའི་ལས་ཁ་རྒྱ་རྩ་གཅིག །ཆེ་མཆོག་ཡོན་ཏན་གྱིས་ཁྲོ་བོ་ལ་སྟེན་ནས། མ་མོ་ཟོར་གྱིས་ལས་རྒྱ་རྩ་གཅིག །པདྨ་དབང་ཆེན་གྱིས་ཁྲོ་བོ་ལ་སྟེན་ནས། ཕོ་ཉ་འགུག་འདྲེན་གྱི་ལས་ཁ་རྒྱ་རྩ་གཅིག །ཐུགས་རྡོ་རྗེ་སྲིན་པོ་རྡོ་རྗེ་གཞོན་ནུ་ལ་སྟེན་ནས། ཕུར་པ་གཟིར་ནན་གྱི་ལས་ཁ་རྒྱ་རྩ་གཅིག །དེ་ལྟར་ལས་བཞི་རྒྱ་རྩ་བཞི་བོད་དུ་སྣང་ངོ་། །འཕྲིན་ལས་བསྟན་བསྲུངས་འཕྲ་མོ་རྣམས་ནི་བོད་དུ་མཛད། འགྱུར་བཅུའི་དང་པོའོ། །གཉིས་པ་བསམ་ཡས་ཀྱི་རབ་གནས་ལ་ཤན་

171b

ཏིང་གར་རྦ་སྤྱན་དྲངས་པའི་དུས་སུ། ཏྲི་ཡའི་རྒྱུད་དང་། ཡོ་གའི་ཤས་རྩམ་སྒྱུར་ཏེ་འགྱུར་གཉིས་པའོ། །གསུམ་པ་སངས་རྒྱས་གསང་པས་བོད་ལ་ཆོས་བརྒྱད་རྫང་སྐད་པ། སངས་རྒྱས་གསང་པས་གངས་ཏེ་རྩེར་བྱོན་པའི་ཚེ་བོད་དུ་སྤྱན་དྲངས་པ་མ་བྱོན་སྟེ། དབས་ཐེ་ལེན་དང་། བྲན་ཀ་མུར་རུ་ཏི། འཇམས་དཔལ་མན་མཛུ་ཤྲི་གོ་ཆ་དང་བཅས་པ། སྤ་ཚབ་(དགའ་གདོང་ནས་བྱ་བརྒྱུད་བར་སྒོ་འབྲེལ་བར་དགོན་པ་བཏབ། པ་རྣམ་རྩེ་ལ་པ་ཚབ་དང་སྣ་རྣམ་གཉིས་བཞུགས་གནས་མཛད་པས་མིང་པ་རྣམ་དུ་ཐོགས་པ་སོགས་ལོ་ཙ་བ་པ་ཚབ་འདི་འཕགས་པ་དྲན་པ་ཉེ་བར་བཞག་པ་བསྒྱུར་བ་པོ་པ་ཚབ་ཚུལ་ཁྲིམས་རྒྱལ་མཚན། ལོ་ཙ་བ་པ་ཚབ་འདིས་མདོ་འདི་ཐེག་ཆེན་དུ་མཛད་)ཀྱིས་ལོ་ཚ་བྱས་ནས། ཨུ་པ་ཡའི་རྒྱུད་དང་མངོན་པར་བྱང་ཆུབ་པའི་རྒྱུད་དང་། ཞི་བ་དྲ་ཆེན་དང་། དྲ་ཆུང་དང་། ཁྲོ་བོ་དམ་པ་རྒྱན། འཕྲེང་ལུང་། ཅུང་ལུང་རྣམས་བསྒྱུར་ནས། རྫང་སྐད་དེ་གསུམ་པའོ། །བཞི་པ་ཧཱུཾ་མཛད་དྲག་པས་བང་ཆེན་མི་དྲུག་ལ། ཡང་དག་སྒྲུབ་པ་རྫང་སྟེ་མ་བྱོན་ཞེས་པ། ཧཱུཾ་མཛད་དྲགས་པ་གདན་འདྲེན་པ་ལ། དགེ་སློང་མི་ལྔ་དཔོན་དང་དྲུག་གི་ཕྱིན་པ་ནི། སྣུབས་ནམ་མཁའ་སྙིང་པོ། འདྲེ་རྒྱལ་བའི་བློ་གྲོས། གླང་དཔལ་གྱི་སེང་གེ། རུ་གྱོང་འབིར་རྒྱ་ར་ཛ། གུ་ཀུ་ཨེ་བག་ཤ །ལང་གྲོ་དཀོན་ཅོག་འབྱུང་གནས། དྲུག་གིས་ཡང་དག་ཞུས་ནས་བསྒྱུར་རོ། །ལྔ་པ་ནི་ཨོ་རྒྱན་པདྨ་འབྱུང་གནས་དང་། བྷ་དྷེ་སྭ་ཏྭ་སྤྱན་དྲངས་ནས། མདོ་སྡེ་དང་གསང་སྔགས་ལ་སོགས་པ་རྒྱུ་འབྲས་ཀྱི་ཆོས་དར་བར་བཞུགས་པ་ལ། དེ་དག་ལ་བཙན་པོ་ཐུགས་མ་ཆེས་ནས། བོད་ཀྱིས་འཁོར་འབངས་རྣམས་ལ་བཀའ་རྩལ་པ། བོད་ན་རྒྱུ་འབྲས་ཀྱི་ཆོས་དར་བར་བཞུགས་པ་ལ། རྒྱུ་འབྲས་གཉིས་ལས་འདས་པའི་ཆོས་མི་བཞུགས། རྒྱ་གར་གྱི་ཡུལ་ན། ཆོས་དེ་མི་བཞུགས་མི་

172a

༄༅།       །སྲིད་པས། མན་ངག་གི་ཆོས་སྐྱེ་བ་ཕྱི་མ་ལ་མི་སྟོད་པར། སྐྱེ་བ་འདི་ལ་སངས་རྒྱས་པའི་ཆོས་གཅིག་འཚོལ་དགོས། ཁྱེད་སུས་ལེན་ནུས་གསུང་པས། བློན་པོ་རྣམས་གྲོས་བྱས་པས་སྤ་གོར་ཧེར་འདོད་ཀྱི་བུ་ག་འཇག་སྟག་དང་། རྩང་ཐེ་ལེན་གྱིས་བུ་ལེགས་དྲུག་གཉིས་ལ་འཆམས་སྐད། དེར་བཙན་པོས་ཁོང་གཉིས་ལ་རྟ་འཚལ་དུ་བྱ་ཀྱུང་དང་། གསེར་ཤ་བ་ཡུ་མོའི་བླུད་བུ་གང་དང་། གསེར་གྱི་མཐུར་མ་བརྒྱད་དང་གསེར་གྱི་པ་ཏྲ་གཅིག་བསྐུར་ནས་གདན་འདྲེན་པར་ཞུས་པས། ཁོང་གཉིས་ཀྱིས་ལོ་གསར་རྒྱལ་གྱིས་ནུབ་མོ། ཨརྱ་པ་ལོའི་གླིང་དུ་གཟིམས་པས། ག་འཇག་སྟག་གི་རྨི་ལམ་དུ། སྲོད་ལ་བྱིས་པ་གཞོན་ནུ་གཅིག་གིས་ཁོའི་ཁོག་པ་བཤིག་ནས་སྙིང་ཕྱུང་ནས་ཆུ་སེར་ཟག་པ་རྨིས། ནམ་གུང་ན་མི་ཉི་ཤུ་རྩ་གཉིས་ཀྱི་སྙིང་ཕྱུང་ནས་ཁོས་ཟོས་པ་རྨིས། མཐོ་རས་མི་སྐྱ་བོ་གཅིག་གིས་ཁོ་བོའི་སྤྱི་བོར་ཡི་གེ་ཨ་གཅིག་བཞགས་པས། ཨ་མེར་འབར་ནས་བདག་སྲེགས་པ་རྨིས། མཐོ་རས་རྒྱ་གར་གྱིས་དཔག་བསམ་གི་ཤིང་ཁུར་ནས་བྲོས་པ་རྨིས་ནས། ལེགས་དྲུག་ལ་སྨྲས་པ། འོ་སྐོལ་སྐྱིད་དོ་གྲོགས་པོ་ཡར་བཞེངས་དང་། །རྨི་ལམ་བཟང་བ་བདག་ལ་མདང་གསུམ་རྨིས། །སྲོད་ལ་ཐུམ་གཅིག་ལོགས་རྩ་ན། །བྱིས་པ་ལོ་བརྒྱད་ལོན་པ་ཡིས། །རལ་གྲི་འབར་བ་འོད་དང་བཅས་པ་ཡིས། །བདག་གི་ཁོག་པའི་ནང་བཤགས་ནས། །དོན་སྙིང་རྣམ་ལྔའི་སྙིང་ཕྱུང་ཏེ། །ཆུ་སེར་ཐམ་ཅད་ཟག་པ་རྨིས། །བདག་གིས་གོ་བ་འདི་

172b

ལྟར་ཡིན་ནམ་སྙམས། །བྱིས་པ་གཞོན་ནུ་འཇམ་དཔལ་སྤྲུལ་པ་ལགས། །ཁོག་པ་བཤག་པ་སྒྲིབས་པ་དྲལ་བ་ཡིན། །སྙིང་ཕྱུང་ཆུ་ཟག་མན་ངག་སྣོད་དུ་བྱས། །ཆུ་སེར་ཟག་པ་སྒྲིབ་པ་བྱང་པ་ལགས། །ནམ་གུང་སྐྱེས་པ་ཉི་ཤུ་རྩ་གཉིས་ཀྱིས། །སྙིང་ཕྱུང་བེེ་རོ་རྩ་ནས་ཟོས་པ་ནི། །རྒྱ་གར་མཁས་པ་ཉི་ཤུ་རྩ་གཉིས་ཀྱིས། །མན་ངག་ཟབ་མོ་བདག་གི་ཐོས་པའི་སྟགས། །ནམ་སྨད་མི་རེང་སྐྱ་བོ་གཅིག་གིས་ནི། །ཁོ་བོའི་སྤྱི་བོར་ཡི་གེ་ཨ་བཞག་པ། །སྐྱེ་མེད་བྱང་ཆུབ་བདག་གི་ཐོབ་པའི་ཏག །མཐོ་རས་སྤག་སམ་ཤིང་སྡོང་བཅད་པ་དེ། །མན་ངག་རྩ་བ་བདག་གི་ཆོད་པའི་རྟགས། །རྨི་ལམ་བཟངས་པས་ད་ནི་མྱུར་དུ་གཤེགས། །ཞེས་སྨྲས་ནས་ཕྱིན་པས། ཀ་ལ་ལ་ཐོག་དུ་ཕྱིན་རྩ་ན། ཁ་བ་ཆེན་པོ་བྱུང་པས། རྟ་ཚའུ་བྱ་ཀྱུངས་སྒྲེབས་ནས་ཤི། ཁོང་རང་གཉིས་གྱི་མགོ་ཕར་སྟན་ནས་གཟིམས་པས། བེེ་རོ་རྩ་ནའི་རྨི་ལམ་དུ། བོད་ཀྱི་རྒྱལ་ཁམས་སུ་རྒྱ་གར་ནས་ཉི་ཟླ་གཉིས་ཤར་བ་རྨིས་ནས། གནམ་ལ་ཟླ་བ་ཤར་བ་ནམ་མཁའི་དཀྱིལ་དུ་ནུབ་པ་རྨིས། ཉི་མ་ཤར་བས་ཁ་སྤུ་ལ་ཤར་བ་དང་། ནུབ་དུ་ནུབ་ནས། ཡང་ཐང་གཅིག་ན་ཤར་བ་རྨིས་ནས། བེ་རོ་རྩ་ནས་ལེགས་དྲུག་ལ་སྨྲས་པ། ཡང་དག་དོན་ལ་དགོངས་པའི་གྲོགས་པོ་བཞེངས། །རྨི་ལམ་དེ་འདྲ་གྲོགས་པོས་བཟང་ངན་སྨྲོས། །ལེགས་དྲུག་གི་ལན་སྟབ་པ། ནུབ་ནས་དུས་གཅིག་ཉི་ཟླ་གཉིས་ཤར་བ། །ཟླ་བ་སྣ་ལ་ནམ་མཁར་ནུབ་པ་དེ། །ལམ་གྱི་ཕྱེད་ངན་

173a

༄༅།       །ངན་བུ་འགུམ་པའི་རྟགས། །ཉི་མ་ཁ་སྤུ་རི་ལ་ཤར་བ་ནི། །རྒྱལ་པོའི་ཐུགས་ལ་མན་ངག་གནང་པའི་བརྟགས། །ནུབ་ནས་ནུབ་དུ་སླར་ལ་ཤར་བ་ནི། །བཻ་རོ་ཙ་ན་ལན་གཅིག་བཤུག་ནས་ནི། །ཕྱི་ནས་མན་ངག་རྒྱལ་པོ་བདེ་ཆེན་གྱིས། །བོད་ཀྱི་རྒྱལ་ཁམས་མུན་པ་སེལ་བའི་བཏགས། །རྨི་ལམ་བཟང་པས་ད་ནི་མྱུར་དུ་གཤེགས། །ཞེས་སྨྲས་ནས་ཕྱིན་པས། ཁ་བ་ལ་མ་ཐར་ནས་རྒུར་འགྲོས་ཀྱི་ཕྱིན་སྐད། དེ་ནས་འཕྲེང་བསྲུང་གི་གཟུང་པས། བེ་རོ་ཙ་ནས་ཟ་མ་ཏོག་གཅིག་གི་ནང་དུ་སྤུ་གྲི་གཅིག་དུ་རྫུས་ནས་བསྡད། ལེགས་དྲུག་མཐའི་མོན་བུ་སྤྱི་ཟླུམ་གཅིག་དུ་རྫུས་ནས་བཞག་པས། དེར་འཕྲེང་བསྲུངས་ཀྱི་དཔོན་པོ་ཀུ་ཧ་ར་ད་དུ་བྱ་བ་ན་རེ། ངོ་མཚར་ཆེའོ་ཆོ་འཕྲུལ་ཅན་ནི་བཞོག་ལ། མཐའི་མུན་བུ་འདི་གསད་ལ་གསེར་ཕྱེ་འཕྲོག་ཟེར་བ་ལ། བཻ་རོ་རྩ་ནས་གསོལ་པ། སྐྱེ་ཤི་གཉིས་མེད་ནམ་མཁའ་ལྟ་བུའི་ལུས། །སྣང་གསལ་མུན་སེལ་ཅིར་ཡང་འགྱུར་བའི་སྐུ། །འཛམ་གླིང་མུན་སེལ་ཉི་མ་ཇི་བཞིན་དུ། །གསལ་ཁྱབ་ནམ་མཁའ་ལྟ་བུའི་ལུས་འདི་ལ། །བསད་དང་མ་བསད་ཤི་དང་མ་ཤི་མེད། །སྲོག་འདི་བཅད་ན་ཁྱེད་ལ་སྡིག་པར་འགྱུར། །རྒྱུ་མའི་གསེར་ཕྱེའི་སྔན་པ་འདི་གྱིས་ལ། །ལམ་རྒྱུས་ཇི་ལྟར་ཡིན་པ་བསྟན་དུ་གསོལ། །ཞེས་བྱས་ནས་གསེར་ཕྱེ་སྔན་པར་བྱིན་ནས། འཕྲེང་བསྲུང་པས་ལམ་དྲང་པོར་བསྟན་ནོ། །དེ་ལྟར་རྒྱ་གར་གྱིས་ཡུལ་ཟ་ཧ་འབུ་རྟའི་ཡུལ་དུ་བྱིན་ནས། ཡུལ་དེའི་རྒྱལ་པོ་ཀུ་མ་ཤ་

173b

ད་ཀ་བྱ་བ་གཅིག་ལ། པཎྚི་ཏའི་གནས་དྷ་ཧེ་ན་ཀུ་ཤའི་འདུ་ཁང་བྱང་ཆུབ་ཀྱི་ཤིང་དྲུང་ན། ཤྲི་སིངྷ་བྱ་བ་མན་ངག་གི་ཆོས་ལ་མཁས་ཤིང་། སྒྲ་ལ་མཁས་པ་གཅིག་བཞུགས་ཟེར་བ་ཐོས་ནས། རྒྱལ་པོ་ལ་གནས་དེ་ག་ན་ཡོད་དྲི་པས་རྒྱལ་པོ་ན་རེ། མདང་གསུམ་བདག་ལ་རྨི་ལམ་འདི་ལྟར་རྨིས། །བོད་ཀྱི་རྒྱལ་འཁམས་གངས་བར་ནས། །མུན་པ་མུན་ནག་དམག་དུ་གྱུར་པ་ན། །རིན་ཆེན་འོད་འབར་ཡིད་བཞིན་ནོར་བུ་རུ། །བྲམ་ཟེ་གསང་ལྡན་བྱ་བའི་བུར་གྱུར་ཏེ། །བུ་དེ་ནོར་བུར་གྱུར་པས་མུན་སེལ་རྨིས། །ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་གཉིས། །དྷ་ཧེ་ནའི་ཉི་ཟླ་ཕྲུག་གཅིག་པོ། །བླང་ནས་གངས་བར་མུན་པ་སེལ་བ་རྨིས། །བན་དེ་ཁྱེད་གཉིས་མན་ངག་འཚོལ་དུ་འོང་། །དྷ་ཧ་ནའི་གཙུག་ལགས་ཁང་མི་སྟོན། །ཟེར་བས་བཻ་རོ་རྩ་ནས་ལན་སྟབ་པ། ཡེ་ནས་གནས་པའི་ཆོས་ཉིད་རང་བཞིན་འདི། །འདུ་འབྲལ་མེད་པས་མཉམ་པ་ཆེན་པོར་གནས། །གཉིས་མེད་ཆོས་ཀྱི་དབྱིངས་སུ་ཉི་ཤར་བས། །ལུང་དང་མན་ངག་འཚོལ་དུ་བདག་མ་འོང་། །ལྷོ་བལ་མོན་ཡུལ་རྒྱ་གར་ཇི་ལྟ་བུ། །བོད་ཀྱི་ཡུལ་དུ་སྨྲ་ཕྱིར་འདྲི་བ་ཡིན། །ཞེས་སྨྲས་པས། རྒྱལ་པོས་བེ་རོ་རྩ་ནའི་ཞབས་སྤྱི་བོའི་གཙུག་དུ་བླང་ནས་དྷ་ཧེ་ནའི་འདུ་ཁང་གི་ལོ་རྒྱུས་རྣམས་བཤད་སྐད། དེ་རྩ་ན་རྒྱ་གར་ཡུལ་ན་མཁས་པ་ཉི་ཤུ་རྩ་གསུམ་བཞུག་པ་ལ། དེ་རྣམས་ཀྱི་ནང་ནས་དགེ་སློང་མ་ཀུན་དགའ་མོ། གནས་ཚོངས་དུས་སུ་འཁོར་ཚོངས་པ་ལྔ་བརྒྱ་ལ་མན་ངག་གི་ཆོས་ཚོང་དུས་

174a

༄༅།       །ཀྱི་འོ་མ་བཞིན་སླད་དེ་བཤད་པས། པཎྚི་ཏ་རྣམས་མ་དགེས་ནས་མན་ངག་ཐམས་ཅད་རྡོ་རྗེ་གདན་དུ་སྦས་སྟེ། རྒྱ་ཁ་སྤྲོད་དུ་སྟབ་ནས་བཞག་སྐད། དུས་དེ་རྩ་ན་སློབ་དཔོན་ཕྱི་མ་བདུན་ཞེས་པ། འཇམ་དཔལ་གཤེས་གཉེན་ཕྱི་མ། ཀྱིའི་མཁན་པོ་ཕྱི་མ། དྲང་སྲོང་སབ་ཤི་ཏ། སྨད་མཚོང་མ་བདག་ཉིད་མ། འབུ་སྟ་ཀུག་རྟ། ཤྲི་སིངྷ་། དགེ་སློང་ཀུན་དགའ་མོ་དང་བདུན་ལུང་གི་ཆོས་དང་མན་ངག་ལ་མཁས་ཤིང་། དྷ་ཧེ་ནའི་འདུ་ཁང་ན་སྒོམ་ཞིང་འདུག་པ་ལ། བོད་ཀྱི་བན་སྡེ་གཉིས་ཀྱིས་དྲིས་པ་མན་ངག་གི་ཆོས་ལ་སུ་མཁས། ཆོས་གྲྭའི་སློབ་དཔོན་སུས་བྱེད་དྲིས་པས། ཤྲི་སིངྷ་མན་ངག་ལ་མཁས་ཞིང་ཆོས་གྲྭའི་སློབ་དཔོན་བྱེད་དོ་ཞེས་ཐོས་ནས། ཁོང་གཉིས་ཀྱིས་འདུ་ཁང་གི་སྒོར་ཕྱིན་ནས། རྒན་མོ་ཆུ་ལེན་མ་གཅིག་དང་ཕྲད་ནས་དྲིས་པས། ཟློས་སུ་མ་སྟུབ་ནས། གན་འཇག་སྟེངས་ཀྱི་པུ་ཀུ་རྩེའི་སྦྱོར་སྔགས་ཀྱིས་རྒན་མོའི་བུམ་པ་དང་སྦྱར་བས། མོ་ན་རེ་བོད་ཀྱི་བན་དེ་རྫུ་འཕྲུལ་རེ་ཆེ་ཁྱོད་རྫུ་འཕྲུལ་སྟོན་ན་ང་ཡང་སྟོན་ཟེར་ནས། གསེར་གྱི་གྲི་གུས་བྲང་ཞོལ་ཁ་ཕྱེ་བས། རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་བཀྲ་རིག་གེ་འདུག་ནས། དེར་ཁོང་གཉིས་གྱིས་དབང་ཞུས་པས། མཚན་ཡང་བཻ་རོ་ཙ་ནར་བཏགས་སོ། །དེ་ནས་རྒན་མོ་ལ་གསེར་ཕྱེ་ཕུལ་ནས་འཕྲིན་སྐུར་བ། ཀ་རུ་ན་མ་ཅན། བྷུད་དྷ་དྷརྨ་སང་གྷ་ན་མ་ཡང་བྱ་བ་གཅིག་བཀུར་བ་ལས། སྒྲ་ལ་མཁས་པས་དེ་བསྒྱུར་བ་ལས། འཕག་པའི་འཕགས་པ་བྱང་ཆུབ་འཕགས་པ་ཁྱོད། །འགྲོ་བའི་རིས་དྲུག་

174b

བསོད་ནམས་མི་ལུས་སྐུ། །རིན་ཆེན་འབར་བ་སྡེ་སྣོད་གསུམ་གྱིས་དབྱིག །ཡིད་བཞིན་ནོར་ལྷ་ཐུགས་རྗེ་སྟོབས་མཆོག་ཅན། །ཅེས་བྱ་བ་བྱུང་ནས། མོ་ལ་ལན་བསྐུར་བ། ས་མ་ཡ་ཨ་པ་ར་ཞེས་ཟེར། དེ་བསྒྱུར་བས་དམ་ཚིག་ཆེན་པོས་བདག་བཀུལ་ནས། མི་འཕྲད་པའི་རང་དབང་མེད་ཟེར་ནས་ཆུ་ལེན་མ་ན་རེ། ད་ལྟ་འཕྲད་དུ་མི་སྣང་། དོ་ནུབ་སྒོ་རྩར་མགོ་བསྣོལ་ལ་ཉོལ་གཅིག །ལོངས་གསུང་ན་མ་ལངས་གཅིག །ཅི་འདོད་སྦྱིན་གྱིས་ལོངས་གསུངས་ན་མན་ངག་ཞུས་གཅིག་གསུངས་ནས། དེར་ཁོང་གཉིས་ཀྱིས་སྒོ་རྩར་ཉལ་ཙ་ན། བྱོན་ནས་ལོངས་གསུངས་པས་མ་ལངས། ཅི་འདོད་སྦྱིན་གྱིས་ལོང་གསུངས་པས། གསེར་ཕྱེ་བྲེ་གང་དང་པ་ཏྲ་ཕུལ་ནས། རྒྱུ་འབྲས་ལ་ཟླ་བའི་ཆོས་གཅིག་ཞུ་བྱས་པས། སློབ་དཔོན་གྱི་ཞལ་ནས། བོད་བན་བཙན་པོས་བཀའ་རྩལ། གསེར་ཕྱེ་བཀུར་ནས་དཀའ་བ་དང་གདོང་ནས་འོངས་པས། ཆོས་འདི་བསྐུར་ནི་བསྐུར། བསྐུར་ཐབས་ནི་ཤིན་ཏུ་དཀའ། བསྐུར་བ་ཚོར་ན་འོ་བཀོལ་གསུམ་ཀའི་སྲོག་ལ་འོང་པས་ཐབས་བྱེད་དགོས་གསུང་ནས། སློབ་མ་གཉིས་ཤ་བ་ཡུ་མོའི་བླུད་བུར་བཅུག །མགོ་ལ་སྐྱག་སའི་སྒྲོ་གཙུག །སློབ་དཔོན་གྱིས་ཕ་བོང་གསུམ་གྱི་ཁར་ཆུད་ཟངས་གཙུགས། ཁ་གཡམ་པས་ཅད། དེའི་ཁར་སློབ་དཔོན་གྱིས་རྫེ་མ་ཆེན་པོ་གཅིག་གི་ནང་དུ་བཞུགས་ནས། རྫེ་མ་ལ་བུག་པ་ཕུག་ནས་ཟངས་དུང་གི་ཁ་ན་མར་ལ་བཤད་པས་ཉིན་མོ་རྒྱུ་འབྲས་ཀྱི་ཆོས་བཤད། ནམ་གུང་ལ་རིག་

175a

༄༅།       །པ་ཁུ་བྱུག་དང་། རྩལ་ཆེན་སྤྲུག་པ་དང་། ཡུལ་ཀུན་ནས་འཇུག་པ་དང་། ཁྱུང་ཆེན་ལྡིང་པ་དང་། རྡོ་ལ་གསེར་ཞུན་ཚོ་བཤད་ནས་ཚིམ་མམ་གསུངས་པས། ལེགས་དྲུག་ཚིམ་ཟེར་ནས། ངོ་སོ་འདོད་ནས་སྔོན་ལ་སོང་པས། ཅན་འཕྲེང་པས་གསད་དོ། །བེ་རོ་རྩ་ནས་མ་ཚིམ་ཟེར་ནས། ནམ་མཁའ་ཆེ་དང་། རྨད་དུ་བྱུང་པ་དང་། མན་ངག་རྒྱ་མཚོའི་ཀློང་བཤད་ནས། ཚིམ་མམ་གསུང་པ་དང་། ད་ཚིམ་ཟེར་ནས། ཉིན་མོ་དར་དཀར་གྱིས་ཡོལ་བ་དྲིལ་ནས་འགྲོ་འདོད་རྩ་ན། སློབ་དཔོན་གྱི་ཞལ་ནས། ཁྱོད་ཀྱིས་གྲོགས་པོ་ལེགས་དྲུག་ཀྱང་འཕྲེང་བསྲུང་པས་བསད། རྐང་འགྱོགས་སྒྲུབས་ནས་འགྲོ་དགོས་འཕྲེང་བསྲུངས་ཀྱི་དཔོན་ཀུ་ཧ་ར་ད་དུ་བྱ་བ་དང་། ཀུ་མ་ར་ད་དུ་བྱ་བ་ཡོད། དེ་གཉིས་གང་སྙེད་ལ་སྔན་པ་བྱིན། གྲོགས་པོ་གྱིས་ལ་རྐང་འགྱོགས་སྒྲུབས་གསུངས་ནས། ཀུ་མ་ར་ད་དུ་ལ་གསེར་གྱི་ཐུར་མ་གཅིག་བྱིན། ཀུ་ཤ་ལྕགས་ཀྱི་སྡོང་པོ་ཅན་བྱ་བར་རི་མ་ཏིའི་རྐང་འགྱོགས་སྒྲུབས་དུ་ཕྱིན་པས་ལོ་གཅིག་ན་འགྲུབ་ཏེ། གོ་བོ་རི་རྩིབས་ཅོད་པ་ཙམ་བྱུང་ཏེ། རྒྱ་གར་ན་ཧོར་པ་གཟན་ལ་ཅུམ་པ་རྩམ་ཡོད་སྐད། དེ་ཕར་འགྲོ་རྩ་ན། སློབ་དཔོན་ཕྱི་མ་བདུན་གྱི་རྨི་ལམ་ལོག་ནས། རྨི་ལམ་ཟློས་པ་ཀུ་མ་རས་ཐོས་ནས། བཻ་རོ་རྩ་ནའི་དྲུང་དུ་ཕྱིན་ནས་བདུན་པོའི་རྨི་ལམ་ཟླས་པ། འཇམ་དཔལ་གཤེས་གཉེན་རྨི་ལམ་འདི་སྐད་ཟློས། །དགོངས་པའི་དོན་ལ་བཞེངས་གཅིག་འབབ་ཤི་ཕྱི་མ་དྲུག །ཉམས་དང་རྨི་ལམ་དག་དུ་འདི་ལྟར་

175b

རྨིས། །རྟག་དུ་མི་བཟོད་ཚོགས་བརྒྱད་རྒྱུ་མ་ཡིས། །ཆུ་སེར་རུས་གོང་ཤའི་གཟུགས་གོང་ལ། །སྒྱུ་མའི་སྙིང་གཅིག་མདང་གསུམ་ཕྱུང་པ་རྨིས། །རྡོ་རྗེ་གདན་གྱི་མན་ངག་མ་ཁྱེར་རམ། །དེ་སྐད་ཐོས་ནས་བདག་ཅག་མཆིས་པ་ལགས། །དངོས་གྲུབ་ཐོབ་ནས་ད་ནི་གཤེགས་པར་རིགས། །ཀྱིའི་མཁན་པོ་རྨི་ལམ་འདི་སྐད་ཟློས། དགོང་པའི་དོན་ལ་བཞེངས་གཅིག་མཁས་པ་དྲུག །ཚིག་ལས་འདས་པའི་དོན་ལ་བདག་དགོངས་པས། །ཐུམ་གཅིག་ལོགས་པའི་རྨི་ལམ་འདི་ལྟར་རྨིས། །སྟོན་པའི་སྐུ་སྟེན་བྱང་ཆུབ་ཤིང་བུ་དེ། །བཙད་ནས་ཅད་ནས་བོད་ཡུལ་ཁྱེར་བ་རྨིས། །རྡོ་རྗེ་གདན་྾ བཤད་པའི་འཕྲོ་ཆོད་རྐང་འགྱོགས་བདའ་བར་རིགས། །དེ་སྐད་ཐོས་ནས་སྤྱན་སྔར་མཆིས་པ་ལགས། །འབབ་ཤི་རྟ་ནི་རྨི་ལམ་འདི་སྐད་ཟློས། །དམིག་མེད་བཤད་རྒྱུ་མེད་པའི་དོན་ཉིད་དེ། །མ་ཡེངས་གསལ་བར་དམིགས་མེད་བློ་བཞག་ཏེ། །དེ་ཉིད་མི་འགྱུར་དེ་ཉིད་མ་ཡེང་སྟེ། །ཐུམ་གཅིག་ལོག་པའི་རྨི་ལམ་འདི་ལྟར་རྨིས། །ཀུན་ལ་དགོས་པའི་དཔག་སམ་ཤིང་བུ་དེ། །རྩ་བ་ཆགས་ཏེ་སྡོང་པོ་འགྱེལ་བ་ལས། །རྩ་བ་རྒྱ་གར་ཡུལ་དུ་ལས་ནས་ནི། །འབྲས་བུ་བཟང་པོ་བོད་དུ་མཐོར་བ་རྨིས། །རྡོ་རྗེ་྾ རྐང་འགྱོགས་བཏང་ངམ་རྡོ་རྗེ་གདན་འོག་ལྟ། །ཇི་ལྟར་མཛིད་པ་མཁས་པ་འགྲོ་བར་རིགས། །དེ་སྐད་ཐོས་ནས་སྤྱན་སྔར་མཆིས་པ་ལ། །ཤྲཱི་སིངྷ་རྨི་ལམ་འདི་སྐད་སྨྲ། །གཉིས་མེད་གསང་པའི་མཁའ་ཀློང་བདེ་ཆེན་ལས། །ཅིར་ཡང་མི་སྲིད་ཅིར་ཡང་སྲིད་པའི་ཆོས། །

176a

༄༅།       །ཚིག་འདས་སྨྲ་གླེང་བྲལ་བའི་ངོ་བོ་དེ། །གསལ་ལ་མ་ཡེངས་རང་བཞིན་བཞག་པ་ལས། །ཐུམ་གཅིག་ལོགས་པའི་རྨི་ལམ་འདི་ལྟར་རྨིས། །ཞལ་ནས་གསུངས་པའི་བདུད་རྩིའི་རྒྱ་མཚོ་དེ། །ཆུགས་ནག་འཇིགས་སུ་རུང་བ་དཔག་མེད་ཀྱིས། །དམ་ཆོས་བདུད་རྩི་བོད་དུ་ཕྱག་པ་རྨིས། །རྡོ་རྗེ་྾ དེ་སྐད་ཐོས་ནས་སྤྱན་སྔར་མཆིས་པ་ལགས། །འབུ་དྷ་ཀུནྟ་རྨི་ལམ་འདི་སྐད་སྨྲ། །མཁའ་ལྟར་མཉམ་པ་བདེ་ཆེན་ཀློང་ང་ནས། །དམིགས་མེད་གདོད་ནས་དག་པར་གསལ་བཞག་ཏེ། །འགྱུར་མེད་རང་བཞིན་སེམས་ཉིད་རྩེ་གཅིག་ལས། །ཐུམ་གཅིག་ལོགས་པའི་རྨི་ལམ་འདི་ལྟར་རྨིས། །སྒྱུ་མའི་ཕུང་པོ་རྟགས་པར་མི་བཟོད་པས། །ཐུགས་ཀྱི་ཕུང་པོ་མཚོན་པར་བྱེད་པ་ཡིས། །དབང་པོའི་དངས་མ་མིག་གཅིག་ཡོད་པ་དེ། །བོད་ཀྱི་བནྡེ་གནོད་སྦྱིན་མགོ་ཅན་གྱིས། །སྤྲལ་བའི་དཀྱིལ་ནས་ཕྱུང་ཏེ་ཁྱེར་བ་རྨིས། །རྡོ་རྗེ་྾ དེ་སྐད་ཐོས་ནས་སྤྱན་སྔར་མཆིས་པ་ལགས། །བདག་ཉིད་མ་ནི་རྨི་ལམ་འདི་སྐད་ཟློས། །བསམ་མེད་དམིགས་དང་བྲལ་བའི་རང་བཞིན་ཏེ། །མཐའ་དང་བྲལ་བར་རང་བཞིན་བཞག་པ་ལས། །ཐུམ་གཅིག་ལོགས་པའི་རྨི་ལམ་འདི་ལྟར་རྨིས། །དགོས་དགུ་འབྱུང་པའི་ཡིད་བཞིན་ནོར་བུ་དེ། །བོད་ཀྱི་བནྡེ་སྲིན་པོ་གདོང་དམར་གྱིས། །ཕག་ཏུ་བཅུག་ནས་བོད་དུ་ཁྱེར་བ་རྨིས། །རྡོ་རྗེ་྾ དེ་སྐད་ཐོས་྾ ཀུན་དགའ་མོ་ནི་རྨི་྾ གདགས་སུ་མེད་པའི་མཚན་ཉིད་ལ། །སེམས་དང་ཆོས་སུ་བདགས་སུ་མེད། །བཤད་དུ་མེད་པའི་ཆོས་ཉིད་མཁའ་འདྲ་དེ། །གསལ་ལ་མ་ཡེངས་རང་བཞིན་བཞག་པ་ལས། །ཐུམ་གཅིག་྾ བྱིས་པ་ལོ་བརྒྱད་ལོན་པའི་ཕྲུ་གུ་ཡིས། །འོ་སྐོལ་བདུན་གྱི་དུས་གཅིག་སྙིང་ཕྱུང་ནས། །བོད་ཀྱི་བནྡེ་གཅིག་ལ་ཀུར་བ་རྨིས། །རྡོ་རྗེ་྾ དེ་སྐད་྾ དངོས་གྲུབ་ཐོབ་ནས་ད་ནི་གཤེགས་པར་རིགས། །ཟེར་ཏེ་ངུས་སྐད། བཻ་རོ་ཙ་ནས་ལན་བཏབ་པ། མི་རུ་སྐྱེས་པའི་སྐྱེ་བ་གཞན་ལས་འཕགས། །སྨོན་ལམ་དག་པས་རྒྱ་གར་ཡུལ་

176b

དུ་སྐྱེས། །དངོས་གྲུབ་ཐོབ་པས་རྫུ་འཕྲུལ་རྐང་འགྱོག་འགྲུབ། །བླ་མ་མཆོད་ལེགས་ཆོས་རིགས་བཙུན་པར་སྐྱེས། །གཞུང་ལུགས་བཟང་པས་ཀུན་གྱིས་རྟེན་པར་འགྱུར། །དམ་ཚིག་བསྲུངས་པས་འདི་རུ་བསམ་པ་འགྲུབ། །སྒྲིབས་པ་དག་པས་མཁས་པས་བཀའ་དྲོས་སླབ། །དགོས་དགུ་ལུས་ལ་ཚངས་པ་བདག་གི་གྲོགས་པོར་རྩལ། །ལུས་སེམས་ཕ་མས་སྐྱེས་ཀྱང་སྲོག་འདི་གྲོགས་པོས་འདོན། །གྲོགས་པོ་བྱས་པས་ཡང་དག་བྱང་ཆུབ་སྙེད། །བོད་ཀྱིས་རྒྱལ་ཁམས་མ་རིགས་མུན་བསལ་ཏེ། །འགྲོ་བ་ཇི་ལྟར་སྨིན་ཅིང་གྲོལ་བའི་དོན། །ཀུ་མ་ར་ལ་དགེ་བའི་རྩ་བར་བསྔོ། །རྐང་འགྱོག་འགྲུབ་པས་ད་ནི་བདག་ཀྱང་འགྲོ། །བལ་ཡུལ་རྩམ་དུ་གྲོགས་པོས་ང་སྐྱོལ་གཅིག །ཟེར་ནས་གསེར་གྱིས་པ་ཏྲ་གཅིག་བྱིན་ནས་གྲོགས་པོས་ཀྱང་སྐྱལ་ལོ། །དེ་ནས་ཏ་ཀི་རི་ཙན་དན་གྱིས་རི་གླིང་དུ་ཕྱིན་པས། ཏ་ཀི་རིའི་རྒྱལ་པོ་ན་རེ། བོད་ཀྱི་བནྡེ་སྐྱེ་བ་མེད་པའི་ཆོས་ཇི་ལྟར་ལགས་ཟེར་བས། བེ་རོ་རྩ་ནས་ལན་བཏབ་པ། དམིགས་སུ་མེད་པའི་བྱང་ཆུབ་སེམས། །གཟུང་དང་མཛིན་པ་གཉིས་སྤང་ཏེ། །དེ་ཉིད་གསལ་ལ་མ་ཡེངས་པས། །སྐྱེ་བ་མེད་པའི་ཆོས་ཉིད་དེ། །དགོས་པའི་དོན་དུ་དེ་བཞག་གོ །ཞེས་གསུངས་པས། རྒྱལ་པོ་དགྱེས་ནས། བྱམས་པའི་སྐུ་གསེར་ལ་བྱས་པ་གཅིག་ཕུལ་སྐད། དེ་རྣམས་ནས་བལ་ཡུལ་དུ་འཕགས་པ་ཤིང་ཀུན་ལ་ཕུལ་སྐད། དེ་ནས་ཀུ་མ་རས་བལ་ཡུལ་དུ་སྐྱལ་ནས། ཕར་ལོགས་པ་དང་། འདེད་མི་རྐང་འགྱོགས་པས་ཀུ་མ་ར་ལ་དྲིས་པས། ཀུ་

177a

༄༅།       །མ་ར་ན་རེ། བེེ་རོ་རྩ་ན་མ་མཐོང་། མགོ་ལ་བྱ་ཞུ་གོན་པ་ཟོན་པ་ཕྱིན་ཅི་ལོགས་དུ་གོན་པ་གཅིག་བོད་ཡུལ་ཐིལ་དུ་སླེབས་ཡོད་བྱས་པས་ཐམས་ཅད་ལོག་གོ །དེར་པཎྚི་རྣམས་འདི་སུས་བཤད་སྤྲ་སེ་ནས་རྟོགས་ཟེར་ནས་རྟོགས་པས། འདི་བཤད་པའི་མཁན་པོ་ནི། རི་གསུམ་གྱི་ཁ་ན་མཚོ། དེའི་ཁ་ན་བྲག །བྲག་གི་ཁ་ན་སེམས་ཅན་ལུས་པོ་མིག་གི་གང་པ། མཆུ་རིང་པོ་གཅིག་གི་ཤ་བ་ཡུ་མོ་གཉིས་ལ་བཤད་འདུག་ཟེར་ནས་མ་རྟོགས་སོ། །དེ་ནས་བོད་དུ་བྱོན་པ་ལ། རི་མ་ལྕམ་གྱི་ཁ་བ་ཆེན་པོ་བཏང་ནས་མ་ཐར་བ་ལ། བེེ་རོ་རྩ་ནས་བདེན་པ་བརྡར་ནས། ཡང་རབ་བློ་དང་ལྡན་པའི་སྐལ་ལྡན་ལ། །སེམས་ཀྱི་ཉི་མ་གསལ་བར་བྱ་བའི་ཕྱིར། །བསམ་པ་བཟང་པོ་གསེར་དང་འདྲ་བ་ཡིས། །བོད་ཀྱི་ཡུལ་ནས་རྒྱ་གར་ཡུལ་གྱི་བར་དཀའ་བ་གཅིག་གི་བར་དུ་མ་ཆོད་པར། །བཀའ་འདི་བདེན་ན་ཁ་བ་འདི་ཀ་ཆོད། །བྱས་པས་རེ་མ་ལྕམ་གྱིས་སྐུ་མདོག་དམར་མོ་སྤྲིན་གྱིས་སེབ་ནས་སྟན་ཏེ་བྲན་དུ་ཁས་སླང་སྐད། དེ་ནས་བོད་དུ་བྱོན་པ་ལ། རྒྱལ་པོས་ཞག་གསུམ་དུ་ཕྱག་ལ་འགིང་ནས་མ་མཇལ་བ་ལ། འཕྲིན་ཡིག་རྫངས་པ། འཇིག་རྟེན་སྒྱུ་མའི་ཆོས་ལ་ཐུགས་ཆེས་པས། །བོད་ཀྱི་མངའ་བདག་ཁྲི་སྲོང་ལྡེམས་བཙན་ལ། །མངོན་ནས་དབང་ཆེན་སྒྲུབས་པས་ད་ལྟ་རྒྱལ་པོར་འཁྲུངས། །དཀོན་ཅོག་གསུམ་གྱིས་མཆོད་པའི་སྟེན་གནས་ལ། །སྲི་ཞུ་སྐུར་ཏི་ཚུལ་བཞིན་མི་མཛད་པ། །རང་གི་རང་བཅིངས་དར་གྱི་སྲིན་བུ་བཞིན། །ང་རྒྱལ་ཆེ་བས་བཅིངས་ནས་ལྟུང་པར་འགྱུར། །བདག་འདྲ་བེེ་རོ་ཙ་ན་མཆིས་པ་ནི། །

177b

ཆོས་ཉིད་དོན་རྟོགས་མན་ངག་བདེ་ཆེན་རྙེད། །ལུས་ཉིད་ཡེ་ནས་ཆོས་སྐུར་གནས་པ་ལ། །རྩེ་མཇལ་ཕྱག་གཅིག་བྱས་ན་རྒྱལ་པོའི་སྒྲིབས་པ་བྱང་། །ཅེས་འཕྲིན་རྫང་པས། རྒྱལ་པོས་དབུའི་ཐོད་ཅིང་ན་གཟའ་གསོལ་ནས། འཕྲིན་ཡིག་དེ་སྤྱི་བོའི་གཙུག་དུ་བཞག་ནས། རྟ་འཚལ་འུ་གཅིག་ལ་གསེའི་སྒ་གཡུའི་སྤྲས་པ་གཅིག་གཏད། གསེར་གྱིས་སྲབས་ཀྱི་སྲབ་པས་རིན་པོ་ཆེ་ལྕགས་དང་བཅས་པ་གཅིག་ལ་དངུལ་གྱིས་ཀྱོག་གཉིས་སྐལ། རྟ་ངང་པ་གཅིག་ལ་རྟ་སྒ་གཅིག་གཏད། དར་དང་སྤྱང་སླག་སྐལ་ནས་ཕྱིར་མཇལ་དུ་བྱོན་ནས། ཕྱག་རྩེ་སྤྲད་དུ་བྱས་ནས་རྟ་གཉིས་པོ་ཕུལ་ནས་བཀའ་རྩལ་པ། འཇིག་རྟེན་སྒྱུ་མ་ལགས་པར་མ་མཆིས་པས། །ཚེ་འདིར་འབྲས་བུ་ཐོབ་པ་དམ་པའི་ཆོས། །གསེར་ཕྱེ་བསྐུར་ནས་ཁྱེད་གཉིས་བཏང་ལགས་པས། །ལེགས་དྲུག་འཕྲེང་བསྲུངས་གསད་པའི་གཏམ་ངན་ཐོས། །ཁྱོད་ཀྱང་གར་ཐལ་བདག་ལ་ཆ་མེད་པས། །ནང་དུ་ཤོག་འཕྲིན་བཏང་པས་སྤྱན་སྔར་མཇལ། །བོད་ཀྱི་མུན་པ་ཉི་ལྟར་གསལ་བའི་ཆོས། །མན་ངག་རྒྱལ་པོ་དུ་ཞིག་བསྣམས་ནས་བྱོན། །ཞལ་ནས་ལྗགས་སྐྱོང་བདག་ལ་བཀའ་རྩོལ་གཅིག །ཞེས་སྨྲས་པས། བེེ་རོ་རྩ་ནས་གསུངས་པ། ཞལ་ནས་གསུང་པའི་སྡེ་སྣོད་གསུམ་པོ་ལ། །མང་པོར་བཤད་ཀྱང་དོན་དུ་གཅིག་ལས་མེད། །ཐེགས་པའི་སྤྱི་ཅོད་ལྟ་བའི་སྒོ་ཅོད་པའི། །གཅིག་གི་ཆོག་པའི་ཆོས་དེ་བདག་ལ་མཆིས། །ཞེས་གསུངས་པས་རྒྱལ་པོ་དགྱེས་ནས་སྨྲས་པ། འཚལ་འུ་དམར་པོ་མེ་ཏག་ལ། །གསེ་སྒའ་གཡུའི་སྤྲས་པ་གཏད། །ཁ་སྲབ་གསེར་ལ་རིན་ཆེན་ལྕགས། །དངུལ་ཀྱོག་གྲུ་གུ་

178a

༄༅།       །ནོར་གྱི་དབྱིག །སྒ་ལ་བསྐལ་ཏེ་ནོར་དུ་འབུལ། །ཕྱི་འཕོང་ངང་པ་གསེར་གོང་ལ། །ཁྲ་བོ་སྟག་གི་སྒ་གཏད་དེ། །དར་ཟབ་གོས་དང་སྤྱང་ཁུ་སྐལ། །བེ་རོ་རྩ་ན་ཁྱོད་བཞེས་ལ། །མན་ངག་རྒྱལ་པོ་སྟན་དུ་གསོལ། །ཞེས་སྨྲས་ནས་ཕུལ་བས། བེེ་རོ་ཙ་ནས་གསུངས་པ། མི་འཚལ་མི་འཚལ་རྟ་མི་འཚལ། །རྐང་འགྱོགས་དངོས་གྲུབ་ཐོབ་པ་ལ། །རྐང་མཐུད་རྟའི་ཅི་ཞིག་བྱ། །མི་འཚལ་མི་མཚལ་སྒ་དང་ཅག་མི་མཚལ། །ཆོས་ཉིད་ཡང་པའི་བྱེ་ཐང་ལ། །བརྩོན་འགྲུས་ཆེན་པོའི་རྟ་ཕོ་ལ། །ཡེ་ཤེས་ཆེན་པོའི་སྒ་གཏད་དེ། །རིག་པའི་ལྕགས་དང་ལྡན་པ་ལ། །སྒ་དང་ལྕགས་ཀྱིས་ཅི་ཞིག་བྱ། །མི་འཚལ་མི་མཚལ་གོས་མི་འཚལ། །ཆོས་ཉིད་མཁའ་ལྟར་ལྷུན་གྲུབ་ལ། །ཡེ་ཤེས་ཆེན་པོའི་བདེ་དྲོད་འབར། །དར་དང་སྤྱང་ཁུས་ཅི་ཞིག་བགྱི། །མི་མཚལ་མི་མཚལ་སྐྱོག་མི་མཚལ། །ཏིང་འཛིན་ཟས་སུ་ཟ་བ་ལ། །དངུལ་སྐྱོགས་གྲུ་གུས་ཅི་ཞིག་བགྱི། །མན་ངག་རྒྱལ་པོ་ནམ་མཁའ་ཆེ། །དུད་འགྲོ་རྟ་རུ་ང་མི་འཚོང་། །སྣོད་དང་ངང་ཚུལ་སྐལ་ལྡན་ན། །རིན་ཀྱང་མི་མཚལ་འབུལ་བར་བགྱི། །གསུངས་ནས་རྒྱལ་པོ་ལ་གནང་ངོ་། །འགྱུར་ལྔ་པའོ། །འགྱུར་དྲུག་པ་ནི། ཤྲི་སིངྷ་ཉིད་སེམས་ཅན་དོན་ལ་བྱོན་སྐད་པ། ཤྲི་སིངྷས་(བུ་སྟོན་ཆོས་འབྱུང་ལས་མཚན་བི་ཤུདྡྷ་སིངྷ་ཟེར།)དགོངས་པ་བཞི་ལ་དགོངས་བོད་དུ་བྱོན་ཏེ། བོད་ན་སེམས་ཅན་གྱི་གང་ཟག་འདུག་གམ་མི་འདུག་ལྟ་བ་ལ་དགོངས་ནས་བྱོན་པ་དང་གཅིག །སྔར་ཆོས་བསྐུར་བ་ཚོས་བོད་ན་ཕན་ཐོག་སམ་མི་ཐོགས་ལྟ་བ་ལ་དགོངས་ནས་བྱོན་པ་དང་གཉིས། སྣོད་ལྡན་གྱིས་གང་ཟག་འདུག་ན་རྫོགས་པ་ཆེན་པོ་སེམས་དོན་བཞི་པ་སྦྱིན་མཉམ་ནས་དགོངས་ནས་བྱོན་པ་དང་གསུམ།

178b

དཔལ་གྱི་བསམ་ཡས་སྒྲ་ཆེ་བས་གཟིགས་པ་ལ་དགོངས་ནས་བྱོན་པ་དང་བཞིའོ། །དེ་ནས་རྒྱལ་པོ་གནོད་ལྡན་དུ་གཟིགས་ནས། སེམས་དོན་བཞི་པ་གནང་ནས་བསྒྱུར་ཏེ། ཐོག་མ་ཉིད་ནས་གནས་པའི་དོན། །གཏན་ན་གཏན་པ་རྩམ་གྱིས་ཆོག །མཐོང་ན་མཐོང་པ་རྩམ་གྱིས་སྔོན་དུ་འགྱུར། །འབྲས་བུ་རང་བཞིན་ལྷུན་གྱིས་གྲུབ། །རྟ་བ་གཉིས་མེད་ཆེན་པོ་ཆོས་ཉིད་འདུས་མ་བྱས་རྡོ་རྗེའི་ཚིག །སྒོམས་པ་དངོས་མེད་ཆེན་པོ་འདུས་མ་བྱས་རྡོ་རྗེའི་ཚིག །སྤྱོད་པ་ཀུན་གྲོལ་ཆེན་པོ་ཆོས་ཉིད་འདུས་མ་བྱས་རྡོ་རྗེའི་ཚིག །འབྲས་བུ་ལྷུན་གྲུབ་ཆེན་པོ་ཆོས་ཉིད་འདུས་མ་བྱས་རྡོ་རྗེའི་ཚིག །གསུང་ནས་རྒྱལ་པོ་ལ་གནང་ངོ་། །རྒྱལ་པོས་སྣུབས་སངས་རྒྱས་རིན་པོ་ཆེ་ལ་གནང་ངོ་། །དེ་དྲུག་རྒྱལ་པོ་ཁྲི་སྲོང་ལྡེབས་བཙན་གྱི་རིང་ལ་སྒྱུར་བའི་བབས་པའོ། །སྲས་དང་དབོན་གྱི་རིང་ལ་བཞི་བབས་པ་སྒྱུར་ཏེ། བདུན་པ་ཁྲི་ལྡེ་ཡབ་སྲས་ཀྱི་སྐུ་རིན་ལ། རྒྱ་གར་མཁས་པ་སྤྲད་ཛྙ་ན་བར་ལ་སོགས་པ་བྱོན། སྐུ་གསུང་ཐུགས་ཀྱི་རྒྱུད་བདེ་མང་དུ་བསྒྱུར་ཞེས་པ། ཁྲི་སྲོང་ལྡེབས་ཙན་གྱིས་སྲས། ཁྲི་ལྡེ་སྲོང་བཙན་ཞེས་ཀྱང་བྱ། སད་ནེ་ལེགས་ཞེས་ཀྱང་བྱ། དེ་རིང་ལ་ལྷས་སའི་དཀར་ཆུང་བཞེངས། དེ་ལ་སྲས་ལྔ་ལ། བཞིས་ལྷ་ཁང་ཆུང་པ་རེ་རེ་བཞེངས། རྒྱ་གར་མཁས་པ་པྲད་ཛྙ་བར་མ་དང་། དཱ་ན་ཤི་ལ་སོགས་པ་ཡབ་ཀྱིས་བང་ཆེན་བཏང་པས་སྤྱན་དྲང་དེའི་དུས་སུ་བྱོན་ནས། སྐུ་གསུངས་ཐུགས་ཀྱི་རྒྱུད་བདེ་མང་དུ་བསྒྱུར། དེ་འགྱུར་བདུན་པའོ། །བརྒྱད་པ་རལ་པ་ཅན་གྱི་སྐུ་དྲིན་ལ། གནོན་གྱིས་སྤྱན་དྲང་

179a

༄༅།       །བྱེ་མ་ལ་བྱོན་ནས། སེམས་ཕྱོགས་སྒྱུ་འཕྲུལ་བདུད་རྩི་ལ་སོགས་དེ། སྒྲུབས་པ་བསྡེ་དྲུག་འཕྲ་མོ་སུམ་བཅུ་གཅིག །ལུང་ཕྲན་རྒྱ་བཅུ་རྩ་ལྔ་དག་ཀྱང་བསྒྱུར། །ཞེས་པ་ཁྲི་སྲོང་ལྡེ་བཙན་གྱིས་སྲས་ལྔ་ལ། ལྡེའུ་དང་ལྷུན་གྲུབ་གཉིས་གྲོངས། མངའ་བདག་རལ་པ་ཅན་གྱིས་སྐུ་རིང་ལ། གནོན་ཀླུའི་དབང་པོ་ལ། མེས་ཁྲི་སྲོང་ལྡེབ་ཙན་གྱིས་གསེར་ཕྱེ་བྲེ་གང་བསྐུར་ནས་བྱེ་མ་ལ་སྤྱན་འདྲེན་དུ་བཏང་པ། རལ་པ་ཅན་གྱིས་དུས་སུ་བྱོན་ནས། ལོ་ཚ་བ་ནམ་མཁའ་ཕྲན་བ། སྙག་ཛྙཱ་ན་ཀུ་མ་ར། རྨ་རིན་ཆེན་མཆོག །ངན་བུ་རྒྱལ་བ་བྱང་ཆུབ། གཡུ་སྒྲ་སྙིང་པོ་ལ་སོགས་པས་ཆོས་མང་དུ་སྒྱུར་དེ་གཏན་ལ་ཕབ། འགྱུར་འཕྲོ་ལུས་པ་རྣམས་ཀྱང་བསྒྱུར། འོན་འཇང་རྡོའི་ལྷ་ཁང་ཡབ་མེས་ཀྱི་དེ་བས་གཟོ་གནའ་བཅུ་གསུམ་པས་ཁྱད་དུ་འཕགས་པ་བཞེངས། སེམས་ཕྱེད་ཕྱི་མ་འགྱུར་བ་རྣམས་དང་། རྒྱུ་འཕྲུལ་རྒྱུད་འབྲེལ་དང་ཆས་པ་རྣམས་དང་། བདུད་རྩི་མཆོག་གི་ལུང་ལ་སོགས་པ་བསྒྱུར། སྒྲུབས་པ་བདེ་ལྔ་ནི། བདུད་རྩི། ཕུར་པ། པདྨ་དབང་ཆེན། ཡང་དག །ཁྲི་ཁྲོ་གཤིན་རྗེའོ། །སྒྲུབས་པ་ཀ་བརྒྱད་ལ། སྨོད་པ་གྲག་སྔགས་དང་། མ་མོ་རྦོད་སྟོང་གཉིས་མ་ཏོགས་སོ། །འཕྲ་མོ་སུམ་བཅུ་རྩ་ཅིག་ནི། རྒྱུ་འཕྲུལ་གྱི་ཆ་ལགས་ཡིན་ཏེ། རྒྱུད་ཀྱི་དངོས་པོ་བཅུ་ལས་ཕྱེ་ན། དེ་ཁོ་ན་ཉིད་ལྟ་བ་སྟོན་པའི་མན་ངག་ནི། ལྟ་འཕྲེང་། གཡུ་ཐང་སྲས་དགུ། སྣང་ས་བཅུ་བདུན་པ། ལ་ཤན་ལྟ་བའི་སྒྲོན་མ། ཤེས་རབ་སྤྱན་འབྱེད་དང་ལྔའོ། །མཛིན་ཆགས་

179b

མེད་པ་སྤྱོད་པ་སྟོན་པའི་མན་ངག་ནི། སྤྱོད་པ་བསྡུས་པའི་སྒྲོན་མ། རྡོ་རྗེ་འཇམས་མགོན། གཏོར་མའི་གཡོ་ཡིག་དང་གསུམ་དེ་བརྒྱད་དོ། །བཀོད་པ་དལ་སྟོན་པའི་མན་ངག་ནི། འོད་རིམས་ཀྱི་སྨད། རྡོ་རྗེ་ལས་རིམས་ཀྱི་སྟོད་ཀྱིས་སྟོན་དེ་བཅུ་ཐམ་པ། རྡོ་རྗེ་ལས་རིམས་ཀྱིས་རྨད། དབང་གི་ཉེ་འབྱེད་ཆེ་ཆུང་གཉིས། དབང་གི་ལས་དང་པོ་དང་གསུམ་དེ་བཅུ་གསུམ། མི་འདའ་བ་དམ་ཚིག་གི་སྟོན་པའི་མན་ངག་ལ། གསལ་གཉིས་ཉི་ཤུ་རྩ་བརྒྱད་པ། འཕྲ་རྒྱས་འབྱེད་པ། ཤེལ་དགོང་རིགས། རྨིག་མངས་རིས་དང་ལྔ་ཏེ་བཅྭོ་བརྒྱད། རོལ་པ་འཕྲིན་ལས་སྟོན་པའི་མན་ངག་ནི། གནས་མཆོག །དབྱིངས་སྲེགས། སྐུ་གསུམ་ལ་འཕྲེང་གསུམ་སྟེ་རྩ་གཅིག །དོན་དུ་གཉེར་བ་སྒྲུབས་པ་སྟོན་པའི་མན་ངག་ལ། སྐྱེད་རིམས་དང་རྫོགས་རིམས་གཉིས། སྐྱེད་རིམས་ལ་ཞི་ཁྲོ་གཉིས་ཞི་བ་ལ་འོད་རིམས་གྱིས་སྟོད། གྲྭ་བ་ཆེ་ཆུང་གཉིས། མེ་ལོང་ལྟ་བུ། ཕྱག་རྒྱ་བསམ་གཏན་གྱིས་སྟོན་དེ་རྩ་ལྔ། ཁྲོ་བོ་དམ་པ་རྒྱན་དང་བསམ་གཏན་གཅིག་པས་སྟོན་དེ་སུམ་བཅུ་རྩ་བདུན། རྫོགས་རིམས་ལ་ཐར་ལམ་གི་གསང་ཏིག །ཐུག་ཐིག་འཇམས་ཐིག །ལམ་རྣམས་བཀོད་པ་དང་བཞིས་སྟོན་དེ་སུམ་བཅུ་རྩ་གཅིག་གོ །མི་གཡོ་ཏིང་འཛིན་ནི་ཀྱོག་གཉིས་གི་ནང་དུ་འདུས་སོ། །འཆིང་ཟློག་སྔགས་དང་ཕྱག་རྒྱས་སྟོན་པའི་མན་ངག་ནི། འཆིང་པ་ནི་ཕྱག་རྒྱ་ཡིན། ཟློག་པ་ནི་སྔགས་ཡིན་ཏེ། སྐྱེད་རིམས་ཀྱི་ཁོང་དུ་འདུས། གནས་སུ་སྟོབས་པ་མཆོད་པའི་མན་ངག་ནི། ཞི་ཁྲོ་གཉིས་ཀྱི་འཕྲིན་ལས་ཀྱི་ཁོངས་སུ་བསྡུད། དེ་ལྟར་འཕྲ་མོ་སུམ་བཅུ་རྩ་གཅིག་ནི།

180a

༄༅།       །རྒྱུད་ཀྱི་དངོས་པོ་བཅུ་ལས་ཕྱེ་བ་ཡིན།  ལུང་ཕྲན་བདུན་བཅུ་རྩ་ལྔ་ནི། མདོའི་ཆོས་ཡིན་ཏེ། མདོ་བཞི་ནི། སྤྱི་མདོ་དང་ལྔ་ལས། སྤྱིར་མདོ་དགོངས་པ་འདུས་པ་ལ་ལས་འབྲེལ་བདུན། མདོ་བཞི་ལ་འབྲེལ་པ་རེ་རེ་བཞུགས། རྟོགས་སྤྱོད་ཀྱི་རྗེས་སུ་འཇུག་པ་ལྟ་བ་སྟོན་པ་ལ་ལུང་ཕྲན་བཅུ་བཞུགས། དོན་གྱིས་རྗེས་སུ་འཇུག་པ་མི་རྟོགས་པ་སྒོམ་པ་ལ། བསམ་གཏན་དབྱིག་གིས་སྒྲོལ་མ་ལས་མི་ཏོག་པ་སྒོམས་པའི་ཐབས་ཉི་ཤུ་རྩ་བརྒྱད་ལགས་པ་སྟོན་ཏེ། བསྡུ་ན་མདོ་འཕྲན་རྣམ་པ་བཅུ་བཞུག་སྟེ་ཉི་ཤུ། ཡི་གེའི་རྗེས་སུ་འཇུག་བ་མཚན་མ་ལྷའི་དལ་སྒོམས་པ་ལུང་འཕྲན་བཅུ་གཅིག་བཞུགས་སྟེ། སུམ་བཅུ་སོ་གཅིག །བཀོད་པ་དལ་སྟོན་པ་ལ་ལུང་ཕྲན་དགུ་སྟེ་བཞི་བཅུ་ཐམས་པ་རིམས་པར་སྒྲོད་པ་དབང་གི་ལུང་ཕྲན་ལ། ལུང་ཕྲན་བཅྭོ་ལྔ་བཞུགས་ཏེ་ལྔ་བཅུ་ང་ལྔ་བཞུགས། མི་འདའ་བ་དམ་ཚིག་གི་ལུང་ཕྲན་བཅྭོ་བཞུགས་སྟེ་དྲུག་བཅུ་རེ་ལྔ། རོལ་པ་འཕྲིན་ལས་ཀྱིས་ལུང་ཕྲན་བདུན་ཡོད། དེ་ལྟར་ལུང་ཕྲན་བདུན་བཅུ་རྩ་གཉིས་ནི། ལུང་ཨ་ནུ་ཡོ་གའི་ཆོས་ཡིན་ནོ། །དེ་ལྟར་སྒྲུབས་པ་སྟེ་དྲུག །འཕྲ་མོ་སུམ་བཅུ་རྩ་གཅིག །ལུང་ཕྲན་བདུན་བཅུ་རྩ་གཉིས་བསྒྱུར་ཏེ། བབས་འགྱུར་བརྒྱད་པའོ། །དགུ་པ་ཁམས་ཀྱི་འོ་རུ་བྱམས་ཆེན་གྱིས་སྐད་པ། དེ་ནས་འཁམས་ཀྱི་འོ་རུ་བྱམས་ཆེན་ཞེས་པས་སློབ་དཔོན་བྱི་ཤ་མི་ཏྲ་ཕྱི་མ་ལ་སོགས་པ་སྤྱན་དྲང་། སློབ་དཔོན་བེ་རོ་ཙ་ན་ཚ་བའི་རོང་ན་ལོ་ཚ་མཛད་དེ། ཡང་དག་སྒྲུབ་པ་བདག་དོན་དུ་གྲགས་པ་སྒྱུར་རོ། །དེ་ནས་གླང་དར་

180b

མས་ཆོས་སྣུབས་ནས། ཆོས་བྱེད་རྣམས་སྲོང་། ཚན་གཅིག་ཆོས་གབ། ཚན་གཅིག་བྱང་རྨད་དུ་བྲོས། རལ་པ་ཅན་སྲོང་ཅུང་རྩང་ལ་མོན་དུ་བཤུགས། དར་མ་ཉིད་ཀྱང་ལྷ་ལུང་དཔལ་གྱིས་རྡོ་རྗེས་སྲོངས་ནས། རྔ་རིས་རྒྱལ་ཁམས་ཞིག །དེའི་འོག་དུ་ཨ་ཙ་ར་ད་ན་ཏ་ལ་བྱོན་ནས། ཡོན་ཏན་རྒྱ་མཚོ་ལ་གཏེར་སྲུངས་མང་དུ་གནང་དེ་སྒྱུར་རོ། །རྒྱ་གར་ཙནྟྲ་འགིརྟི་བྱོན་ནས། འོ་བྲན་བློ་གྲོས་དབང་ཕྱུག་ལ། གཤིན་རྗེ་ཐེབས་རྒྱ་གནང་ནས་བསྒྱུར་རོ། །འགྱུར་དགུ་པའོ། །བཅུ་པ་སངས་རྒྱས་སྔ་འགྱུར་མ་ཚིམས་སྟེ། རྒྱ་དང་བལ་པོ་གྲུ་ཤར་བྱོན་ནས་སུ། སྨན་དང་སྒྲུབས་ཡིག་དགོངས་འདུས་ཁྱད་པར་སྒྱུར་སྐད་པ། སྣུབས་སངས་རྒྱས་རིན་པོ་ཆེ་དེ་ཡང་སྒྲགས་ཀྱི་ཆོས་མདའ་ན། ཕ་སྣུབས་ནི་གུ། མ་ཡོ་ཟ་ལྕམ་མེ། བུ་ཁྲི་སུམ་རྡོ་རྗེ། ཆོས་བྱས་པའི་མཚན་སངས་རྒྱས་ཡེ་ཤེས་རིན་པོ་ཆེའོ། །དེའི་རྩ་བའི་བླ་མ་སོགས་པོ་དཔལ་གྱི་ཡེ་ཤེས་ཡིན་ཏེ། དེས་སྐྱང་མ་ཚིམས་ནས། སྙག་ཛྙ་ན་ཀུ་མ་ར་ཉིད་ལ་ཐུག་གོ །དེས་ཀྱང་མ་ཚིམ་ནས་ལོ་ལྔ་བཅུ་ང་བཞི་ལོན་ནས། བལ་པོ་བ་སུ་རྟ་ར་ལ་ཞུས་པས། བལ་པོ་བ་སུ་ཏ་རའི་ཞལ་ནས། རྒྱ་གར་ན་ཨ་ཙ་ར་གསལ་ལེ་བྱ་བ་ལོ་དྲུག་རྒྱ་ལོན་པ་གཅིག་ཡོད། དེར་སོང་ལ་ཆོས་ཞུས་གསུང་ནས། རྒྱ་གར་དུ་བྱོན་ནས་མཁས་པ་བཅུའི་ཞལ་འགྲིམས། རོམ་པོ་འགུ་ཡ་ལ་ངན་སྔགས་ཞུས། ལར་རྒྱ་དང་བལ་པོར་ལན་བདུན་ཕྱིན་ལན་དྲུག་དམ་ཆོས་རྩལ་ནས། ལན་གཅིག་ཞུ་ཐིག་བྱས་སོ། །དེ་ནས་རྒྱ་གར་

181a

༄༅།       །ཆོས་སྐྱོངས་པའི་རྒྱལ་པོ་བྲུ་ཤར་གཤེགས་པ་ཐོས་ནས། བྲུ་ཤར་བྱོན་པས་ཡུལ་དེར་ཆོས་སྲིད་བྱེད་པ་དང་མཇལ་ནས། ལོ་ཚ་བ་ཆེ་རྩན་སྐྱེས་ཀྱི་ཞལ་མཐོང་སྐད། གསུང་ཀྱང་ཐོས་ནས་བྲུ་ཤ་ནས་དགོངས་འདུས་སྒྱུར་ནས་བོད་དུ་སྤྱན་དྲངས། སྨན་དང་སྒྲུབས་ཡིག་དང་ངན་སྔགས་མཐུ་དྲུག་པ་རྩལ་ནས་སྒྱུར་རོ། །གསང་སྔགས་གྱིས་བབས་ལུགས་སམ་འགྱུར་བཅུ་པའོ། །