གསང་འདུས་ཆོས་འབྱུང་།
རྒྱང་རོ་གསེར་སྡིངས་པ།
上一章
下一章

(རྒྱང་རོ་གསེར་སྡིངས་པ།)

དེ་ཉིད་ལ་རྒྱང་རོ་གསེར་སྡིངས་པ་གཞོན་ནུ་འོད་ཀྱིས་གསང་བ་འདུས་པ་མར་ལུགས་དང་འགོས་ལུགས་གཉིས་ཆར་ཆ་ཚང་བར་གསན། གསེར་སྡིངས་པ་འདི་གསང་བ་འདུས་པ་ལ་ཤིན་ཏུ་མཁས་ཤིང་མན་ངག་གི་རིགས་ཀྱང་མང་དུ་མཛད་ལ། དེ་ལྟ་བུའི་གསེར་སྡིངས་པ་གཞོན་ནུ་འོད་དང་། རྡོག་ཨཱརྱ་དེ་ཝའི་སློབ་མ་རྟག་པ་རིན་གྲགས། ལྕེ་སྟོན་མདོ་སྡེ་སེང་གེ་དང་གསུམ་ཆར་ལ་ཀུན་མཁྱེན་ཆོས་སྐུ་འོད་ཟེར་གྱིས་གསན། དེ་ལ་ལྕེ་བློ་ལྡན་སེང་གེས་གསན་ཞིང་། དེ་གཉིས་ཆར་ལ་འཕགས་འོད་ཡོན་ཏན་རྒྱ་མཚོས་གསན་པ་ཡིན་ཏེ། དེ་ཡང་འཕགས་འོད་འདི་འཁྲུངས་པའི་ཡུལ་ནི་ཉང་སྟོད་ཐུ་གུ་དང་ཉེ་བ་ན་ལ་སྤེ་ཞེས་བྱ་བ་ཞིག་ཡོད་པ་དེ་ཉིད་དེ། གདུང་རྗེ་རིགས་ཡིན་ལ། སྔགས་འཆང་ཤ་སྟག་བྱུང་བའི་བརྒྱུད་པ་ཡབ་རྗེ་པོ་རྡོ་རྗེ་བྱ་བ་དང་། ཡུམ་མ་གཅིག་རྗེ་མོ་རྒྱལ་མཚན་འབུམ་ཞེས་བྱ་བ་གཉིས་ལ་སྲས་བརྒྱད་འཁྲུངས་པའི་བླ་མ་འདི་ཆུང་ཤོས་ཡིན་ཞིང་། གཅེན་པོ་རྣམས་ཆུང་ངུ་ནར་མ་སོན་པ་ལ་འདས་

62a

༄༅།       །ནས་མ་སོས་པར། འདི་ཉིད་བླ་མ་ཇོ་འཚོ་བ་བྱ་བ་ཅིག་གིས་བུ་མོའི་ཆ་ལུགས་སུ་བསྒྱུར། བུ་མོའི་མིང་བཏགས་ནས་གསོས་ཏེ། ཅུང་ཟད་ཆེར་སྐྱེས་པ་ན་འདྲི་ཀློག་བསླབས་ནས། དཔོན་སྤེ་གསར་དཔལ་འབུམ་བྱ་བའི་དྲུང་དུ་ཡི་གེ་མཁས་པ་ཕུལ་དུ་ཕྱིན་པ་སྦྱངས། དེ་ནས་ལན་ཅིག་བྱིས་པ་མང་པོ་ཕྱུགས་འཚོ་བའི་གྲ་ལ་བྱོན་པའི་སྐབས་སུ་ཉལ་ནས་བཞུགས་པ་ན། ནམ་མཁའ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་གཟུགས་བརྙན་དཔག་ཏུ་མེད་པ་གཟིགས་ཏེ༑ དེའི་རྐྱེན་གྱིས་རླུང་སེམས་དབུ་མར་ཆུད་པར་ཡང་བྱུང་བར་གྲགས་ཤིང་། དེ་ནས་ཡབ་འདས་པའི་ཚེ། མ་ན་རེ། ཁྱོད་མི་ཆོས་ལ་སྤྲོ་ན་ས་ཟིན་སྔ་བར་བྱེད། དེ་མིན་ན་མི་གཅིག་པོ་ཆོས་ཀྱི་རྒྱུ་བྱ་བ་ཡིན་པས། ཇི་ལྟར་ལེགས་སམ་བསམ་མནོ་ཐོངས། བཙུན་པ་བྱས་ཕྱིན་ཆད་ནས་ཆོས་མགོ་ཐོན་པ་ཅིག་དགོས་ཟེར་བ་ན། མི་ཆོས་དང་འཁོར་བའི་ཉེས་དམིགས་རིག་ནས་རབ་ཏུ་བྱུང་བར་ཞལ་གྱིས་བཞེས་ནས། དགུང་ལོ་བཅོ་ལྔ་ལོན་པར་ཉེ་བའི་ཚེ་ཀུན་མཁྱེན་ཆོས་སྐུ་འོད་ཟེར་ལ་མཁན་པོ་དང་། འཇམ་གསར་དཔོན་པོ་འཇམ་དཔལ་ལ་སློབ་དཔོན་ཞུས་ནས་རབ་བྱུང་མཛད་དེ། མཚན་ཡང་འཕགས་པའི་འོད་དུ་བཏགས། དེ་ནས་དགེས་རྡོར་གྱི་རྒྱུད་བརྟག་གཉིས་དང་། ཕ་རོལ་ཏུ་ཕྱིན་པའི་སྡེ་སྣོད་ལ་གསན་སྦྱོང་མཛད་ནས༐ དགུང་ལོ་བཅུ་དྲུག་པ་ལ་བརྟག་གཉིས་དང་། བཅོ་བརྒྱད་པ་ལ་ཕར་ཕྱིན་བཤད་པས། བླ་མ་ཆོས་སྐུ་བ་མཉེས་ནས། ད་ཁྱེད་རང་ཆོས་དང་ཆོས་མ་ཡིན་པ་དང་། རིགས་པ་དང་མི་རིགས་པའི་རྣམ་དབྱེ་ཚུལ་བཞིན་དུ་འབྱེད་ཤེས་པ་ལ།

62b

ཚད་མ་རིག་པ་ལ་མཁས་པ་ཅིག་དགོས་པས་ཚད་མ་སློབ་གསུངས་པ་ལ། ཁོང་པའི་ཐུགས་དགོངས་ལ། ངས་ཚད་མ་ཁོ་ནར་མ་ཟད་དབུས་གཙང་གི་དགེ་བའི་བཤེས་གཉེན་ཐམས་ཅད་ཀྱི་དྲུང་དུ་ཕྱིན་ལ་ཡོན་ཏན་ཕྱོགས་མེད་དུ་ཤེས་པ་ཅིག་བྱ། དེ་ལ་བརྒྱགས་ཕྱེ་ཁུར་ནས་ཕྱིན་ཀྱང་ཐེག་པ་ཡང་དཀའ། ཐེག་ནའང་ད་ལྟ་འཁུར་རྒྱུ་ཡང་ཆེར་མེད་པས། དེ་བས་བརྒྱགས་ཕྱེ་ལག་ལས་འཛག་པ་ཞིག་བྱ་དགོས་དགོངས་ནས། སྙེམས་སུ་དཔོན་བལ་པོ་དགེ་འདུན་ཅན་བྱོན། ཁོང་ལ་ཕྱག་འཚལ་དར་ཕུལ་ནས། བདག་ལ་རི་མོ་བསླབ་དགོས་བྱས་པས། ཁོང་གིས་ཆང་བཙགས་དང་གང་ཁྱེར་བྱུང་བ་ན། བདག་ཆང་མི་འཐུང་བྱས་པས། ཁྱེད་སྙིང་ནས་རང་མི་འཐུང་བ་ཡིན་ནམ་ཟེར། ཞེ་ནས་མི་འཐུང་བ་ལགས་བྱས་པས། ཇ་བསྐོལ་ནས་དྲངས། གཞན་ཡང་བསྙེན་བཀུར་བཟང་པོ་ཅིག་མཛད་ནས། སྟོན་པ་ཁྱེད་ཚུགས་ཀ་བཟང་བ་འདི་བཞིན་བྱེད་པ་ངོ་མཚར་ཆེ། ཚུགས་འདི་བཞིན་བྱེད་པ་ལ་རི་མོ་མ་བསླབས་པ་དྲག །ཡོན་ཏན་འདི་མཐའ་ངན་པ་ཅིག་འདུག་པས། ལྟོགས་རིར་ཤི་བ་གང་བྱས་ཀྱང་མི་སྲིད་གསུང་ནན་ཆེན་པོས་ལྡོག་ཀྱང་། བདག་ལ་མནོ་དགོངས་འདི་འདྲ་ཅིག་བདོག་པས་ཅིས་ཀྱང་སློབ་དགོས་ཞུས་པས། དཔོན་གྱིས་ཀྱང་། ཁོང་གིས་གུས་པའི་སྤྱོད་ལམ། དོན་གཉེར་གྱི་འདུན་པ། འབད་པའི་ནན་ཏན་རྣམས་ལ་བློ་མགུ་ནས། མན་ངག་ཡོངས་སུ་རྫོགས་པ་གནང་སྟེ། ལོ་གཅིག་ལ་རི་མོ་ནན་ལྟར་ལེགས་པ་ཅིག་མཁྱེན་ནས། དགུང་ལོ་ཉི་ཤུ་བཞེས་པའི་ཚེ། བླ་མ་ཆོས་སྐུ་བའི་དྲུང་དུ་རིམ་ལྔའི་སྨར་ཁྲིད་ཞུས་ནས་

63a

༄༅།       །བསྒོམས་པས་ཉམས་རྟོགས་ཁྱད་པར་ཅན་འཁྲུངས། དེ་ནས་གསང་འདུས་རྡོག་ལུགས་དང་། མར་ལུགས་གཉིས་ཀའི་བཤད་བཀའ་དང་། དུས་འཁོར་འབྲོ་ལུགས་ཀྱི་བཤད་པ་རྣམས་གསན་ཞིང་། གཙོ་ཆེར་གསང་འདུས་རྡོག་ལུགས་ལ་སྦྱངས་ནས། དགུང་ལོ་ཉེར་གསུམ་པ་ལ་གསང་འདུས་ལ་བཤད་པ་མཛད། དེ་ནས་བླ་མ་འདི་དང་རས་པ་ནམ་མཁའ་རྡོ་རྗེ་བྱ་བ་གཉིས་ཀྱིས་འགྲན་ནས་ཡོ་ག་ལ་ཐུགས་སྦྱོང་མཛད་ཅིང་། དེ་དག་གི་བར་ལ་རྡོ་རྗེ་འབྱུང་བའི་དབང་བཀའ་དང་བཤད་བཀའ། དེ་ཉིད་སྣང་བའི་སྟོད་འགྲེལ་གྱི་དབང་བཀའ་བཤད་བཀའ། དཔལ་མཆོག་སྟོད་འགྲེལ་གྱི་རིགས་བསྡུས་དང་། རྡོ་རྗེ་སེམས་དཔའི་དབང་བཀའ་བཤད་བཀའ། དཔལ་མཆོག་ཧོར་གོང་ཅན། འཇམ་དཔལ་འགྲེལ་ཆེན་གྱི་དབང་བཀའ་བཤད་བཀའ། འཇམ་དཔལ་གསང་ལྡན་གྱི་དབང་བཀའ་དང་བཤད་བཀའ། མན་ངག་གི་བཀའ། འཇམ་དཔལ་འགྲེལ་ཆུང་གི་དབང་བཀའ་དང་བཤད་བཀའ་མན་ངག་གི་བཀའ། བྲམ་ཟེ་སྡོམ་བཟང་ནས་བརྒྱུད་པའི་འཇམ་དཔལ་ཟབ་དོན་དུ་གྲགས་པའི་དབང་བཀའ་སོགས་དང་། མར་རྡོག་གི་ལུགས་ཀྱི་གུར་བརྟག་སམ་གསུམ་མན་ངག་དང་བཅས་པ་དང་། དཔྱལ་ལུགས་ཀྱི་གུར་བརྟག་སམ་གསུམ། འགོས་ཀྱི་རྡོ་རྗེ་གདན་གཞིའི་དབང་འགྲེལ་བཅས། གསེར་སྡིངས་པས་མཛད་པའི་ཐེག་བསྡུས། དེའི་ཁྲིད་ལྟ་སྒོམ་སྤྱོད་འབྲས། དེ་དག་གི་རྒྱབ་རྟེན་དུ་གྱུར་པའི་མདོ་དང་རྒྱུད་རྒྱ་གཞུང་ཕལ་ཆེ་བ་ཞུས། གཞང་གྱེ་རེ་ལྷ་ཁང་པ་ནས་བརྒྱུད་པའི་གསང་འདུས་ཡེ་ཤེས་ཞབས་ལུགས་

63b

ཀྱི་དབང་བཀའ་སོགས་དང་། པུ་ཧྲང་ལོ་ཆུང་ནས་བརྒྱུད་པའི་བདེ་མཆོག་ལོ་ཧི་པའི་དབང་རྒྱུད། གཉོས་ལུགས་ཀྱི་བདེ་མཆོག་ལོ་ཧི་པའི་དབང་རྒྱུད། འགོས་བསོད་ནམས་རྩེ་མོའི་བདེ་མཆོག་གི་དབང་རྒྱུད། སྟེང་པ་ལོ་ཙཱ་ནས་བརྒྱུད་པའི་སངས་རྒྱས་མཉམ་སྦྱོར་གྱི་རྒྱུད། རྔོག་ལུགས་ཀྱི་སྒྱུ་མ་ཆེན་མོའི་དབང་བཀའ་བཤད་བཀའ་མན་ངག་དང་བཅས་པ། དོ་ཧ་སྐོར་གསུམ་སྟོད་ལུགས་སྨད་ལུགས་མན་ངག་དང་བཅས་པ། བྷུ་ལུ་ཀ་ནས་བརྒྱུད་པའི་རླུང་འཆི་མེད་ཕྱག་ལེན་དང་བཅས་པ། མལ་ལོ་ནས་བརྒྱུད་པའི་སྒྲོལ་མ་ཉེར་གཅིག་གི་དབང་སྒྲུབ་སྐོར་དང་བཅས་པ་དང་། འཁོར་ལོ་ཆེན་པོའི་དབང་ཆོས་སྐོར། ཆོས་རྗེ་ས་པཎ་གྱིས་བསྒྱུར་བའི་ཡོ་གའི་རྒྱུད་གསུམ། ཛེ་ཏཱ་རི་ནས་བརྒྱུད་པའི་མི་འཁྲུགས་པའི་དབང་བཀའ་སྒྲུབ་སྐོར་དང་བཅས་པ། ས་ལུགས་ཀྱི་རྣམ་རྒྱལ་ལྷ་དགུ་མ། སུ་གཅེར་ལུགས་ཀྱི་རྣམ་རྒྱལ་ལྷ་ལྔ་བཅུ་ང་གསུམ་མ་གཏོགས་པ་སྒྲུབ་སྐོར་དང་བཅས་པ། མཁན་པོ་བོ་དྷི་ས་ཏྭ་ནས་བརྒྱུད་པའི་གཙུག་ཏོར་དྲི་མེད་ཀྱི་མཆོད་ཆོག་ཆོས་སྐོར་དང་བཅས་པ། རྒྱལ་པོ་མདོ་ལྔ། ཟབ་མོ་མདོ་ལྔ་ལ་སོགས་པའི་མདོ་དང་། བྱམས་ཆོས་ལྔ་དང་། དབུ་མ་རིག་ཚོགས་བསྟོད་ཚོགས། སྤྲིངས་ཡིག་གི་ཚོགས་དང་ཚིག་འཇུག་ལ་སོགས་པ་གསན་ནོ། །དེ་ལྟར་ཀུན་མཁྱེན་ཆོས་སྐུ་འོད་ཟེར་གྱིས་བླ་མ་འདི་ལ་ཆོས་ཀྱི་གཏད་སོར་དགོངས་ནས་ཕྱོགས་རིས་ནས་ཆོས་ཞུ་བ་བྱུང་བ་རྣམས་ཀྱི་གྲ་ལ་བཅུག་སྟེ་ཟབ་ཆོས་མང་དུ་གནང་ངོ་། །དེ་ནས་བླ་མ་ཆོས་སྐུ་བའི་གསུང་གིས། ད་ཡོན་ཏན་གཞན་རྣམས་རྣམས་ཕུན་ཚོགས་པ་བྱུང་འདུག་པས། དེ་ཐམས་ཅད་ཀྱི་

64a

༄༅།       །མཚང་འདྲུ་ཞིང་གདར་ཤ་ཆོད་པ་ལ་རིག་པ་དགོས་པས་ཚད་མ་རྣམ་ངེས་ཅིས་ཀྱང་སློབ་གསུངས་ནས། སློབ་དཔོན་ཆོས་དར་ལ་གཏད་ནས་རྣམ་ངེས་ལ་སློབ་གཉེར་མཛད་པས་གཞུང་རྫོགས་པར་ཟིན་ཆོས་སྐད་ཆགས་ཙམ་བྱུང་བ་དགུང་ལོ་ཉེར་ལྔ་ལོན་པའི་ཚེ་བླ་མ་ཆོས་སྐུ་བ་ཞི་བར་གཤེགས་སོ། །དགུང་ལོ་ཉེར་ལྔའི་མཇུག་ཏུ་སྣར་ཐང་ལ་བྱོན་ནས། དེར་མཁན་པོ་སྐྱོ་སྟོན་སྨོན་ལམ་ཚུལ་ཁྲིམས། ལས་སློབ་དབུ་ཚད་པ་རིན་ཆེན་བཟང་པོ། གསང་སྟོན་འདུལ་འཛིན་སངས་རྒྱས་རྒྱལ་པོ་རྣམས་ལ་ཞུས་ནས་བསྙེན་རྫོགས་མཛད། ཕྱིས་སུ་གསང་སྟོན་ལ་འདུལ་བ་མདོ་རྩ་ཚར་གསུམ་གསན་ཞིང་། འདུལ་བའི་ཡན་ལག་ལག་ལེན་དང་བཅས་པ་སློབ་པ་མཛད། དེ་དག་གི་བར་སྐབས་བར་སྐབས་སུ་བསམ་གླིང་པའི་བླ་མ་དར་མ་རྒྱལ་མཚན་དང་། ཤེས་རབ་དཔལ་བ་ལ་ཕག་མོ་ཁྲོས་ནག་བཀའ་གཏེར་གཉིས། མཻ་ཏྲི་པའི་བཅུ་གསུམ་མའི་དབང་། ཞི་བྱེད་ཐུགས་རྒྱུད། ཕྱག་ཆེན་བརྡ། ལམ་འབྲས་བུ་དང་བཅས་པ་ཞ་ལུགས་ལ་སོགས་པ་གསན་ནོ། །དེ་ནས་བསམ་གླིང་པ་དང་རྩ་བའི་ཡོན་མཆོད་ཡིན་པས། ཕ་གཞིས་ཐམས་ཅད་བསམ་གླིང་པ་ལ་ཕུལ་ནས། དཔལ་གྲོ་སྟག་ཚང་སེང་གེ་རྫོང་དུ་བྱོན། དེ་ནས་གསེར་སྡིངས་པ་གཞོན་ནུ་འོད་ཀྱི་བུ་ཆེན་བླ་མ་རྫོང་པ་ཞེས་བྱ་བ་ཉམས་རྟོགས་ཁྱད་པར་ཅན་མངའ་བ་ཞིག་ཡོད་པ་དེའི་སྤྱན་སྔར། སྔར་བླ་མ་ཆོས་སྐུ་བའི་དྲུང་དུ་བཀའ་ཐོབ་བྱས་པའི་ལྟ་སྒོམ་སྤྱོད་འབྲས་ཀྱི་ཁྲིད། ལྟ་བ་དབུ་མ་ཆེན་པོ་ཨ་ཏི་ཤ་ནས། སེར་གྲོག་སྔོན་པ་ནས་བརྒྱུད་པའི་

64b

ཁྲིད་རྒྱས་པ། དབུ་མ་སྙིང་པོའི་ཁྲིད་བསྡུས་པ། ཉམས་ལེན་བསྒོམ་པའི་ཁྲིད་ལ་ཤེས་རབ་གཙོ་བོར་བྱས་པ་ཕྱག་རྒྱ་ཆེན་པོའི་སྐོར་ལ། ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་རྐྱེན་བཞི་གོ་ཆ་གཉིས་དང་བཅས་པ། ཕྱག་རྒྱ་ཆེན་པོ་གོ་ཆ་ལམ་ཁྱེར། ཕྱག་རྒྱ་ཆེན་པོ་རྣལ་འབྱོར་བཞི་ལྡན། རྣལ་འབྱོར་བཞི་ལྡན་གྱི་ཁྲིད་རྒྱས་པ། རྣལ་འབྱོར་བཞི་ལྡན་ཆུང་བ། རྣལ་འབྱོར་བཞི་ལྡན་ཚིགས་བཅད་མ་རྣམས་ཨ་ཏི་ཤ་ནས་དགས་པོ་ལ་བརྒྱུད་པ། ནཱ་རོ་པ་ནས་བརྒྱུད་པའི་ཕྱག་རྒྱ་ཆེན་པོ་ཐོག་བབས། ཕྱག་ཆེན་སྙན་བརྒྱུད། ཕྱག་ཆེན་གོལ་ཤོར་བཅད་པ། ལོག་ཕུག་པའི་རྣལ་འབྱོར་བཞི་ལྡན། ཕྱག་ཆེན་ཟབ་མོ་ཉིང་ཁུ། ཕྱག་ཆེན་རྣལ་འབྱོར་སྙིང་པོ། མཻ་ཏྲི་པ་ནས་བརྒྱུད་པའི་ཕྱག་ཆེན་བསམ་གཏན་ཐུན་འཇོག །ཕྱག་ཆེན་ཡིད་ལ་མི་བྱེད་པ་རྣམས་དང་། ཐབས་གཙོ་བོར་བྱས་པ་ལ། ནཱ་རོའི་ཆོས་དྲུག་ཁྲིད་སྐོར་ཆ་ལག་དང་བཅས་པ། མ་རྒྱུད་ཡང་སྙིང་ཞེས་པ་རིམ་ལྔ་དང་ཆོས་དྲུག་བསྲེས་པའི་ཁྲིད། རིམ་ལྔ་གདན་རྫོགས་ཀྱི་མན་ངག །རིམ་ལྔ་གདན་ཐོག་གཅིག་ཏུ་བསྒོམ་པ་ཆུང་ངུ་། ཕག་མོ་བསྒོམ་དྲུག་གི་མན་ངག །རྒྱ་ཆེན་སྤྱོད་པ་ལ་ལམ་རིམ། སྨོན་པ་སེམས་བསྐྱེད། འཇུག་པ་སེམས་བསྐྱེད། རྒྱུ་འབྲས་བདུན་གྱི་ལམ། ཐེག་ཆེན་བློ་སྦྱོང་དང་། འབྲས་བུ་རྫོགས་པ་ཆེན་པོའི་རྒྱལ་ཐབས་སྤྱི་བླུགས་ཀྱི་དབང་། སྙན་བརྒྱུད་ཀྱི་འཕྲང་། གསལ་བ་གསང་སྐོར་བརྒྱུད་པ་སྡེ་བཞིའི་སྐོར་རྣམས་ཞུས་ནས་ཉམས་ཁྲིད་དུ་བསྐྱངས། གདར་ཤ་བཅད་ནས་བླ་མའི་དྲུང་དུ་ཀུ་རེ་ཞུས་པ།

65a

༄༅།       །ཨེ་མ་གསེར་སྡིངས་ཆོས་བརྒྱུད་འདི། །གྲས་ཐག་ཡུན་རིང་བཅད་གྱུར་པས། །བླ་མ་སྙིང་ལ་ཞུགས་སོ་སྙམ། །སྒྲོ་འདོགས་སེམས་ལ་ཆོད་ནས་ཐལ། །དེ་འདྲ་གོ་བའི་འཕགས་པ་ལགས། །མེད་ཀྱང་ཀུ་རེ་བྱས་པ་ལགས། །སྐལ་ལྡན་འགྲོ་ལ་ཕན་གྱུར་ཅིག །ཅེས་གསུངས་སོ། །དེ་རྣམས་ཀྱི་དབང་བྱིན་རླབས་ཐམས་ཅད་དང་། ཆོས་སྐྱོང་ཁ་ཆེ་མགོན་ནག་དང་། མགོན་ནག་ཞལ་གསུམ་ཕྱག་དྲུག་པའི་སྐོར་དང་བཅས་པ་རྣམས་བླ་མ་ཆོས་སྐུ་བའི་དྲུང་དུ་ཐོབ་ཅིང་། དེར་ཡང་སྒྲོ་འདོགས་བཅད་པ་ལས་ནམ་ལངས་པ་ལ་ཉི་མ་ཤར་བ་བཞིན་གྱུར་ཏེ། ཨེ་མ་ཧོ། །ཀུན་མཁྱེན་བླ་ཆེན་བྱིན་བརླབས་ཀྱིས། །ནམ་ལངས་པ་ལ་ཉི་ཤར་ལྟར། །ཁྱད་པར་འཕགས་པའི་འོད་ལྡན་པ། །དེང་སང་ཁོ་བོའི་ཡིན་པ་སྙམ། །ཞེས་གསུངས་སོ། །དེ་ནས་རེ་ཞིག་ན་ལྷོ་སྒོར་ཧོར་དམག་ཞུགས་ནས་ཟོས་མི་བདེ་བ་དང་། མུ་གེ་ཆེན་པོ་བྱུང་ནས་འཚོ་བ་ཤིན་ཏུ་དཀའ་བ་བྱུང་བའི་ཚེ། བུད་མེད་གཅིག་ཟན་གྱི་གཟུགས་བརྙན་མང་པོ་ལ་མར་དང་། འཁུར་བ་ལ་སོགས་པ་མང་པོས་བརྒྱན་ནས་ལྷ་ལ་མཆོད་པ་བྱེད་ཀྱིན་འདུག་པས། བླ་མ་འདིས་དགོངས་པ་ལ་མོས་འདི་དག་དོར་སོང་བ་དང་བླངས་པས་ཞག་འགའ་ཞིག་ཐུག་ཐལ་འོང་བ་འདུག་སྙམ་པ་དང་། མོས་མཆོད་པ་ཟིན་ནས་སྣོད་དུ་བཅུག་སྟེ་ཁུར་སོང་བ་ན། ཐུགས་ལ་རེ་ཆེས་ན་བསླུ་དོགས་ནས་འཆིང་བར་ཐག་ཆོད། འཇིག་རྟེན་ལ་རེ་བ་བཅད་ནས་བཅུད་ལེན་སྣ་ཚོགས་མཛད་དེ་ལྕེ་ཆུང་གི་བདུད་རྩི་མྱང་བ་ཀ་མཆོག་ཏུ་བྱུང་གསུངས། དེ་ནས་བོད་

65b

དུ་བྱོན་ཏེ་མཛོ་ཕོ་ལྷས་པའི་བླ་མ་སངས་རྒྱས་བསྒོམ་པ་ཞེས་བྱ་བ་ལ་སྒང་ལོ་ཙཱ་བའི་ལུགས་ཀྱི་རྡོ་རྗེ་འཕྲེང་བའི་དབང་། འཕྲེང་བ་སྐོར་གསུམ་བོད་ཀྱི་ཡིག་ཆ་རྒྱས་པ་དང་བཅས་པ། མཁའ་འགྲོ་རྒྱ་མཚོའི་རྒྱུད། གཞན་ཡང་བདེ་མཆོག་གི་རྒྱུད་དང་ཆོས་སྐོར་མང་དག་ཞུས། ཁོང་ལ་ལམ་འབྲས་མི་གཅིག་པ་བཅུ་གཅིག་གི་བཀའ་ཡོད་པ་ལས། བླ་མ་འདིས་བདུན་ཐོབ་གསུངས་སོ། །དེ་ནས་བླ་མ་ཆོས་སྐུ་བའི་གདན་ས་ལ་དགེ་བཤེས་འོད་ཟེར་མགོན་པོ་བསྐོས་ནས། འདིའི་མགོ་འདོན་ཁྱེད་ཀྱིས་གྱིས་ཤིག་གསུངས་པ་ལ་བརྟེན་ནས་ཁོང་ལ་སློབ་གཉེར་བྱེད་པ་དང་། དབང་བཀའ་ལུང་བཀའ་སོགས་བཀའ་འབོགས་པ། བཤད་ཉན་གྱི་མགོ་འདོན་ལ་སོགས་པ་ལོ་འགའ་མཛད་དགོས་བྱུང་། དེ་དག་གི་བར་སང་ལ་གྲང་སོ་ལུང་དུ་མཁན་ཆེན་ཀ་བཞི་པ་དཀོན་གཞོན་ལ་ལམ་རིམ། ལམ་སྒྲོན། བེ་བུམ་སྔོན་པོ་སོགས་དང་། དོན་ཡོད་ཞགས་པ་དང་། ཕག་མོའི་སྐོར་རྣམས་ཞུས། ཀ་བཞི་པ་ཐུགས་ཤེ་ལ་ཡང་མངོན་པ་ཀུན་ལས་བཏུས་ཀྱི་བཤད་པ་ཚར་འགའ་ཟུང་མཉན་ཞིང་མངོན་པའི་གཞུང་ཕྲན་མང་པོའི་ལུང་ཡང་ཞུས། དེའི་ཚེ་སྔར་གྱི་དཔོན་དགེ་འདུན་ན་རེ། མཁན་ཆེན་ཀ་བཞི་པ་འགྲན་གྱི་དོ་མེད་ཡིན། གཞན་ཡང་མཁས་བཙན་བཟང་གསུམ་གྱི་དགེ་བཤེས་བརྒྱ་འཚོགས་སྟོང་འཚོགས་ཀྱང་། ང་ནི་ང་རང་གི་སློབ་མ་འདི་ཀ་ལ་མོས་ཟེར་ནས་དབང་དང་ཁྲིད་ཞུས། ཉམས་མྱོང་ཡང་བཟང་པོ་བྱུང་ནས་ཆེས་དད་པར་གྱུར་ཏོ། །དེ་ནས་བླ་མ་ཆོས་སྐུ་འོད་ཟེར་གྱི་བུ་ཆེན་སྲེའུ་ཆུང་གི་ལྕེ་བློ་ལྡན་སེང་གེའི་དྲུང་དུ་གསང་འདུས་རྔོག་

66a

༄༅།       །ལུགས་འགྲེལ་པ་དང་བཅས་པ་དང་། རྒྱུད་རྐྱང་མན་ངག་དང་བཅས་པ། གསང་འདུས་ཀྱི་བཤད་རྒྱུད་བཞི། གཉོས་ལུགས་ཀྱི་ལོ་ཧི་པའི་དབང་བཀའ། རྩ་རྒྱུད་ཀྱི་བཤད་བཀའ། བདེ་མཆོག་གི་བཤད་རྒྱུད། མངོན་བརྗོད་བླ་མ་སོགས། རྡོག་ལུགས་ཀྱི་གུར་བརྟག་སམ་གསུམ་སྒྲུབ་སྡེ་ལྔ་བསྲེ་འཕོ་དབང་བཀའ་དང་བཅས་པ། རྡོ་རྗེ་གདན་བཞིའི་དབང་བཀའ། རྩ་རྒྱུད་བཤད་རྒྱུད་སོགས་ཀྱི་བཤད་བཀའ། བ་ལང་རྨིག་སོགས་ཀྱི་ཁྲིད་བཀའ་སྒྲུབ་སྐོར་ལ་དང་བཅས་པ། ཕྱག་རྒྱ་ཆེན་པོ་གཞུང་གི་སྐོར་ལ་སྒྲུབ་པ་སྡེ་བདུན། སྙིང་པོ་སྐོར་དྲུག །ཨཾ་ནས་ཉེར་ལྔ། བཀའ་བསྐུལ་གྱི་ཆོས་བཞི་དང་བཅས་པ། ཡོ་ག་རྡོ་རྗེ་རྐྱང་བ། སྨད་ལུགས་ཀྱི་ཊཱིཀ་མི་གཅིག་པ་ཚར་མང་དུ་གསན་ནོ། །རྡོ་རྗེ་རྩེ་མོ་སྨད་ལུགས། དཔལ་མཆོག་ཤེར་དུམ། དེའི་ནག་འཇམ་ཤྲདྡྷའི་ཐིག་རྩ་རྩ་འགྲེལ། ཀུན་སྙིང་དང་པྲཛྙཱ་ཝ་ལིཏས་མཛད་པའི་སྤྱན་དབྱེ་ཆོ་ག །རབ་འབྱོར་སྐྱོང་གི་སྦྱིན་སྲེག །གཙུག་དགུ་སྨད་ལུགས་ཀྱི་དབང་བཀའ་བཤད་བཀའ། ཀུན་རིག་སྨད་ལུགས། འཁྱིན་ལུགས། སྣུར་ལུགས་གསུམ་གྱི་དབང་བཀའ་བཤད་བཀའ། མི་འཁྲུགས་པའི་དབང་བཀའ། གཟུངས་སྒྲུབ་སྐོར་དང་བཅས་པ། ཆབ་གཏོར་འཇམ་དཔལ་མ། གཙུག་ཏོར་གདུགས་དཀར། ཚེ་དཔག་མེད་སྟེང་ཕྱོགས་མ། གྲུབ་པའི་རྒྱལ་མོའི་ཚེ་སྒྲུབ། རྟ་མགྲིན་ནག་པོའི་རྗེས་གནང་ལ་སོགས་པ་ཆེད་དུ་གཏད་པ་དང་། གཞན་གྱི་ཞོར་ལ་བྱུང་བའི་ཆོས་སྒོ་དཔག་ཏུ་མེད་པ་གསན་ནོ། །དེ་ནས་སྐབས་ཤིག་ཏུ་བྱ་བཏང་དུ་སྐུ་མཚམས་ལ་བཞུགས་ཡོད་པའི་

66b

ཚེ། ཆོས་རྗེ་ཀུན་སྤངས་པས། འདིར་རྒྱུད་འགྲེལ་ཞིག་འདྲི་བ་དང་། དུས་འཁོར་གྱི་ཐང་ཀ་ཞིག་འདྲི་བ་ཡིན་པས། འདིར་ཁོར་ཙམ་ཞིག་ཤོག་གསུངས་པ་བཞིན་བྱོན་པས། རྒྱུད་རྙིང་ཅིག་གསུངས་པའི་དབུ་ཚུགས་ནས་འདུག་པ་དང་། སྔོན་ལ་རྒྱུད་རྙིང་འདི་ཉོན་ཅིག་གསུངས་པ་ལ། སྔར་བླ་མ་ཆོས་སྐུ་བའི་དྲུང་དུ་བཞུགས་དུས་ཞལ་ཚ་བ་ཞིག་འདུག་པ་ནས་ཆོས་མ་ཞུས་པ་ཡིན་ནའང་། ད་ལམ་མ་ཞུས་པར་ཉོན་གསུངས་པ་འདི་ཐུགས་ལ་ཡོད་པ་ཡིན་སྙམ་ནས་ཉན་པས། རྒྱུད་རྙིང་ཅུང་མ་ཚར་བ་ལ། ཁྱེད་ཡི་གེ་འདྲི་བ་རྐྱང་པ་ལ་བོས་པ་མིན་པས། ད་རེས་ཁྲིད་འདི་ཡང་ཉོན་གསུངས་ནས་སྦྱོར་དྲུག་གི་ཁྲིད་གནང་སྟེ་ལོ་གསུམ་ལ་ཡོངས་སུ་རྫོགས་པ་མཛད་དོ། །ཕྱིས་བླ་མའི་གསུང་གིས། ཁྱོད་རང་འདོད་ཅིང་མི་བདེ་བ་བྱུང་ན་ཞུ་བ་སུ་འདུག་པའི་ཟླ་ལ་འོང་བས་ཆོག་གོ་གསུངས་ནས། ཕྱིས་སུ་སྔ་ཕྱིར་བསྡོམས་པའི་ཁྲིད་བདུན་ཞུས་ནས་ཕྱག་ལེན་ཐམས་ཅད་ལེགས་པར་སྦྱངས། གསུང་བགྲོས་ཐམས་ཅད་ཟིན་བྲིས་མཛད། སྲུང་འཁོར་དགོས་པ་རྣམས་དཔེ་ཆུང་དུ་བྲིས་ཏེ་ལེགས་པར་གཏན་ལ་ཕབ་ནས། འབྲོ་ལུགས་ཀྱི་སྦྱོར་དྲུག་གི་མན་ངག་ཡུ་མོའི་ཡིག་ཆ་དང་བཅས་པ་ཐམས་ཅད་དང་། ཤ་བ་རཱི་ནས་བརྒྱུད་པའི་གཞུང་ཆུང་ཤོག་རིལ་བཞི་དང་བཅས་པ་དང་། རྩ་མི་ལུགས་ཀྱི་སྦྱོར་དྲུག་སྡེ་སྐོར་དང་བཅས་པ། སྒ་ལོས་མཛད་པའི་སྦྱོར་དྲུག་གི་སྐོར་ཕྲན་ཚེགས་དང་བཅས་པ་དང་། ས་ལུགས་ཀྱི་ཕ་རྒྱུད་གསང་བ་འདུས་པའི་སྦྱོར་དྲུག །མ་རྒྱུད་ཀྱེ་རྡོ་རྗེའི་སྦྱོར་དྲུག །ཞང་ཚལ་བའི་སྦྱོར་དྲུག་སྡེ་སྐོར་དང་དང་བཅས་པ། འབྲོ་ལོ་ཙཱ་བའི་སྦྱོར་དྲུག །

67a

༄༅།       །སྲེག་པ་ལུང་པའི་སྦྱོར་དྲུག །གྱི་ཇོ་ལུགས་ཀྱི་སྦྱོར་དྲུག །དཔེ་མེད་མཚོའི་སྦྱོར་དྲུག །པཎ་ཆེན་ཤཱཀྱ་ཤྲཱིའི་སྦྱོར་དྲུག །རྭ་པའི་སྦྱོར་དྲུག །རྩ་མིའི་སྦྱོར་འཕྲེང་། ཨོ་རྒྱན་པའི་སྙན་བརྒྱུད། དབང་མདོར་བསྟན་ལ་སོགས་པའི་རྒྱུད་ཕྲན། གཞུང་ཕྲན། མཚན་བརྗོད་རྩ་འགྲེལ། དུས་འཁོར་གྱི་དབང་བཀའ་ལ་སོགས་མང་དུ་ཞུས་སོ། །དེ་ནས་ལམ་འབྲས་ཀྱི་ཡིག་ཆ་བརྩམས་པའི་ཡིག་མཁན་ཡང་མཛད་ནས་ལམ་འབྲས་ཀྱི་སྐོར་ཐམས་ཅད་རྫོགས་པར་ཞུས། གཞན་ཡང་ཕྱག་ཆེན་གང་གཱ་མ་དང་། ཐུགས་རྗེ་ཆེན་པོའི་སྨར་ཁྲིད། ཉི་ཟླ་བསྒྲུབ་པ། ཡེ་ཤེས་སྤྱན་སྒྲུབ་ལ་སོགས་པམན་ངག་རྣམས་དང་། དགོངས་འདུས་ལ་སོགས་པ་རྙིང་མ་འགའ་ཡར་དང་། རྫོགས་ཆེན་སེམས་ཕྱོགས་དང་། རྒྱའི་ཧ་ཤང་གི་མན་ངག་གི་སྐོར་རྣམས་གནང་ངོ་། །དེའི་ཚེ་བདག་དུས་འཁོར་འདི་ལ་ད་དུང་སློབ་གཉེར་ཅིག་བྱེད། སྒྲ་ཚད་པ་མཁས་པར་གྲགས་གདའ་བས་དེའི་དྲུང་དུ་འགྲོ་ཞུས་པས། དེ་ཚོ་ཤེས་རབ་ཆེ་བས་ཤེས་རབ་ཀྱི་རྩལ་གྱིས་བཤད་པ་ཡིན། བརྒྱུད་པའི་མན་ངག་དང་མི་ལྡན་པས་དེར་འགྲོ་བ་འོས་མིན། རྭ་འབྲོ་གཉིས་ཀའི་བརྒྱུད་པའི་མན་ངག་གིས་གཏུགས་པ་ཡིན་པས་རོང་དུ་སོང་གསུངས་ནས། བླ་མ་ཤེས་རབ་སེང་གེའི་དྲུང་དུ་བྱོན། དུས་ཀྱི་འཁོར་ལོ་སྐུ་གསུང་ཐུགས་ཡོངས་རྫོགས་ཀྱི་དབང་ཞུས་ནས། རྒྱུད་འགྲེལ་ལ་སྦྱངས་པ་མཛད་ནས། དཀའ་གནས་ལ་བཤད་པ་ཟབ་པ་བྱུང་ཙམ་ན་འཕྲལ་དུ་གླེགས་ཤིང་ལ་ཡི་གེར་བྲིས། དེའི་འཕྲོ་རྣམས་ཆོས་ཐུན་གྲོལ་བ་ན་ཞུས། དེ་ཡང་ཡི་གེ་ལ་བཏབ།

67b

དེ་ནས་ཆོས་ཐོག་ཕྱི་མ་ལ་དེ་རྣམས་མཐུན་མི་མཐུན་བལྟས། ཟིན་ཐུན་བྲིས། དཔེ་ཆུང་དགོས་པ་ཐམས་ཅད་ཞིབ་པར་བཀོད། ཕྱག་ལེན་དང་བཀག་འགེག་ཐམས་ཅད་དང་། ཐ་ན་རྡོར་དྲིལ་འཇོག་ལུགས་དང་། འཕྲེང་བ་འཁྱེར་ལུགས་ཚུན་ཆད་ལ་དྲི་གཏུགས་ཞིབ་པར་མཛད་པས། བླ་མའི་གསུང་གིས། ཁྱེད་འཕགས་རྒོད་ཡག་མ་བྱ་བ་རྩ་བ་ལུམ་བུ་བཞིན་མ་བཅད་པར་ཡེ་མི་ཉན་པའི་མི་ཡིན་པས་དྲིས་ཤིག་གསུངས་ནས་ལན་ལེགས་པར་བཏབ། ཆོས་རྡོ་རུས་ཐུག་པ་ཅིག་བྱེད་ན་དྲི་བ་དེ་ལྟ་བུ་ཞིག་དགོས་པ་ཡིན། གཞན་ང་རང་ལས་མཁས་པ་དཀའ་ངའི་རྩར་ཡོང་གིན་ཡོད་པ་ཡིན་ནམ། དྲི་བ་དེ་ལྟ་བུ་བྱེད་པ་ཡེ་རང་མ་བྱུང་གསུངས་ཤིང་ཐུགས་མཉེས་ཚོར་ཆེན་པོ་མཛད། དེ་ནས་ཤམྦྷར། ཁྲོ་དགོན། ཤ་ར་དགོན། གནམ་རྩེ་ལྡེང་། གནས་མོ་ཆེ་ལ་སོགས་གང་བཞུད་པར་ཆག་ཕྱིར་འབྲེངས་ནས། རྒྱུད་འགྲེལ་མན་ངག་དང་བཅས་པ་ཞུ་ཐུག་མཛད། དེ་ནས་ཁྲིད་ཞུས་ནས་ཕྱག་བཞེས་ཀྱི་སྲོལ་ཇི་ལྟ་བ་བཞིན་བསྒོམས་པས་ཉམས་རྟོགས་ལའང་བོགས་ཐོན་པའི་སྦྱོར་དྲུག་གི་ཡིག་ཆ། འགྲོ་ལུགས་པའི་ཁྲིད་སྐོར། ཡུ་མོའི་ཡིག་ཆ་མདུད་འགྲོལ་དང་བཅས་པ། སྟོན་ཐུན། མན་ལུང་པའི་སྦྱོར་དྲུག །ཤ་ཝ་རཱིའི་སྦྱོར་དྲུག །མན་ངག་སྙེ་མ། མཚན་བརྗོད་འགྲེལ་པ། རྭ་ལུགས་ཀྱི་ནག་འཇིགས་སྐོར་གསུམ། སྔོན་འབྱུང་རྣམ་གསུམ། ལྷ་མོ་རྣམ་གསུམ། མི་གཡོ་བ་རྣལ་འབྱོར་ཆེན་པོ་བླ་མེད། གཟུངས་གྲྭ་ལྔ། འོད་ཟེར་ཅན། སྒྲུབ་ཐབས་རྒྱ་མཚོ་ལ་སོགས་པ་མང་དུ་གསན་ཞིང་། ཕྱིས་དུས་འཁོར་གྱི་དཀའ་འཕྲད་ལ་ཡིག་ཆ་

68a

༄༅།       །མཛད་པའི་ཡིག་མཁན་ཡང་མཛད་དོ། །དེ་ནས་ཆོས་རྗེ་ཀུན་སྤངས་པ་གཤེགས་པའི་རྗེས་སུ་ཇོ་ནང་དུ་བྱོན་པས། བྱང་སེམས་རྒྱལ་ཡེའི་དབོན་པོ་རྣམས་བསྐྲད་ནས། བཙུན་ཆུང་འདི་པ་སློབ་གཉེར་བྱེད་དུ་འཇུག་པ་ཡིན་པས་དུས་འཁོར་གསུང་བ་ཞུ་གསུངས་ནས། དཔོན་པོས་གཙོ་མཛད་དགེ་བཤེས་མང་པོ་ལ་དུས་འཁོར་འགྲེལ་ཆེན་རྒྱུད་རྙིང་ལ་སོགས་པ་མང་དུ་གསུངས་ཤིང་། དེའི་ཚེ་བླ་མ་བྱང་སེམས་རྒྱལ་ཡེ་ལ་དུས་འཁོར་ཡོངས་རྫོགས་ཀྱི་དབང་། རྒྱུད་རྙིང་། གྲུབ་རྙིང་གི་སྐོར། མཚན་བརྗོད་འགྲེལ་པ་སོགས་མང་དུ་ཞུས་སོ། །དེ་ནས་དབོན་པོས་བདེ་ཆེན་དུ་གདན་དྲངས་ནས་དེར་ཡང་གསུངས་ཤིང་། དུས་འཁོར་མཁས་རབ་ཤེས་པ་དང་། བློ་ཁ་ཕྱོགས་པ་དང་དད་པ་ཐོབ་པ་མང་དུ་བྱུང་། དེར་བླ་མ་གྲགས་ཆེན་པ་དང་ཞལ་མཇལ་ནས་ཆོས་ཕར་ཞུ་ཚུར་ཞུ་མང་དུ་མཛད་དེ། ཇོ་བོ་ལུགས་ཀྱི་གསང་འདུས་འཕགས་སྐོར་གཞུང་ཕྲན་མན་ངག་དབང་བཀའ་ཁྲིད་བཀའ་དང་བཅས་པ། ཆག་ལུགས་ཀྱི་གསང་འདུས་འཕགས་སྐོར་གཞུང་བཤད་དབང་བཀའ་གཞུང་ཕྲན་དང་བཅས་པ། དཔྱལ་ལུགས་ཀྱི་འཕགས་སྐོར། ས་ལུགས་ཀྱི་འཕགས་སྐོར། ས་ལུགས་ཀྱི་ཀྱེ་རྡོར་དང་། བདག་མེད་མའི་དབང་བྱིན་རླབས་སྒྲུབ་སྐོར་དང་། རྒྱུད་གསུམ་མན་ངག་དང་བཅས་པ། གུར་མགོན་གྱི་སྐོར་ལ་སྒྲུབ་ཐབས་ལས་ཚོགས་མང་པོ་དང་བཅས་པ། ས་ལུགས་ཀྱི་ལཱུ་ནག་དྲིལ་གསུམ་གཞུང་གདམས་ངག་དང་། ཇོ་ལུགས་ཀྱི་ལཱུ་ནག་དང་། རིན་ཆེན་རྒྱན་གྱི་དབང་བཀའ་བཤད་བཀའ་མན་ངག་དང་བཅས་པ། ཇོ་ཕོ་ལུགས་ཀྱི་ཀྱེ་

68b

རྡོར་ཀྱི་དབང་བཀའ་རྒྱུད་གསུམ་གྱི་བཤད་བཀའ་དང་བཅས་པ། ཇོ་བོ་ལུགས་ཀྱི་མ་ཧཱ་མཱ་ཡཱའི་དབང་བཤད་ཁྲིད་དང་བཅས་པ་དང་། །སོ་རྒྱན་སྒྲོལ་མའི་དབང་བཀའ་ཆོས་སྐོར་དང་བཅས་པ། སྟོད་ལུགས་ཀྱི་རྩེ་མོ་རིགས་བསྡུས་དང་། གཙུག་དགུའི་དབང་སྒྲུབ་ཐབས། མི་འཁྲུགས་པ་རྣལ་འབྱོར་རྒྱུད་དུ་བྱས་པའི་ཇོ་བོ་ལུགས། བྱ་རྒྱུད་དུ་བྱས་པའི་ས་ལུགས། རྣམ་འཇོམས་བིར་ལུགས་དང་། བ་རི་ལུགས། དོན་ཞགས་ས་ལུགས་ཀྱི་རྗེས་གནང་ཆོས་སྐོར་དང་བཅས་པ། སེང་གེ་སྒྲའི་སྒྲུབ་ཐབས་གདོན་སྒྲོལ་ཆུང་ངུ་དང་བཅས་པ། རི་ཁྲོད་ལོ་མ་ཅན་གསར་རྙིང་། དཔལ་མོའི་བཅུ་གཅིག་ཞལ་གྱི་སྒྲུབ་ཐབས་སྙུང་གནས་དང་བཅས་པ། ཇོ་བོའི་ཡི་གེ་དྲུག་པ་གཙོ་འཁོར་གསུམ་དང་། ཐུགས་རྗེ་ཆེན་པོ་སྐྱེར་སྒང་ལུགས་གཉིས་ཀྱི་རྗེས་གནང་ཆོས་སྐོར་དང་བཅས་པ། ཇོ་བོའི་མི་གཡོ་བ་སྤྱན་གཉིས། གསེར་གླིང་པའི་མི་གཡོ་བ་དམིགས་པ་སྐོར་གསུམ་བློ་བདེག་དང་བཅས་པ། ས་ལུགས་ཀྱི་མི་གཡོ་བ་ནག་པོ་ལས་ཚོགས་དང་བཅས་པ། ས་ལུགས་ཀྱི་གཟའ་ཡུམ་མཆོད་ཆོག་དང་བཅས་པ། ཕྱག་བརྒྱད་སྒྲོལ་མ། གནས་བརྟན་བཅུ་དྲུག་གི་གསོལ་འདེབས། ཆབ་གཏོར་དང་ཆར་འབེབས་ལ་སོགས་པ་མང་དུ་ཞུས་གསུངས། དེའི་ཚེ་ལ་སྟོད་ནས་བླ་མ་གྲགས་པ་དཔལ་ཞེས་བྱ་བ་དྲུང་དུ་ཆོས་ཞུ་རུ་བྱུང་བ་ལ། ཨོ་རྒྱན་པའི་བསྙེན་སྒྲུབ་ཀྱི་སྐོར་རྣམས་ཞུས་སོ། །རིན་པོ་ཆེ་ཚོགས་དང་གཉགས་ཀྱི་སློབ་མ་བསོད་ནམས་མགོན་ཞེས་བྱ་བ་ལ། ས་ལུགས་ཀྱི་བདེ་ཀྱེ་ཡོ་ག་གསུམ། རྣམ་རྒྱལ་འཇོམས། གདོན་སྒྲོལ་

69a

༄༅།       །གཏོར་ཆེན་རྣམས་རྙིང་མ་ལུགས་ཀྱི་ལག་ལེན་ཞིབ་པར་བསླབས་སོ། དེ་ནས་པོ་དོང་ཨེར་བྱོན་སྣུར་ཆོས་འཕགས་རྒྱལ་མཚན་ལ་ཡོ་ག་སྟོད་ལུགས་པའི་འགྲེལ་པ་ལ་བརྟེན་པའི་དབང་བཀའ། དེ་ཉིད་འདུས་པའི་རྒྱུད་སྟོད་འགྲེལ་སྨད་འགྲེལ། རྡོར་འབྱུང་སེམས་དཔའ་འབྱུང་ཆུང་། ཀོ་ས་ལའི་རྒྱན་ཨ་ཝ་ཏ་ར། དཔལ་མཆོག་སྨད་འགྲེལ། ཕྱག་ན་རྡོ་རྗེའི་དཀྱིལ་འཁོར་ལ་འཇིག་རྟེན་པ་དྲུག་བཏགས་པའི་སྦྱོང་རྒྱུད་ཀྱི་དབང་བཀའ། གཙུག་ཏོར་རྣམ་རྒྱལ་གྱི་རྟོགས་པ་གཉིས། ཚེ་དཔག་མེད་འཆི་མེད་རྔ་སྒྲ། ཁ་འབར་མའི་གཟུངས་གཉིས། ཚུལ་བརྒྱ་ལྔ་བཅུ་པ་ལ་སོགས་པ་གསན་ནོ། །ཁོང་པས་ཀྱང་ལྟ་སྒོམ་སྤྱོད་འབྲས་ལ་སོགས་པ་མང་དུ་ཞུས་སོ། །དེའི་ཚེ་བླ་མ་བྱང་སེམས་རྒྱལ་ཡེའི་དཔོན་པོ་འོངས་ནས་བུ་ཆེན་ཐམས་ཅད་ཀྱིས་དགོན་པ་བདེ་ཆེན་འཛིན་པར་ཞུས་པས། དགོན་ཆུང་སྡུག་བསྔལ་གྱི་བཙོན་རར་དགོངས་ནས་མཛད་དུ་མ་བཞེད་པར། དཔོན་ཆུད་ལ་སློབ་གཉེར་མཛུབ་ཁྲིད་དུ་མཛད་ནས་བསྐོས་སོ། །དེ་ནས་སྟོད་ཕྱོགས་ཀྱི་དགེ་བའི་བཤེས་གཉེན་ཁྲིད་ཞུ། དབང་ཞུ། ལུང་ཞུ་ཟེར་བ་མང་པོ་བྱུང་ནས། ཉིན་རང་ལུང་དང་བཤད་པ་མཛད། མཚན་རང་ཆོ་ག་མཛད་དེ་ཉིན་མཚན་ཁོར་ཡུག་ཆོས་འཆད་པ་ལ་འབད་པ་མཛད་ཀྱང་། འཇིག་རྟེན་བློས་བཏང་ནས་སྒྲུབ་པ་མཐར་འདོན་པ་ཆེར་མ་བྱུང་། པོ་ཏི་རྐང་བཙུགས་ནས་སློབ་གཉེར་བྱེད་པའང་མང་པོ་མ་བྱུང་བས་ཐུགས་འཇུངས་ཏེ། ཆོས་ཀྱི་རྣམ་གྲངས་སོག་པའི་ལུང་ཐོབ་ཚོད་མ་ཚྭ་བལྟ་བ་ལྟ་བུ་འདི་ལ་དགོས་པ་མི་འདུག་དགོངས་ནས། །

69b

ཉང་སྟོད་སྐྱིད་མཁར་ལྷ་ཁུད་ཀྱི་ཕུ་རུ་སྤེ་ཆུང་ཞིག་གཅིག་པུ་ཞིག་ཏུ་སྐུ་མཚམས་བཅད་ནས་སྒྲུབ་པ་སྙིང་པོར་མཛད་ཀྱིན་བཞུགས་སོ། །དེ་ལྟ་བུའི་བླ་མ་འཕགས་འོད་ཡོན་ཏན་རྒྱ་མཚོས། བུ་སྟོན་རིན་པོ་ཆེ་ཐམས་ཅད་མཁྱེན་པ་རིན་ཆེན་གྲུབ་ལ་གསང་བ་འདུས་པ་འགོས་རྡོག་ལུགས། མར་ལུགས། ཇོ་བོ་ལུགས། ཆག་ལུགས་སོགས་ཐམས་ཅད་གནང་བ་ཡིན་ཏེ། དེ་ཡང་བླ་མ་འཕགས་འོད་ཉང་སྟོད་དུ་སྒྲུབ་པ་ལ་བཞུགས་པའི་ཚེ། བུ་སྟོན་རིན་པོ་ཆེས་གསང་འདུས་སྐོར་གསན་པར་བཞེད་ནས། དགེ་བཤེས་བསོད་ནམས་རིན་ཆེན་བྱ་བ་རིན་པོ་ཆེའི་མེ་ཏོག་དང་བཅས། བདག་གསང་བ་འདུས་པ་ཅིག་དོན་དུ་གཉེར་བ་ལགས་པས་ཐུགས་ལ་བཏགས་དགོས། དེ་ལ་བདག་དེར་དྲུང་དུ་འོངས་ན་མཆི་འམ། བླ་མ་ཁྱེད་འདིར་བྱོན་པ་གང་ཞིག་ལེགས་ཀྱི་སྐབས་དབྱེར་གསོལ་ཞེས་པའི་ཞུ་བ་འཕགས་འོད་ཀྱི་དྲུང་དུ་བཏང་བས། ཐོག་མར་མཇལ་ཁ་མ་གནང་ནས། ཞུ་ཡིག་དང་གསེར་གྱི་མེ་ཏོག་ཕུལ་བས་གཟོད་མཇལ་ཁ་བྱུང་སྟེ། བླ་མ་འཕགས་པའི་ཞལ་ནས་ཁྱེད་ནོར་བ་མིན་ནམ། ང་ནི་བཙུན་རྒན་ཅི་ཡང་མི་ཤེས་པ། མ་ཎི་བགྲངས་ནས་སྡོད་པ་ཞིག་ཡིན། ཁོང་ལ་དགོས་པའི་གསང་འདུས་དེ་འདྲ་ངས་མི་ཤེས། ང་ལ་སྙིང་ཐག་མདའ་རྒྱང་ལས་རིང་བ་ལ་སོགས་པ་ཡོད་པའི་ཡོན་ཏན་དང༑ ཁ་ན་སོ་མེད་པ་སོགས་མེད་པའི་ཡོན་ཏན་མང་པོ་ཡོད་དེ། དེ་ཚོ་ནི་ཁོང་ལ་མི་མཁོ་མཆི། ཁྱེད་རང་གསེར་ཁུར་ལ་ལོག་རྒྱུག་གསུངས་པ་ན། ཁོང་གིས་ནོར་བ་མིན་པ་འདུག །དུས་འཁོར་སློབ་པའི་དུས་སུ་བླ་མ་རྡོ་རྗེ་རྒྱལ་མཚན་པས་ཁྱེད་ལ་གསང་

70a

༄༅།       །འདུས་མཁས་པོ་ཡོད་བྱས་ནས་ཁུངས་བསྟན་པར་འདུག །དགེ་སློང་ཤཱཀྱ་དཔལ་གྱིས་ཀྱང་ངོ་ཤེས་ཀྱིན་འདུག་མ་ནོར་བྱས་པས། སློབ་དཔོན་རྡོ་རྗེ་རྒྱལ་མཚན་གྱིས་མགོ་སྐོར་བྱས་འདུག་པ། ངས་དང་པོ་གསང་འདུས་ཤིག་ཉན་མྱོང་སྟེ་བརྗེད་ནས་མེད་པས། ངས་ཁོང་པའི་སློབ་དཔོན་ག་ནས་འོང་། ཅིས་ཀྱང་གསང་འདུས་དོན་དུ་གཉེར་ན། སྲེའུ་ཆུང་བ་དང་ཁོང་པའི་སློབ་མ་བསོད་ཤེ་དང་། སངས་རྒྱས་དཔལ་ལ་སོགས་པ་མང་པོ་ཡོད་པས་དེར་ཞུས་གསུངས། དེ་ཚོ་ལ་ཞུ་འདོད་པ་མི་གདའ། ཅིས་ཀྱང་དྲུང་དུ་ཞུ་བར་གདའ་ཞུས་པས། དེར་འཕགས་འོད་ཀྱི་ཞལ་ནས། དགེ་བཤེས་གསན་དང་། ཕྱི་དུས་ཀྱི་བྱེད་པ་ཡོལ། དུས་སྙིགས་པས། ཆོས་ཞུ་བ་ཐམས་ཅད་ཀྱང་བཀའ་ཐོབ་ཙམ་ལུང་ཐོབ་ལས་རྩ་བ་གཅོད་མཁན་ཡོང་བ་མི་འདུག །ཆོས་བཤད་མཁན་རྣམས་ཀྱང་སྤྱང་ཨ་ཕོའི་གློག་བྲི་ཇི་བཞིན་ལས་རྡོ་རུས་གཏུགས་ལ་བཤད་རྒྱུ་ཡོད་པ་མི་འདུག །སྒོས་སུ་ནང་དུས་ཀྱི་བྱེད་པ་ཡོལ། ལེགས་པར་རྒས། དྲན་པ་མི་གསལ། བཤད་འཕྲོ་ལ་བརྗེད་ཀྱི་འགྲོ། རྣ་བ་རྩེ་ཆག །མིག་མི་གསལ། འདི་བཞིན་སོང་བ་ཡིན་མོད་གསུངས་ནས་ནས་དབུ་དང་ཕྱག་ལ་སོགས་པ་བསྟན་ནས། ངས་ཁོང་གི་སློབ་དཔོན་མི་འོང་གིས་ལོག་ལ་སོང་གསུངས་ཏེ་ལོག་བྱུང་བ་ན། ཁོང་ཡོང་བའི་ནུབ་མོ་བུ་སྟོན་རིན་པོ་ཆེའི་མནལ་ལམ་དུ་མཐོངས་ཁུང་ལྟ་བུ་གཅིག་གི་ཕ་རོལ་ན་རྡོ་དྲིལ་གཅིག་དང་། བུམ་པ་གཅིག་འདུག་པ། ལེན་འདོད་ནས་མི་ཞིག་ལ་དེ་པ་ཚུར་ཐོངས་གསུངས་པས། མི་དེས་མྱུར་དུ་གཏོང་དུ་མ་འདོད་པ་ལ། ང་རང་རྒྱང་གིས་མཆོངས་ལ་བླང་དགོས་དགོངས་པ་ན་

70b

མནལ་སད་དེ། དེ་ནས་ནང་པར་དེ་ཁོང་སླེབ་བྱུང་ནས། བླ་མ་ཁོང་ནི་ཆོས་ཡེ་གསུངས་པའི་རིགས་སུ་མི་འདུག །དེ་བས་གཞན་ལ་ཞུས་ན་འཐད་དམ་ཞུ་བ་ལ། བུ་སྟོན་གྱི་ཞལ་ནས། ཁོང་ཐུགས་ལ་བཏགས། ང་ཅིས་ཀྱང་ཡོང་ག་ལ་གསུངས། སྤོས་འདོད་པ་ལ་མི་རོ་བམ་པོས་ཅི་བྱ། ཁྱེད་རང་ད་དུང་ཕར་སོང་ལ་དེར་ཁོ་བོ་ཅིས་ཀྱང་ཡོང་བར་འདུག་པས་དུས་ཅི་ཙམ་ལ་ཡོང་བ་འཐད་ཅེས་ཞུས་ཤིག་བསྒོས་ཏེ་གནང་། དེས་ཀྱང་ཇི་སྐད་གསུངས་པ་བཞིན་འཕགས་འོད་ཀྱི་དྲུང་དུ་ཕྱིན་ཏེ་ཞུས་པས། འོ་ན་ཐག་ཆོད་ཀྱི་མི་ལ་བཤོལ་འདེབས་དཀའ་བས་ཁས་བླང་བ་ལ་ཐུག་གོ། །ཁོང་ལ་ཁྱོད་ཀྱིས་འདིར་འོངས་ཀྱང་ཁང་ཆུང་གཅིག་པུ་ལས་མེད་པས་ངེད་དེར་འོང་བ་ཡིན་མོད་ཀྱང་། ད་ལམ་དཔེ་ཆ་རྣམས་ཀྱང་ལ་སྟོད་དུ་ལུས་འདུག་པས། དེ་དག་ཀྱང་བླངས་ལ་ཆོས་འཁོར་ཐོན་པ་དང་ཅིས་ཀྱང་ཡོང་གསུངས་ཤིག་གསུངས། དེ་ལྟ་བུའི་ལོན་ནང་པར་ཡོང་བའི་དོ་ནུབ་དེ། བུ་སྟོན་རིན་པོ་ཆེའི་མནལ་ལམ་དུ་སྔར་མནལ་ལམ་དུ་བྱུང་པའི་བུམ་པ་དེ་ལ་ཁ་རྒྱན་དང་མགུལ་ཆིངས་ཀྱི་རྒྱན་དང་བཅས་ཆུས་ཅུང་ཟད་མ་ཁེངས་པ་ཞིག་བུད་མེད་ཅིག་གིས་ཁྱེར་བྱུང་ནས། འདི་རྩ་བ་ཁྱོད་རང་གི་ཡིན་ཏེ། ན་ནིང་ནས་བྲག་རམ་ན་ཡར་ལ་འཁྱར་བ་ཡིན། ད་ཁྱོད་རང་ལ་གཏོད་པ་ཡིན་ནོ་ཟེར་ནས་གཏད་པར་གསལ་པོ་ཅིག་རྨི། གཞན་ཡང་བཙུན་བ་འདྲ་བ་ཡང་། རྣལ་འབྱོར་པ་འདྲ་བ་ཞིག་གིས་སྔར་ནས་མནལ་ལམ་དུ་བྱུང་བའི་རྡོར་དྲིལ་དེ་གཏད་པ་སྙམ་བྱེད་པ་བྱུང་། དེའི་ནང་པར་འཕགས་འོད་ཀྱི་བཀའ་གནང་བ་དེ་འབྱོར། དེ་ནས་ཕྱིས་ཆོས་འཁོར་ཐོན་ནས་བླ་མ་འཕགས་འོད་

71a

༄༅།       །ཡོན་ཏན་རྒྱ་མཚོ་སྐུ་ན་བགྲེས་པོར་སོང་བ་དེས། བུ་སྟོན་རིན་པོ་ཆེའི་དགོངས་བཞེད་ལྟར་ཞ་ལུར་བྱོན་ནས། བུ་སྟོན་རིན་པོ་ཆེ་ལ། ཁྱེད་ལ་རྒྱ་བའི་རྒྱ་ལུགས་དང་། གར་བའི་གར་ལུགས་ནས་དགོས་པའི་ལུགས་མིན། བཤར་ཏེ་བཀླགས་ལ་སྐབས་སྐབས་སུ་འགག་རེ་ཙམ་བཤད་དེ་ཆོས་ཐོབ་ཆེ་བར་བྱེད་པ་ཡིན་ནོ་གསུངས་པ་ལ། བུ་སྟོན་རིན་པོ་ཆེས། དེ་འདྲའི་ལུང་ཐོབ་ཙམ་གྱིས་མི་ཕན། བཤད་པ་རྡོ་རུས་ཐུག་པ་ལག་ལེན་དང་བཅས་པ་ཞུ་འཚལ་ཞུས་པས། འཕགས་འོད་ཀྱི་ཞལ་ནས། འ་པ་ཡེས་སྙིང་ནས་རང་གསང་འདུས་ཤེས་པ་ཅིག་བཞེད་དམ་གསུངས། ཤིན་ཏུ་འདོད་ལགས་ཞུས་པས། འོ་ན་གསང་འདུས་ཀྱི་དོན་རིམ་ལྔར་འདུས་པ་ཡིན། རིམ་ལྔའི་ཁྲིད་བཟང་པོ་ཅིག་ཐོབ་ན། གསང་འདུས་ཀྱི་དོན་རང་རྡོལ་ལ་ཡོང་བས་ཐོག་མར་དབང་དང་ཁྲིད་བྱེད་དགོས་གསུངས་ནས་དབང་བཀའ་བདུན་པོ་གཅིག་ཏུ་འདུས་པའི་དབང་བཀའ་རྒྱས་པ་མཛད་ནས། དེ་ནས་འདུས་པའི་རིམ་ལྔ་སྨར་ཁྲིད་དགུན་སྟོད་ལ་རྫོགས་པར་མཛད་དེ། སླར་དཔྱིད་ཀ་རྡོག་ལུགས། མར་ལུགས། ཇོ་བོ་ལུགས། ཆག་ལུགས་རྣམས་ཀྱི་བཤད་བཀའ། ལུང་བཀའ། མན་ངག་གི་བཀའ་ཐམས་ཅད་ལེགས་པར་སྩལ་བ་ཡིན་ནོ། །དེ་ལྟར་བུ་སྟོན་རིན་པོ་ཆེས་འཕགས་འོད་ལ་ལེགས་པར་གསན་ནས་བསྟན་པའི་ཁུར་ཆེན་པོ་བཞེས་ཏེ། འདུས་པ་ལ་ཡིག་ཆ་ཡང་། སྒྲོན་གསལ་གྱི་རྣམ་བཤད་མཐའ་དྲུག་རབ་གསལ། འདུས་པའི་སྒྲུབ་ཐབས་དངོས་གྲུབ་ཆར་འབེབས། བསྟོད་པ་བྱིན་རླབས་ཆར་འབེབས། གཏོར་ཆོག་འདོད་དོན་ཆར་འབེབས། དཀྱིལ་ཆོག་ཡེ་ཤེས་ཆར་འབེབས།

71b

སྦྱིན་སྲེག་འཕྲིན་ལས་ཆར་འབེབས། རྒྱུད་ཀྱི་བཤད་ཐབས་གསང་བའི་སྒོ་འབྱེད། རིམ་ལྔའི་ཁྲིད་ཡིག་ཡིད་བཞིན་གྱི་ནོར་བུ་རིན་ཆེན་ཟ་མ་ཏོག་ལ་སོགས་པ་ཡིག་འཇོགས་རྒྱ་ཆེན་པོ་མཛད། འཆད་ཉན་རྩལ་དུ་སྟོན་ནས་མཛད་པས་འདུས་པའི་བདག་པོ་ལྟ་བུར་གྱུར་པ་ཡིན། དེ་དག་གི་ནང་ནས་ཁྲིད་ཡིག་འདི་ནི་ཀུན་མཁྱེན་ཆོས་སྐུ་འོད་ཟེར་གྱིས་འཕགས་འོད་ལ་མར་འགོས་གཉིས་ཆར་གྱི་གདམས་པ་གནང་བའི་གསུང་བགྲོས་ཡི་གེར་བྲིས་པ་ཉུང་ངུ་ཞིག་ཡོད་པ་དེ་ཚང་བར་བཅུག་ཅིང་། དེའི་སྟེང་དུ་འཕགས་འོད་ཀྱི་གསུང་བགྲོས་རྣམས་བྲིས་པ་ཡིན་པར་བཤད་ཅིང་། ངོ་བོ་དབེན་གསུམ་ཡན་འགོས་ལུགས་དང་། སྒྱུ་མ་དང་འོད་གསལ་མར་ལུགས་གཙོ་བོར་བྱས་པ་ཞིག་ཡིན་པ་དང་། སྒྱུ་མའི་སྐབས་སུ་མཉམ་གཞག་སྒྱུ་མ་ལ་སྦྱོར་དྲུག་གི་དམིགས་པ་ཅིག་ཀྱང་བཅུག་ཡོད་པས། དེ་ཡང་ཀུན་མཁྱེན་ཆོས་སྐུ་བ་སྦྱོར་དྲུག་པ་ཡིན་པས། ཁོང་གིས་བསྣན་པ་བཞིན་བུ་སྟོན་གྱིས་ཀྱང་འདྲི་བར་མཛད་པ་ཡིན་པར་གྲགས་སོ། །གཞན་ཡང་སྒྱུ་མ་གསུམ་བཏུད་དུ་བྱ་བ་སོགས་ནག་ཁྲིད་བསྲེས་པ་དང་། ཟུང་འཇུག་གི་སྐབས་སུ་བསྡུས་སེ་བ་ཅིག་གི་མར་ལུགས་འགོས་ལུགས་གཉིས་ཀ་དང་མཐུན་པ་ཞིག་ཡོད་པར་མཁས་པ་སྔ་མ་རྣམས་བཞེད་མོད་ཀྱང་། ཁྲིད་ཡིག་དེ་ཉིད་ཀྱིས་དབང་བསྐུར། རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་དོན་བཤད་པའི་རྒྱུད་བཞི་འམ་བརྒྱད་ཀྱི་དགོངས་པ་ལེགས་པར་ཕྱེ་ཞིང་། འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱི་དོན་མངོན་དུ་གྱུར་ནས་དགོངས་པ་ལེགས་པར་བཀྲལ་ཏེ། ཏཻ་ལོ་པ་དང་། ནཱ་རོ་པ་ལ་སོགས་པ་

72a

༄༅།       །མཁས་གྲུབ་རྣམས་ཀྱི་ཐུགས་དམ་དུ་ལེགས་པར་བསྟར་ནས་ཞལ་ནས་སྙན་དུ་བརྒྱུད་པའི་མན་ངག་རྒྱུད་སྡེ་ཟབ་མོ་ཐམས་ཅད་ཀྱི་སྒོ་འབྱེད་པའི་ལྡེ་མིག །ལམ་རིམ་པ་ལྔའི་སྨར་ཁྲིད་ཅེས་སོགས་གསུངས་པས་ན། བུ་སྟོན་རིན་པོ་ཆེའི་ལུགས་ཀྱི་གསང་བ་འདུས་པའི་ཁྲིད་འདི་མར་ལུགས་གཙོ་ཆེ་བ་དང་། རྒྱུད་འགྲེལ་པ་དང་བཅས་པའི་བཀའ་འགོས་ནས་རྡོག་པ་ལ་བརྒྱུད་པའི་ལུགས་གཙོ་ཆེ་བར་རང་ལུགས་ཀྱི་ཕྱིས་བྱོན་པའི་མཁས་པ་དག་བཞེད། དབང་བཀའ་ནི་བཀའ་བབས་སོ་སོའི་ལུགས་ཀུན་འདུས་པ་ཞིག་སྟེ། དེ་ནས་བཟུང་སྟེ་གསང་བ་འདུས་པ་མི་བསྐྱོད་པའི་དབང་གི་བརྒྱུད་པ་ལ་བརྒྱུད་པའི་བཀའ་བབས་བདུན་ལྡན་ཞེས་དབང་གཅིག་ཐོབ་པ་ན་བརྒྱུད་པ་བཀའ་བབས་བདུན་ཆར་གྱི་བརྒྱུད་པ་དྲངས་ཆོག་པ་འདི་བྱུང་བས། བསྲེས་བརྒྱུད་ཅེས་པའི་ཐ་སྙད་གདགས་སུ་རུང་ངམ་སྙམ་མོ། །ཡང་འགའ་ཞིག་ལས་ཀླུ་བྱང་གི་དཀྱིལ་ཆོག་ཉི་ཤུ་པའི་རྗེས་འབྲངས་ཀྱི་དཀྱིལ་ཆོག་ལ་འཕགས་པ་རིན་པོ་ཆེའི་དཀྱིལ་ཆོག་དང་། བུ་སྟོན་གྱི་དཀྱིལ་ཆོག་ཡེ་ཤེས་ཆར་འབེབས་གཉིས་འདྲེན་པ་ཡང་མཛད་འདུག་པ་ལྟར། རྗེ་བཙུན་ས་པཎ་གྱིས་ཁ་ཆེ་པཎ་ཆེན་ལ་གསན་པའི་དབང་བཀའ་གསར་མའི་ཁོངས་སུ་བསྡུ་དགོས་པ་ཡང་འདྲ་བས་བརྟག་གོ། །དེ་རྣམས་ཀྱིས་འགོས་ལུགས་ཀྱི་བླ་མ་བརྒྱུད་པའི་རྣམ་ཐར་བསྟན་པའི་སྒོ་ནས་འགོས་ལུགས་ཇི་ལྟར་དར་བའི་ཚུལ་བསྟན་ཟིན་པ་ཡིན་ལ། བུ་སྟོན་མན་ཆད་ཀྱི་བརྒྱུད་རིམ་རྣམས་ནི་འོག་ཏུ་མར་ལུགས་དང་། ས་ལུགས་ཀྱི་བརྒྱུད་པ་དག་དང་ཕལ་ཆེར་ཆབ་གཅིག་ཏུ་འབྱུང་ངོ་། །