བུ་སྟོན་ཞབས་ཀྱིས་མཛད་པའི་དུས་འཁོར་ཆོས་འབྱུང་།
གཉིས་པ། ཁྱད་པར་བསྐལ་པ་བཟང་པོའི་སངས་རྒྱས་བྱོན་ཚུལ།
上一章
下一章

(གཉིས་པ། ཁྱད་པར་བསྐལ་པ་བཟང་པོའི་སངས་རྒྱས་བྱོན་ཚུལ།)

གཉིས་པ་ལ་སྙིང་རྗེ་པད་དཀར་ལས་བསྐལ་བཟང་ལ་སངས་རྒྱས་སྟོང་དང་ལྔ་འབྱུང་པར་བཤད་ཅིང་། ལུང་གི་འགྲེལ་པ་ལས་སངས་རྒྱས་ལྔ་བརྒྱ་འབྱུང་བར་བཤད་པ་ཡོད་ཀྱང་། འདིར་གསང་བ་བསམ་གྱིས་མི་ཁྱབ་པ་དང་། བསྐལ་བཟང་ལ་སོགས་པར་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་དུ་བཤད་པས་དེའི་རྗེས་སུ་འབྲངས་ན། འཇིག་རྟེན་འདི་ཆུ་ཡིས་འཇིག་པའི་ཚེ། མཚོ་ནས་གསེར་གྱི་པད་མ་སྟོང་བྱུང་བ་ལ་ལྷ་རྣམས་ཀྱིས་བརྟགས་པས་སངས་རྒྱས་སྟོང་འབྱུང་བའི་ལྟས་སུ་ཤེས་ཏེ། ཀྱེ་མ་བསྐལ་པ་འདི་ནི་བཟང་པོ་ཞེས་བརྗོད་པས། བསྐལ་པ་བཟང་པོར་གྲགས་ལ། དེའི་གནས་བསྐལ་གྱི་མར་འགྲིབ་ཀྱི་བརྒྱད་ཁྲི་ནས་བརྒྱ་པའི་བར་ལ་སངས་རྒྱས་འབྱུང་། བརྒྱད་ཁྲི་བས་སྔ་བར་མི་འབྱུང་སྟེ། སྐྱོ་ཤས་ཆུང་ཞིང་ཆོས་དོན་དུ་མི་གཉེར་བས་སོ། །བརྒྱ་པ་བས་འཕྱི་བར་མི་འབྱུང་སྟེ། སྙིགས་མ་ལྔ་ཧ་ཅང་ཤས་ཆེ་བས་སོ། །ཡར་འཕེལ་ལ་མི་འབྱུང་སྟེ། མི་དགེ་བ་ངང་གིས་སྤོང་ཞིང་དངོས་པོ་རྣམས་འཕེལ་བས་སྐྱོ་བ་མི་སྐྱེ་བའི་ཕྱིར་རོ་ཞེས་ཉན་ཐོས་འདོད་ཀྱི་ཐམས་ཅད་དུ་དེའི་ངེས་པ་མེད་དོ། །འདི་ཡི་ཚེ་ལོ་བཞི་ཁྲིའི་དུས་སུ་འཁོར་བ་འཇིག །གསུམ་ཁྲིའི་དུས་སུ་གསེར་ཐུབ། ཉི་ཁྲིའི་དུས་སུ་འོད་སྲུང་། བརྒྱ་པའི་དུས་སུ་ཤཱཀྱ་ཐུབ་པ། བརྒྱད་

3b

ཁྲི་པའི་དུས་སུ་བྱམས་པ་འབྱུང་ངོ་། །མདོ་བསྐལ་བཟང་དུ་སངས་རྒྱས་རེ་རེའི་ཡུལ་དང་རིགས་དང་འོད་དང་ཡབ་དང་ཡུམ་དང་སྲས་དང་རིམ་གྲོ་པ་དང་ཤེས་རབ་ཅན་དང་རྫུ་འཕྲུལ་ཅན་གྱི་མཆོག་གཉིས་དང་འཁོར་འདུས་པ་དང་ཚེ་ཚད་དང་བསྟན་པ་གནས་པའི་ཚད་དང་སྐུ་གདུང་སྟེ། མཆོག་ཟུང་སོ་སོར་བགྲངས་པའི་དོན་བཅུ་གསུམ་བཅུ་གསུམ་གྱིས་བསྟན་ཅིང་། ཁ་ཅིག་གི་གདུང་སྨོས་ཏེ་བཅུ་བཞིའོ། །འཁོར་འདུས་པའང་ཁ་ཅིག་ལ་རེ་རེ་དང་། ཁ་ཅིག་ལ་མང་པོ་དང་། སྐུ་གདུང་ལ་རྒྱས་པར་འགྱུར་བ་དང་རིལ་པོ་གཅིག་ཏུ་འདུས་པ་གཉིས་སོ། །སྟོན་པ་འདི་ལ་དཔེར་བརྗོད་ན། མཆོག་ཏུ་དགའ་བའི་རྒྱལ་པོ། ང་སྐྱེ་བའི་ཡུལ་ནི་སེར་སྐྱའི་གནས་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །གདུང་ནི་གོའུ་ཏ་མའོ། །འོད་ནི་འདོམ་གང་ངོ་། །ཡབ་ནི་ཟས་གཙང་མ་ཞེས་བྱའོ། །ཡུམ་ནི་སྒྱུ་འཕྲུལ་ཞེས་བྱའོ། །སྲས་ནི་སྒྲ་གཅན་འཛིན་ཞེས་བྱའོ། །རིམ་གྲོ་པ་ནི་ཀུན་དགའ་བོ། ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཉེ་རྒྱལ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་པང་ནས་སྐྱེས་ཤེས་བྱའོ། །འདུས་པ་དང་པོ་ལ་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའོ། །སྐུ་ཚེའི་ཚད་ནི་ལོ་བརྒྱའོ། །དམ་པའི་ཆོས་ནི་ལོ་ལྔ་བརྒྱའི་བར་དུ་གནས་སོ། །ལོ་ལྔ་བརྒྱའི་བར་དུ་ནི་དམ་པའི་ཆོས་ལྟར་སྣང་ངོ་། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །ཞེས་གསུངས་སོ། །