བུ་སྟོན་ཞབས་ཀྱིས་མཛད་པའི་དུས་འཁོར་ཆོས་འབྱུང་།
༡. དང་པོར་གསུངས་ཚུལ།
上一章
下一章

(༡. དང་པོར་གསུངས་ཚུལ།)

དང་པོ་སངས་རྒྱས་ནས་ཞག་བདུན་ཕྲག་དང་པོ་ལ་དཀྱིལ་ཀྲུངས་མ་བཤིག་པར་བྱང་ཆུབ་ཀྱི་ཤིང་ལ་གཟིགས། གཉིས་པ་ལ་སྟོང་གསུམ་རྒྱང་རིང་དུ་འཆག །གསུམ་པ་ལ་བྱང་ཆུབ་ཀྱི་སྙིང་པོར་སྤྱན་མི་འཛུམས་པར་གཟིགས། བཞི་པ་ལ་ཤར་ནུབ་ཏུ་

11a

༄༅།       །རྒྱང་མི་རིང་བར་འཆག །ལྔ་པ་ལ་ཀླུ་ཏང་ཟུང་གི་གནས་སུ་བཞུགས། དྲུག་པ་ལ་ཤིང་ནྱ་གྲོ་དྷ་ར་སྐྱོང་དུ་བཞུད། བདུན་པ་ལ་ཤིང་གྲོལ་རྒྱུའི་དྲུང་དུ་བཞུགས་ཏེ། ཚོང་པ་ག་གོན་དང་བཟང་པོས་སྦྲང་རྩི་ལ་སོགས་པ་ཕུལ་བ་རྒྱལ་ཆེན་རིགས་བཞིས་ཕུལ་བའི་རྡོའི་ལྷུང་བཟེད་གཅིག་ཏུ་བྱིན་གྱིས་བརླབས་པར་བཞེས་ཏེ། དེ་གཉིས་ཀྱི་བསོད་སྙོམས་ཀྱང་གསོལ་ནས་ཤིས་པ་བརྗོད་དེ་སྦྲང་རྩི་འབྱུང་བ་ཞེས་བྱ་བའི་རྒྱལ་བར་ལུང་བསྟན་ཏོ། །དེ་ནས་སྟོན་པ་ཐུགས་ལས་ཆུང་ངུར་བཞུགས་ཏེ། ཟབ་ཞི་རྡུལ་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩིའི་ཆོས་འདི་བདག་གིས་ཐོབ་པར་གྱུར། །བདག་གིས་བསྟན་ཀྱང་གཞན་གྱིས་མི་ཤེས་ཏེ། །མི་སྨྲ་ནགས་འདབ་གནས་པར་བྱ་བ་སྙམ། །ཞེས་དགོངས་པ་དང་ཚངས་པ་གཙུག་ཕུད་ཅན་གྱིས། ཡེ་ཤེས་ཆེན་པོ་མཆོག་གི་དཀྱིལ་འཁོར་བསྒྲུབས་ནས་ནི། ཕྱོགས་བཅུ་དག་ཏུ་འོད་ཟེར་རྣམ་པར་བཀྱེ་མཛད་དེ། །ཡེ་ཤེས་ཟེར་གྱིས་མི་ཡི་པད་མ་ཁ་འབྱེད་པ། །སྨྲ་བའི་ཉི་མ་དི་རིང་ཅི་སླད་བཏང་སྙོམས་བཞུགས། །ཅེས་པ་ལ་སོགས་པས་བསྐུལ་བས་ཅང་མི་གསུང་བས་གནང་ཞིང་། ཡང་ཐུགས་ལས་ཆུང་བ་ལ་གཞོལ་བས་བརྒྱ་བྱིན་དང་ཚངས་པས་ནན་ཏན་དུ་བསྐུལ་བས་ཞལ་གྱིས་བཞེས་ཏེ། བཱ་ར་ཎ་སིར་བྱོན་པ་དང་ལྔ་སྡེས་འོག་ཁྲིམས་བཅས་པ་རང་ཞིག་ཏུ་གྱུར་ཏེ། འཁོར་ལྔ་སྡེ་བཟང་པོ་དང་ལྷའི་འཁོར་རྣམས་ལ་ཆོས་བདེན་པ་བཞི་ལན་གསུམ་བཟླས་པ་རྣམ་པ་བཅུ་གཉིས་བསྐོར་ཏེ། དགོས་པ་ལྔ་སྡེས་

11b

དགྲ་བཅོམ་པ་ཐོབ་ཅིང་བརྒྱུད་པའི་གདུལ་བྱ་རྣམས་ཀྱི་གང་ཟག་ཏུ་འཛིན་པ་བཟློག་པའོ། །དེ་ནི་བཀའ་དང་པོ་བདེན་པ་བཞིའི་རྣམ་པས་བསྟན་པས་ཆོས་ཀྱི་འཁོར་ལོའོ། །དེ་ནས་གནས་བྱ་རྒོད་ཕུང་པོའི་རི་ལགས་པར་འཁོར་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ལ་ཆོས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ལས་བརྩམས་ཏེ། བསྟན་པ་ནི་བཀའ་བར་པ་སྟོང་པ་ཉིད་སྨོས་པའི་རྣམ་པས་བསྟན་པའི་ཆོས་ཀྱི་འཁོར་ལོའོ། །དེ་ནས་གནས་རི་མ་ལ་ཡ་ལགས་པར་འཁོར་ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་པ་རྣམས་ལ། ཆོས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ལས་བརྩམས་ཏེ་བསྟན་པ་ནི་ལེགས་པ་རྣམ་པར་ཕྱེ་བ་དང་ལྡན་པའི་ཆོས་ཀྱི་འཁོར་ལོའོ། །དེ་ལྟར་འཁོར་ལོ་གསུམ་དུ་གཞག་པ་ནི་ཕྱོགས་གཅིག་ནས་མཚོན་པའམ་གཙོ་ཆེ་བ་ཙམ་ཡིན་གྱིས་རྣམ་པ་ཐམས་ཅད་དུ་དེའི་ངེས་པ་མེད་པར་ཤེས་པར་བྱའོ། །