བུ་སྟོན་ཞབས་ཀྱིས་མཛད་པའི་དུས་འཁོར་ཆོས་འབྱུང་།
༣. གདུལ་བྱའི་སྒོ་ནས་དབྱེ་བ།
上一章
(༣. གདུལ་བྱའི་སྒོ་ནས་དབྱེ་བ།)
གསུམ་པ་ལ་གདུལ་བྱ་དམན་པ་ལ་མོས་པ་ལ་ཉན་ཐོས་ཀྱི་སྡེ་སྣོད་དང་། རྒྱ་ཆེ་བ་ལ་མོས་པ་ལ་ཐེག་པ་ཆེན་པོའི་སྡེ་སྣོད་གཉིས་ཡིན་ལ། ཐེག་ཆེན་ལ་ཡང་དབང་པོ་རྟུལ་པོ་རྒྱུ་ལ་མོས་པས། རྒྱུ་ལམ་དུ་བྱེད་པ་ལ་རྒྱུ་མཚན་ཉིད་ཀྱི་ཐེག་པ་དང་། དབང་པོ་རྣོན་པོ་རྒྱུ་འབྲས་ལྷུན་གྲུབ་ལ་མོས་པ་ལ་འབྲས་བུ་ལམ་དུ་བྱེད་པ་འབྲས་བུ་སྔགས་ཀྱི་ཐེག་པ་གཉིས་ཡིན་ཏེ། མདོ་སྡེ་གདམས་ངག་འབོགས་པའི་རྒྱལ་པོ་ལས། འཇམ་དཔལ་གྱིས། འདྲེན་པའི་ཐེག་པ་གསུམ་པོ་དག །བཅོམ་ལྡན་ངེས་པར་གསུང་ལགས་ན། །རྒྱུ་འབྲས་ལྷུན་གྲུབ་ཏུ་སྤྱོད་ཅིང་། །སངས་རྒྱས་གཞན་ནས་མི་ཚོལ་བའི། །ངེས་པའི་ཐེག་པ་ཅིས་མ་གསུང་ཞེས་ཞུས་པ་དང་། རྒྱུ་ལ་མོས་པ་རྒྱུ་ཆོས་ཀྱི། །འཁོར་ལོ་རབ་ཏུ་བསྐོར་བྱས་ནས། །རྡོ་རྗེ་ཐེག་པ་ཉེ་ལམ་ཞིག །མ་འོངས་དུས་ན་འབྱུང་བར་འགྱུར། །ཞེས་སོ། །