བུ་སྟོན་ཞབས་ཀྱིས་མཛད་པའི་དུས་འཁོར་ཆོས་འབྱུང་།
༣. འདོད་ཆགས་བཞི་ལ་ལྟོས་ནས་རྒྱུད་སྡེ་བཞིར་གྲངས་ངེས་པ།
上一章
下一章

(༣. འདོད་ཆགས་བཞི་ལ་ལྟོས་ནས་རྒྱུད་སྡེ་བཞིར་གྲངས་ངེས་པ།)

གསུམ་པ་ནི། སྤྱིར་གསང་སྔགས་འདོད་ཆགས་ཅན་གྱི་དོན་དུ་གསུངས་ཏེ་སྒྲོན་གསལ་ལས། སྐྱེ་བོ་འདོད་ཆགས་ཅན་དོན་དུ། །ཞེས་པས་སོ། །འདོད་ཆགས་ལ་འདོད་པའི་ཁམས་ན་རིགས་བཞི་སྟེ། མཛོད་ལས་གཉིས་གཉིས་འཁྱུད་དང་ལག་བཅངས་དང་། །དགོད་དང་བལྟས་པས་འཁྲིག་པ་ཡིན། །ཞེས་བཞིར་བཤད་པས། དེ་སྦྱོང་བྱེད་ལ་རྒྱུད་སྡེ་བཞི་སྟེ། གཞན་འཕྲུལ་དབང་བྱེད་པ་བལྟས་པ་ཙམ་གྱིས་ཆགས་པ་ཚིམ་ལ་དེ་སྦྱོང་བྱེད་དུ་བལྟས་པ་ཙམ་གྱིས་བདེ་བ་སྣང་བ་ནི་བྱ་བའི་རྒྱུད་སྟེ། ཆོ་ག་ཞིབ་མོའི་བམ་པོ་ཉེར་བཞི་པར། གཡོན་དུ་ལྷ་མོ་སྒྲོལ་མའོ། །གཡས་སུ་གོས་དཀར་མོ་སྟེ་མེ་ཏོག་སྣ་ཚོགས་ཐོགས་པ་བཅོམ་ལྡན་འདས་ཀྱི་ཞལ་དུ་བལྟ་བ་ཞེས་སོ། །འཕྲུལ་དགའ་བ་དགོད་པ་ཙམ་གྱིས་ཆགས་པ་ཚིམ་པ་བཞིན་དུ། སྤྱོད་

26a

༄༅།        །པའི་རྒྱུད་ལ་ཕན་ཚུན་རྒོད་པ་ཙམ་གྱིས་བདེ་བ་གནང་སྟེ། རྣམ་སྣང་མངོན་བྱང་ལས། དབུ་ལ་འོད་དཔག་མེད་བཞུགས་པ། །བཞིན་ནི་བག་ཙམ་འཛུམ་པར་བྲི་ཞེས་སོ། །དགའ་ལྡན་བ་དང་འཐབ་བྲལ་བ་ལག་པ་བཅངས་ཤིང་འཁྱུད་པ་ཙམ་གྱིས་ཆགས་པ་ཚིམ་པ་བཞིན། ལག་པ་བཅང་པ་ཙམ་གྱི་བདེ་བ་གནང་བ་རྣལ་འབྱོར་གྱི་རྒྱུད་གསུངས་ཏེ། དཔལ་མཆོག་དང་པོ་ལས། དཀྱིལ་འཁོར་གྱི་ནི་ལྷ་རྣམས་ཀུན། །དཔུང་པ་ཡིད་ཙམ་བསྡམས་པར་བཞག །ཅེས་པ་དང་། རྡོ་རྗེ་རྩེ་མོ་ལས། མངོན་འདོད་རིག་མ་སྡུག་གང་ཡིན། །དེ་ལ་རྣལ་འབྱོར་པས་མཆུ་སྦྱིན། །ལག་པས་ཕྱག་རྒྱ་ཆེར་གྱུར་ནས། དཔུང་པ་དམ་དུ་བསྡམ་པར་བྱ། །ཞེས་གསུངས་པས་སོ། །སུམ་ཅུ་རྩ་གསུམ་པ་མན་ཆད་དབང་པོ་གཉིས་སྤྲད་པས་ཆགས་པ་ཚིམ་པ་བཞིན་དུ་དབང་པོ་གཉིས་སྦྱོར་གྱིས་བདེ་བ་སྣང་བ་བླ་མེད་ཀྱི་རྒྱུད་དེ། ཀྱེའི་རྡོ་རྗེ་ལས། བྷོ་ལ་ཀ་ཀོ་ལ་སྦྱོར་བས། །དེ་ཡི་བདེ་བ་ཤེས་པར་འགྱུར། །ཞེས་སོ། །དེ་ལྟར་ཆགས་པ་བཞིའི་གཉེན་པོར་རྒྱུད་སྡེ་བཞི་གསུངས་ཏེ། སམ་པུ་ཊ་ལས། རྒོད་དང་ལྟ་དང་ལག་བཅངས་དང་། །གཉིས་གཉིས་འཁྱུད་དང་རྣམ་པ་བཞི། །སྲིན་བུའི་ཚུལ་གྱིས་རྒྱུད་བཞིར་གནས། །ཅེས་སོ། །