བུ་སྟོན་ཞབས་ཀྱིས་མཛད་པའི་དུས་འཁོར་ཆོས་འབྱུང་།
༣. ཚད་བསྟན་པ།
上一章
下一章

(༣. ཚད་བསྟན་པ།)

གསུམ་པ་ནི། ཡེ་ཤེས་ཀུན་ལས་བཏུས་པའི་རྒྱུད་ལས། རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་མིང་སྟོང་ཕྲག་བཅུ་བཞི་པ་ཞེས་བྱ་སྟེ། རྒྱས་པར་བྱ་བ་གྲངས་མེད་དོ། །གཉིས་ཀའི་རྒྱུད་སྟོང་ཕྲག་དྲུག་གོ། །སྤྱོད་པའི་རྒྱུད་སྟོང་ཕྲག་བརྒྱད་དོ། །བྱ་བའི་རྒྱུད་སྟོང་ཕྲག་བཞིའོ། །རྟོག་པའི་རྒྱུད་སྟོང་ཕྲག་བཞིའོ། །ཞེས་གསུངས་པ་ལ་དེར་རྣལ་འབྱོར་མ་རྒྱུད་ཀྱི་གྲངས་མ་གསུངས་ཤིང་། སྡོམ་བྱུང་ལས། རྣལ་འབྱོར་རྒྱུད་རྣམས་ཀྱི་ནི་ཚད། །བྱེ་བ་ཕྲག་ནི་དྲུག་ཏུ་ངེས། །དེ་བཞིན་རྣལ་འབྱོར་མ་རྒྱུད་གྲངས། །བྱེ་བ་ཕྲག་ནི་བཅུ་དྲུག་གྲངས། །ཞེས་གསུངས་སོ། །རྣལ་འབྱོར་ཆེན་པོ་ཐབས་ཀྱི་རྒྱུད་ལའང་། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། དེ་ལས་གཞན་ཡང་བཤད་བྱ་བ། །

32b

འདོད་ཆགས་ཐབས་ཆེན་པོ་ཡི་རྒྱུད། །གང་གིས་ལེགས་པར་ཤེས་ནས་ནི། །ཚེ་འདིར་དངོས་གྲུབ་སྦྱིན་བར་བཤད། །གསང་བ་འདུས་པ་སྟོང་ཕྲག་གཅིག །རྡོ་རྗེ་ཕྲེང་བ་འབུམ་ཕྲག་གསུམ། །དགོངས་པ་ལུང་སྟོན་སྟོང་ཕྲག་བཞི། །ལྷ་མོ་བཞིས་ཞུས་བརྒྱ་བདུན་བཅུ། །ཨུ་རད་ཏན་ཏྲ་ཉིས་བརྒྱ་བརྒྱད། །དེ་ཡི་ཉེ་བར་བཤད་པའི་རྒྱུད། །དམ་ཚིག་ཆེན་པོ་ལྔ་བཅུ་ལྔ། །རྡོ་རྗེ་ལྔ་འདུས་སྟོང་ཕྲག་གཅིག །ཀུན་ལས་བཏུས་པ་འབུམ་ཕྲག་གཅིག །མཉམ་ཉིད་རྣམ་རྒྱལ་ཉིས་བརྒྱ་ཅུ། །ཟླ་བསང་ཐིག་ལེ་སྟོང་བདུན་བརྒྱ། །རྡོ་རྗེ་ས་འོག་བརྒྱ་ཉི་ཤུ། །ཅོད་པན་རྡོ་རྗེ་བདུན་བརྒྱ་ལྔ། །ཁྲོ་ཟླ་ཐིག་ལེ་འབུམ་ཕྲག་ལྔ། །རྡོ་རྗེ་རྣམ་རྒྱལ་བརྒྱ་དགུ་བརྒྱ། །མཉམ་ཉིད་གསང་བ་སྟོང་ཕྲག་ལྔ། །རྡོ་རྗེ་གངས་རྒྱན་སྟོང་ཕྲག་ལྔ། །རྡོ་རྗེ་གངས་མཛོད་སྟོང་ཕྲག་བདུན། །ནོར་བུ་གངས་ཐིག་འབུམ་ཕྲག་གཅིག །སྣང་མཛད་སྒྱུ་འཕྲུལ་སྟོང་དང་བརྒྱ། །རྡོ་རྗེ་གསང་རྒྱན་སྟོང་ཕྲག་གཅིག །རྡོ་རྗེ་ཐོད་པ་ཉིས་བརྒྱ་བརྒྱད། །དེ་ཉིད་བརྒྱ་སྟོང་བརྒྱ་སྟོང་བདུན། །དམ་ཚིག་མངོན་བརྒྱད་སྟོང་ཕྲག་འབུམ། །འཇམ་དཔལ་དཔའ་བོ་འབུམ་ཕྲག་གཅིག །གསང་ཆེན་བསྡུས་པ་བརྒྱ་ལྔ་བཅུ། །རིན་ཆེན་སྡོང་པོ་དགུ་བརྒྱ་བདུན། །དུས་ཀྱི་ཐིག་ལེ་བརྒྱ་བརྒྱད་ཅུ། །ལྷ་མོ་བསྟན་བཅོས་ལྔ་བརྒྱ་བདུན། །འདི་རྣམས་དགོངས་པའི་བྱེ་བྲག་གིས། །ང་ཡིས་ཡང་དག་བསྟན་པར་བྱ། །འདི་ནི་གཉིས་པོ་འཁྱུད་པ་ཡི། །རྒྱུད་ཀྱི་དབྱེ་བ་བསྟན་པའོ། །དེ་བཞིན་དུ་ནི་ལག་བཅངས་དང་། །དགོད་དང་བལྟས་པར་ཤེས་པར་བྱ་ཞེས་སོ། །དེ་དག་ཀྱང་ཤུ་ལོ་ཀའི་གྲངས་ཚད་ནི་མ་ཡིན་གྱི་རྒྱུད་ཀྱི་མིང་གི་གྲངས་

33a

༄༅།       །ཡིན་པར་ཤེས་པར་བྱའོ། །རྡོ་རྗེ་གུར་ལས། མཁའ་འགྲོ་བདེ་དང་རྒྱ་མཚོ་སྡེ་དང་ནམ་མཁའ་དང་། །གསེར་ཀྱི་ཆར་པ་དང་ནི་དགའ་ཆེན་ཟ་ནུས་དང་། །བདེ་ཆེན་དགེས་པ་དང་ནི་གསང་བ་ཡིད་བདེ་དང་། །རྒྱུད་དེ་རྣམས་ལ་ཕན་པའི་རྡོ་རྗེ་མཁའ་འགྲོ་དང་། །སངས་རྒྱས་ཐམས་ཅད་དགྱེས་པའི་རྡོ་རྗེའི་དཀྱིལ་འཁོར་དང་། །གསང་བའི་མཛོད་དང་རྡོ་རྗེ་བདུད་རྩི་ལས་བྱུང་བ། །འཁོར་ལོ་བདེ་མཆོག་གུར་དང་ཕུན་སུམ་ཚོགས་པ་རྣམས། །རྣལ་འབྱོར་མའི་རྒྱུད་ནི་དྲུག་པར་གྲགས་པ་ཡིན། །ཞེས་གསུངས་སོ། །དེ་དག་ཏུ་ཐམས་ཅད་འདུས་ཤིང་གྲངས་ངེས་པ་ནི་མ་ཡིན་གྱི། གཙོ་ཆེ་བ་ཙམ་སྨོས་པར་ཟད་དོ། །གསུམ་པ་ནི་རྒྱུད་སྡེ་དེ་ཐམས་ཅད་ཀྱང་། ཕྱི་ནང་གཉིས་སུ་འདུས་ཏེ། བྱ་སྤྱོད་རྣལ་འབྱོར་ནི་ཕྱི། རྣལ་འབྱོར་ཆེན་པོ་ནི་ནང་ངོ་། །ཕྱི་ནང་གི་ཁྱད་པར་ནི་རབ་ཏུ་སྒྲོན་གསལ་ལས་བསྐྱེད་རྫོགས་གཉི་ག་སྟོན་པ་ནི་ནང་། བསྐྱེད་རིམ་འབའ་ཞིག་སྟོན་པ་ནི་ཕྱིར་བཤད་དོ། །གཞན་ཡང་ལྷ་དབང་པོ་གཉིས་སྦྱོར་ཡོད་མེད་དང་། ཤ་ལྔ་བདུད་རྩི་ལྔ་བསྟེན་མི་བསྟེན་གྱི་ཕྱི་ནང་དུ་འབྱེད་ཅེས་སོ། །གཞན་ཡང་བུམ་དབང་དངོས་སུ་སྟོན་ལ་གཞན་མཚོན་པ་ཙམ་ལས་མི་སྟོན་པ་ཕྱི་པ། དབང་བཞི་ཚང་བར་སྟོན་པ་ནང་ངོ་། །ཡེ་ཤེས་ཐིག་ལེའི་རྒྱུད་ལས། རྒྱུད་སྡེ་བཞིའི་དབང་གི་རིམ་པ་ནི། ཆུ་ཡི་དབང་བསྐུར་དབུ་རྒྱན་དག །བྱ་བའི་རྒྱུད་ལ་རབ་ཏུ་གྲགས། །རྡོ་རྗེ་དྲིལ་བུ་དེ་བཞིན་མིང་། །སྤྱོད་པའི་རྒྱུད་ལ་རབ་ཏུ་གསལ། །ཕྱིར་མི་ལྡོག་པ་ཡི་ནི་དབང་། །རྣལ་འབྱོར་རྒྱུད་དུ་གསལ་བར་བྱས། །དེ་ནི་དྲུག་གི་བྱེ་བྲག་དབང་། །དེ་ནི་སློབ་དཔོན་དབང་ཞེས་བྱ། །རྣལ་འབྱོར་བླ་མ་ཡི་ནི་མཚན། །གསང་བ་ཡི་ནི་དབང་རྒྱལ་

33b

བཤད། །ཤེས་རབ་ཡེ་ཤེས་བླ་ན་མེད། །བཞི་པ་དེ་ལྟར་དེ་བཞིན་ནོ། །ཅེས་གསུངས་སོ། །སློབ་དཔོན་ཨ་བྷ་ཡས། མན་སྙེར་ཕྱི་དང་གསང་བ་ཐེག་པ་གསུམ་ཞེས་པའི་འགྲེལ་པར་བྱ་སྤྱོད་ཕྱི། རྣལ་འབྱོར་རྣལ་འབྱོར་ཆེན་པོ་གཉིས་གསང་བ་ཞེས་གཉིས་སུ་བཞེད་དོ། །